ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཉེ་ལམ་འགོ་མཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྤྱི་ཚོགས་ཡིད་རྟོན་མ་ལག་དང་འོས་འཚམ་གྱི་ཚོང་རའི་ལྟ་སྐུལ་དོ་དམ་རྐྱེན་སྲོལ་གསར་བ་འཛུགས་སྐྲུན་བྱེད་པར་བཀོད་སྒྲིག་བྱས་པ་དང་། གྲུ་ཁའི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བསྒྱུར་བྱེད་རྒྱུ་གཏན་ཁེལ་བྱས་ལ། ཕྱི་ཕྱོགས་སྒོ་འབྱེད་སྔར་ལས་རྒྱ་སྐྱེད་པ་དང་། ཕྱིར་གཏོང་ནང་འདྲེན་གྱི་སྣ་མང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བཏོན།

ཚོགས་ཐོག་ནས་བསྟན་དོན། ཡིད་རྟོན་ནི་ཚོང་རའི་གཙོ་གཞིའི་རྟེན་ས་ཡིན། དབང་གཏོང་དོ་དམ་དང་ཞབས་ཞུའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། སྲིད་བསྡུ་དབང་གཏོང་བྱེད་པའི་ཐད་ནས་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། དྲང་གཞག་ལྟ་སྐུལ་ངེས་པར་དུ་ལག་བསྟར་ནན་མོ་བྱེད་དགོས་ལ། དོ་དམ་བཟང་བོ་བྱས་ན་ད་གཟོད་དབང་གཏོང་བཟང་བོ་བྱེད་ཐུབ། ཡིད་རྟོན་ལྟ་སྐུལ་ལ་ཤུགས་སྣོན་རྒྱུ་ནི་རྨང་གཞི་དང་། ཚོང་རའི་མ་ལག་འཐུས་ཚང་དུ་གཏོང་བའི་གནད་འགག་ཡིན་ལ། ལྟ་སྐུལ་དོ་དམ་གྱི་ཕན་ནུས་མཐོར་འདེགས་གཏོང་བ་དང་འདྲ་མཉམ་འགྲན་རྩོད་ལ་སྲུང་སྐྱོབ་བྱེད་ཐུབ། གཅིག་ནས་ཁྲིམས་སྲོལ་ལྟར་དབང་ཟིལ་དང་གཅིག་གྱུར། འཚོལ་ཞིབ་བྱས་ཆོག་པའི་ཚོར་རའི་གཙོ་གཞིའི་ཡོད་རྟོན་ཟིན་ཐོ་འཛུགས་པ་མ་ཟད། ཁྲིམས་ལྟར་མཉམ་མཐུད་མཉམ་སྤྱོད་བྱེད་པ་དང་། མཉམ་སྤྱོད་བྱེད་ཆོག་པའི་ཆ་འཕྲིན་ཚོང་རའི་གཙོ་གཞི་ཡིས་ཡང་བསྐྱར་འདོན་སྤྲོད་བྱེད་མི་རུང་། གཉིས་ནས་ཡིད་རྟོན་ཤོར་བར་མཉམ་འབྲེལ་སྒོས་ཆད་གཅོད་ནན་མོ་བྱེད་དགོས། གསུམ་ནས་མཉམ་འབྲེལ་དྲ་རྒྱ་དང་ལྟ་སྐུལ་དོ་དམ་སྤེལ་བ་དང་། གཞི་གྲངས་ཆེན་པོ་སོགས་ཀྱི་ལག་རྩལ་སྤྱད་དེ་ཡིད་རྟོན་ཤོར་བའི་བྱ་སྤྱོད་སྔ་མོ་ནས་གསལ་འདེབས་བྱེད་པ་དང་སྔ་མོ་ནས་ཆད་གཅོད་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཁེ་ལས་གཙོ་གཞི་རུ་བྱེད་པ་དང་། སྣ་མང་ཅན་གྱི་རྒྱལ་སྤྱིའི་ཚོང་ར་རྒྱ་སྐྱེད་ན། ཕྱི་ཕྱོགས་ཉོ་ཚོང་ཐད་ནས་གཏན་འཇགས་ཁྲོད་སྤུས་ཚད་མཐོར་འདེགས་གཏོང་བ་དང་དཔལ་འབྱོར་བརྟན་བརླིང་ངང་འཁོར་སྐྱོད་བྱེད་པར་ཕན་པ་ཆེན་པོ་ཡོད། རྒྱལ་ཁབ་སྔར་ལས་མང་པོའི་ཚོང་བའི་བར་ཚད་གཞི་མཐོ་བའི་རང་དབང་ཉོ་ཚོང་གྲོས་མཐུན་དང་ཁུལ་ཁོངས་ཉོ་ཚོང་གྲོས་མཐུན་འགོད་དགོས། རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་རྒྱ་སྐྱེད་པར་ཞིབ་འཇུག་བྱེད་དགོས། ཁེ་ལས་ཀྱིས་རྒྱལ་སྤྱིའི་ཚོང་གཉེར་དྲ་རྒྱ་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་ཚོང་རའི་དགོས་མཁོ་དང་མཐུན་པའི་ཐོན་རྫས་ཕྱིར་གཏོང་བར་སྐུལ་འདེད་གཏོང་དགོས། ནང་འདྲེན་ཁ་སྣོན་བྱེད་དགོས། ཕྱིར་གཏོང་ནང་འདྲེན་དོ་མཉམ་གཏན་འཇགས་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།