ནོར་སྲིད་པུའུ་དང་སྡོད་ཁང་འཛུགས་སྐྲུན་པུའུ་ཡིས་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་མ་དངུལ་སྤྱོད་ཚུལ་ཐད་སྒྲིག་སྲོལ་དང་མཐུན་པ་དང་། བདེ་འཇགས་ཡིན་པ། ནུས་པ་ཆེ་བ་བཅས་འགན་ལེན་བྱེད་དགོས་ཞེས་བརྗོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས10ཉིན་གསར་འགོད་པས་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་གསལ་ལྟར་ན། ནོར་སྲིད་པུའུ་དང་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས《གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་མ་དངུལ་བེད་སྤྱོད་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུར་རོགས་རམ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ཡོད། 《བརྡ་ཐོའི》ནང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་སོགས་ཀྱི་གཙོ་གནད་མིའི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ཏེ་མ་དངུལ་བེད་སྤྱོད་ཐད་སྒྲིག་སྲོལ་དང་མཐུན་པ་དང་། བདེ་འཇགས་ཡིན་པ། ནུས་པ་ཆེ་བ་བཅས་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།

གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་མ་དངུལ་གྱི་འགན་ལེན་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱེད་དགོས། གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་དེ་ཀྲུང་དབྱང་དང་ས་གནས་ཀྱི་ཐུན་མོང་ནོར་སྲིད་འགན་དབང་གི་ཁྱབ་ཁོངས་སུ་གཏོགས་པ་དང་ས་གནས་ཀྱིས་བྱེད་པོའི་འགན་འཁྲི་འཁུར་བ་དང་། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)གྱིས་འགན་གཙོ་བོ་འཁུར་བ། གྲོང་ཁྱེར(ས་ཁུལ)དང་རྫོང་གིས་དོན་འཁྱོལ་དམ་འཛིན་བྱེད་པ་བཅས་ཀྱི་འགན་འཁྲི་ཁག་བགོས་བྱེད་སྟངས་ལག་བསྟར་བྱེད་པ་དང་ཀྲུང་དབྱང་གིས་སྤྱི་འདོམས་མཛུབ་ཁྲིད་བྱེད་པ་མ་ཟད། ཁ་གསབ་ཀྱང་སྤྲོད་དགོས།

ཤིན་ཏུ་དབུལ་པོའི་ས་ཁུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་ཞིང་དུད་ཀྱི་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་ཧུར་ཐག་གཏོང་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས“ས་ཁུལ་གསུམ་དང་ཁུལ་གསུམ”སོགས་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་གི་ཁ་གསབ་མ་དངུལ་ལོགས་སུ་བཟོས་ནས་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས། རང་གྲབས་མ་དངུལ་དང་། ལས་ཞུགས་དང་ཨར་ལས་རྒྱུ་ཆ་དཀོན་པ། རང་བསྐྲུན་གྱི་ནུས་པ་མེད་པ་བཅས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་ཞིང་དུད་ལ་ས་གནས་ཁག་གིས་གཞི་རྩའི་སྡོད་ཁང་བདེ་འཇགས་འགན་ལེན་ཡོད་པའི་འགན་འཁྲི་ཏན་ཏིག་འཁུར་དགོས།

རྫོང་དབུལ་པོའི་ཞིང་འབྲེལ་མ་དངུལ་གྱི་བསྡུ་སྒྲིལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱེད་དགོས། འབྲེལ་ཡོད་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)གྱིས་རྫོང་དབུལ་པོར་བགོས་པའི་ཀྲུང་དབྱང་ནོར་སྲིད་ཀྱི་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ཀྱི་ཁ་གསབ་མ་དངུལ་དང་མ་དངུལ་གྱི་འཕར་ཚད་དེ་རྣམ་གྲངས་འདིའི་མ་དངུལ་གྱི་ཆ་སྙོམས་འཕར་ཚད་ལས་མི་དམའ་བ་བྱེད་དགོས་པ་མ་ཟད། ཚང་མར“ཁག་བགོས་གཤམ་སྤྲོད”ཀྱི་བྱེད་ཐབས་སྤྱད་དེ་ཞིབ་ཕྲའི་རྣམ་གྲངས་གཏན་འཁེལ་བྱེད་མི་ཆོག་པའམ་ཡང་ན་དབུལ་སྒྲོལ་འགག་སྒྲོལ་དང་འབྲེལ་བ་མེད་པའི་ལས་འགན་དང་རེ་བ་འདོན་མི་ཆོག

གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་མ་དངུལ་གྱི་ཚད་ལྡན་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས། ས་གནས་ཀྱིས་གཏན་འབེབས་གཞིར་བཟུང་མ་དངུལ་དུས་ཐོག་དང་གྲངས་ཚང་ངང་གཏོང་སྤྲོད་བྱེད་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས་སྔ་སྣུར་ནས་མ་དངུལ་གཤམ་སྤྲོད་བྱས་ཏེ་ཞིང་དུད་དབུལ་པོས་སྔ་སྣུར་ནས་ལས་ཀ་དང་རྒྱུ་ཆ་གྲ་སྒྲིག་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།