མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡའི་དབྱི་ཏི་ལེ་པུའུ་ཞིང་ཆེན་ལ་བར་སྣང་འཇབ་རྒོལ་ཐེབས་པར་དོ་སྣང་ཆེན་པོ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས་བཅུ་ཉིན་མགྲིན་ཚབ་པ་བརྒྱུད་དེ་གསལ་བསྒྲགས་སྤེལ་ནས། སི་རི་ཡའི་དབྱི་ཏི་ལེ་པུའུ་ཞིང་ཆེན་གྱི་གྲོང་རྡལ་ཆུང་བ་ཞིན་ཨར་ཏའེ་ནཱ་ལ་ཚེས་བདུན་ཉིན་དང་བརྒྱད་ཉིན་གྱི་དགོང་མོར་བར་སྣང་འཇབ་རྒོལ་ཐེབས་པ་མ་ཟད་མི་སྣ་ཤི་རྨས་བཟོས་པར་དོ་སྣང་ཆེན་པོ་བྱས།

ཀུའུ་ཐི་ལེ་སི་ཡིས་བར་སྣང་འཇབ་རྒོལ་དོན་རྐྱེན་ལ་ཁྱོན་ཡོངས་ནས་རྟོག་ཞིབ་བྱེད་དགོས་པ་དང་། ལྷག་པར་དུ་ཡུལ་དངོས་ཀྱི་མྱུར་སྐྱོབ་མི་སྣར་ཐེངས་གཉིས་པར་འཇབ་རྒོལ་བྱས་པར་འགན་འདྲི་རྟོག་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལེ་སི་ཡིས་བཤད་རྒྱུར། དབྱི་ཏི་ལེ་པུའུ་ཞིང་ཆེན་ནི་འབྲེལ་ཡོད་ཕྱོགས་སོ་སོས་ཨ་སི་ཐ་ནཱའི་གྲོས་ཚོགས་སྟེང་བཀོད་པའི་གྲོས་ཆོད་གཞིར་བཟུང་ནས་བཙུགས་པའི་འཁྲུག་རྩོད་ཞི་འཇགས་ཁུལ་ཡིན་ཟེར། ཁོས་འབྲེལ་ཡོད་ཕྱོགས་སོ་སོས་འབྲེལ་ཡོད་དམ་བཅའ་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ནན་གྱིས་བསྟན་དོན། དབྱི་ཏི་ལེ་པུའུ་ཞིང་ཆེན་དུ་མི་ས་ཡ་གཉིས་དང་འབུམ་གསུམ་ཙམ་ཉེན་ཁར་འཕྲད་ཡོད་ལ། དེའི་ནང་གི་བརྒྱ་ཆའི་དྲུག་ཅུ་ནི་ས་གཞན་ནས་འཁྲུག་རྩོད་ལ་གཡོལ་ཆེད་བྲོས་ཡོང་བའི་མི་སེར་ཡིན་ཟེར། ཁོས་དམག་འཁྲུག་རྒྱག་པའི་ཕྱོགས་སོ་སོས་ཕན་ཚུན་དགྲ་རུ་འཛིན་མྱུར་དུ་འཇོག་དགོས་པའི་འབོད་སྐུལ་བཏང་བ་མ་ཟད། ཁེ་ཕན་དང་འབྲེལ་བའི་ཕྱོགས་ཡོད་ཚད་ཀྱིས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་བཅའ་ཁྲིམས་ལས་གཏན་ལ་ཕབ་པའི་འོས་འགན་བརྩི་སྲུང་བྱེད་དགོས་པ་དང་། མི་སེར་དང་དམངས་སྤྱོད་རྨང་གཞིའི་སྒྲིག་ཆས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཉིས་སྟོང་བཅུ་བདུན་ལོའི་ཟླ་དགུ་པར་བསྡུས་པའི་སི་རི་ཡའི་གནད་དོན་གྱི་ཨ་སི་ཐ་ནཱའི་གྲོས་ཚོགས་སྟེང་། ཨུ་རུ་སི་དང་ཐུར་ཁེ། དབྱི་ལང་བཅས་གྲོས་མཐུན་བྱུང་བ་ལྟར། དབྱི་ཏི་ལེ་པུའུ་ཞིང་ཆེན་སོགས་ནས་དམག་འཁྲུག་ཞི་འཇགས་ཁུལ་བཞི་བཙུགས་པ་མ་ཟད། ཨུ་རུ་སི་དང་ཐུར་ཁེ། དབྱི་ལང་བཅས་རྒྱལ་ཁབ་གསུམ་གྱིས་ལྟ་ཞིབ་པ་མངགས་ནས་དམག་འཁྲུག་མཚམས་འཇོག་པའི་གནས་ཚུལ་ལ་ལྟ་ཞིབ་བྱེད་པའི་འགན་ཁུར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།