ལིས་ཁི་ཆང་གིས་སོ་སོར་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་ཐེངས་བརྒྱད་པར་ཞུགས་པའི་རྒྱལ་ཁབ་བརྒྱད་ཀྱི་ཙུང་ལི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ས་དེའི་དུས་ཚོད་ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན་ཏུའུ་པུའུ་ལོ་ཧྥུའུ་ཉི་ཁི་ནས་སོ་སོར་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་ཐེངས་བརྒྱད་པར་ཞུགས་ཏུ་ཡོང་བའི་ཕོ་ལན་གྱི་ཙུང་ལི་མོ་ལཱ་ཝེ་ཚི་ཅི་དང་ལི་ཐུ་ཝན་གྱི་ཙུང་ལི་སི་ཁི་ཝེར་ན་ལིས་སི། ཨ་སོ་ནི་ཡའི་ཙུང་ལི་ལཱ་ཐ་སི། ཧང་ག་རིའི་ཙུང་ལི་ཨོ་ཨར་པན། མཱ་ཅི་ཏུང་བྱང་མའི་ཙུང་ལི་ཀྲ་ཨེར་ཧྥུའུ། ཧེ་ཧྲན་གྱི་ཙུང་ལི་མཱ་ཨེར་ཁི་ཝེ་ཆི། པོ་ཧེ་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཚི་ཝེ་ཚི་ཏེ་ཆི་དང་རོ་མ་ནི་ཡའི་ཙུང་ལི་ཏིན་ཆི་ལི་བཅས་ལ་མཇལ་འཕྲད་གནང་། 

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་རྒྱལ་ཁབ་བརྒྱད་བར་དཔལ་འབྱོར་དགེ་མཚན་ཁ་གསབ་བྱེད་པ་དང་། མཉམ་ལས་ཀྱི་སྦས་ཤུགས་ཧ་ཅང་ཆེ། ཕྱོགས་གཉིས་ཀྱིས་མཉམ་ལས་ཀྱི་མ་དཔེ་གསར་བ་འཚོལ་ཞིབ་བྱས་ནས། ཕྱོགས་གཉིས་ཀྱི་མཉམ་ལས་ལས་གཞི་རྒྱུན་མཐུད་པར་ཁག་ཐེག་བྱེད་དགོས། ཀྲུང་གོས་རྒྱལ་ཁབ་སོ་སོའི་ཉོ་ཚོང་ལ་འཚམ་པའི་ཐོན་རྫས་སྔར་ལས་མང་པོ་ཀྲུང་གོའི་ཚོང་ར་རུ་བསྐྱོད་པར་དགའ་བསུ་ཞུ་བཞིན་ཡོད་ལ། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་གྲོས་གཞི་དེ་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ཀྱི་འཐབ་ཇུས་དང་སྦྲེལ་མཐུད་བྱེད་འདོད་ཡོད་ཟེར། 

རྒྱལ་ཁབ་བརྒྱད་ཀྱི་ཙུང་ལིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་གྱིས་རྒྱལ་ཁབ་སོ་སོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་བ་དང་། མཉམ་འབྲེལ་མཉམ་མཐུད་ཀྱི་ལས་གཞི་ཐད་སྣེ་ཁྲིད་ཀྱི་ནུས་པ་བཏོན་པ་མ་ཟད། རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན། ཀྲུང་གོའི་བར་ཕྱོགས་གསུམ་པའི་ཚོང་རའི་མཉམ་ལས་སྔར་ལས་བཟང་བོར་སྤེལ་འདོད་ཡོད་ཟེར། 

ཝང་དབྱི་དང་ཧི་ལིས་ཧྥུན་གཉིས་གོང་གི་བྱ་འགུལ་ལ་ཞུགས།

ཉིན་དེའི་ཕྱི་དྲོར། ལིས་ཁི་ཆང་གིས་ཐེངས་འདིའི་ཡོ་རོབ་གླིང་གི་འགྲུལ་བཞུད་བདེ་བླག་ངང་མཇུག་རྫོགས་ནས་ཁི་ལོ་ཏེ་ཡ་ནས་ཕྱིར་རང་རྒྱལ་དུ་ལོག ཕྱིར་ལོག་སྐབས། ཁི་ལོ་ཏེ་ཡའི་ཙུང་ལི་ཕུའུ་ལེན་ཁི་ཝེ་ཆི་ཡིས་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་པུའུ་ལིས་ཆི་སོགས་སྲིད་གཞུང་གི་མཐོ་རིམ་དཔོན་པོ་ཁྲིད་དེ་གནམ་གྲུ་ཐང་དུ་སོང་ནས་སྐྱེལ་མ་བྱས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།