ལིས་ཁི་ཆང་གིས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་བརྒྱད་པར་ཞུགས་པའི་རྒྱལ་ཁབ་དྲུག་གི་ཙུང་ལི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏུའུ་པུའུ་ལོ་ཧྥུའུ་ཉི་ཁི་ནས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་བརྒྱད་པར་ཞུགས་པའི་པུར་ཀ་རི་ཡའི་ཙུང་ལི་པོ་ལིས་སོ་ཧྥུའུ་དང་སེར་ཝེ་ཡའི་ཙུང་ལི་པུའུ་ཨར་ན་པུས་ཆི། སི་ལོ་ཝུན་ཉི་ཡའི་ཙུང་ལི་ཧྲ་ལོས་ཚིས། ཅེ་ཁེའི་ཙུང་ལི་པ་པུས་ཧྲི། སི་ལོ་ཧྥ་ཁིའི་ཙུང་ལི་ཕེ་ལེ་ཀི་ལེ་ཉི།   ཨར་པ་ནི་ཡའི་ཙུང་ལི་ལཱ་མ་སོགས་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་ཁྱོན་ཡོངས་དང་གཏིང་ཟབ་པའི་སྒོ་ནས་ཀྲུང་གོའི་སྒོ་འབྱེད་སྲིད་ཇུས་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དེ་རྒྱལ་ཁབ་དྲུག་གི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་བྱེད་པའི་བྱེད་ཐབས་དང་བསམ་ཕྱོགས་རྒྱས་བཤད་བྱས་བྱས་ཤིང་། རྒྱལ་ཁབ་དྲུག་གི་ཁྱད་ཆོས་ཡོད་པའི་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་རྒྱ་བསྐྱེད་པར་དགའ་བསུ་ཞུས་པ་དང་། རྒྱལ་ཁབ་དྲུག་གིས་ཀྲུང་གོའི་ཐོན་རྫས་ཡོ་རོབ་གླིང་ལ་ཕྱིར་གཏོང་བྱེད་པའི་ཕྱོགས་སུ་ནུས་པ་ཆེན་པོ་འདོན་དགོས་པའི་རེ་བ་བཏོན།

རྒྱལ་ཁབ་དྲུག་གི་ཙུང་ལི་ཡིས་བཤད་རྒྱུར། ཀྲུང་གོའི་ཁེ་ལས་ཁོ་ཚོའི་རྒྱལ་ཁབ་ཏུ་ཡོང་ནས་མ་དངུལ་གཏོང་བ་དང་ལྷག་པར་དུ་ཀྲུང་གོ་ཕྱོགས་དང་མཉམ་དུ་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་ཞིང་ལས། རིག་གནས། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། རྒྱལ་ཁབ་རང་རང་གི་འཕེལ་རྒྱས་འཐབ་ཇུས་དེ་ཀྲུང་གོ་ཕྱོགས་ཀྱི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་འབྲེལ་མཐུད་ཟབ་མོ་བྱེད་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བཅུ་དྲུག་གི་སྤྱི་ཁོག་ནང་གི་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཡོ་རོབ་གླིང་གི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།