ལིས་ཁི་ཆང་གིས་ཁི་ལོ་ཏེ་ཡའི་ཙུང་ལི་དང་གྲོས་མོལ་མཛད།

20190412100956w4gm.jpg

ས་དེའི་དུས་ཚོད་ཚེས་བཅུ་ཉིན་གྱི་སྔ་དྲོར། ལིས་ཁི་ཆང་གིས་ཁི་ལོ་ཏེ་ཡའི་ཙུང་ལི་ཕུའུ་ལེན་ཁི་ཝེ་ཆི་དང་གྲོས་མོལ་མཛད། པར་འདི་ནི་གྲོས་མོལ་མ་བྱས་གོང་ལ། ཁི་ལོ་ཏེ་ཡའི་ཙུང་ལི་ཕུའུ་ལེན་ཁི་ཝེ་ཆི་ཡིས་སཱ་གི་པུའུ་ལི་པུའུ་ཧྲིན་མ་ཁི་ཐང་ཆེན་ནས་དགའ་བསུ་མཛད་སྒོ་བསྡུས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཁི་ལོ་ཏེ་ཡ་རུ་དངོས་གཞི་འཚམས་འདྲི་ཐོག་མ་མཛད་པར་དགའ་བསུ་ཞུ་བཞིན་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་དུས་ཚོད་ཚེས10ཉིན་གྱི་སྔ་དྲོར། ལིས་ཁི་ཆང་གིས་ཁི་ལོ་ཏེ་ཡའི་ཙུང་ལི་ཕུའུ་ལེན་ཁི་ཝེ་ཆི་དང་གྲོས་མོལ་མཛད།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཁི་ལོ་ཏེ་ཡའི་མཛའ་བརྩེའི་འགྲོ་འོང་གི་རྒྱུན་ཧ་ཅང་རིང་བ་དང་། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པའི་ཚུན་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་སོང་ལ། ང་ཚོས་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དང་ཁི་ལོ་ཏེ་ཡའི་འཕེལ་རྒྱས་འཐབ་ཇུས་གཉིས་སྦྲེལ་མཐུད་བྱེད་པ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་གཞི་ཁྱོན་རྒྱ་སྐྱེད་པ། ཕྱོགས་གཉིས་ཕན་ཚུན་བར་གྱི་དངུལ་གཏོང་ཆུ་ཚད་མཐོར་འདེགས་གཏོང་བ། ཀྲུང་གོའི་ཚོང་རའི་དགོས་མཁོ་དང་མཐུན་པའི་ཁི་ལོ་ཏེ་ཡའི་ཁྱད་ལྡན་ཐོན་རྫས་ནང་འདྲེན་བྱེད་ཚད་རྒྱ་སྐྱེད་པ། ཀྲུང་གོའི་ཁེ་ལས་ཚོང་རའི་རྩ་དོན་ལྟར་ཁི་ལོ་ཏེ་ཡའི་གྲུ་ཁ་དང་ལྕགས་ལམ་སོགས་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་པར་རྒྱབ་སྐྱོར་བྱས་ནས། རིག་གནས་དང་གནས་སྐོར་སོགས་མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་གཏོང་འདོད་ཡོད། སང་ཉིན་ངས་ཙུང་ཐུང་སྐུ་ཞབས་དང་མཉམ་དུ་ཕེ་ལེ་ཧྲ་ཚི་ཟམ་ཆེན་ལས་གཞི་ལ་ལྟ་ཞིབ་བྱེད་རྒྱུ་ཡིན་པ་དང་། ལས་གཞི་དེས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཚད་གཞི་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཐེབས་རྩ་བཀོལ་སྤྱོད་བྱས་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་སུས་འཇོན་དེ་འགུག་གི་རྣམ་པ་བརྒྱུད་དེ་འཛུགས་སྐྲུན་བྱེད་པའི་འགན་ཁུར་ཡོད་ལ། དེ་ནི་ཀྲུང་གོ་དང་ཁི་ལོ་ཏེ་ཡ། ཡོ་རོབ་གླིང་ཕྱོགས་གསུམ་གྱི་མཉམ་ལས་ཀྱི་དཔེ་མཚོན་ཡིན་པ་མ་ཟད། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་ཡོད་ཟེར།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ཀྱིས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་འབྲེལ་བར་ཤུགས་སྣོན་པ་དང་། ཡོ་རོབ་གླིང་གི་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁི་ལོ་ཏེ་ཡས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་ཐད་བྱ་བ་མང་པོ་སྒྲུབ་པར་བསྔགས་བརྗོད་བྱེད་ཀྱིན་ཡོད་ལ། ཁི་ལོ་ཏེ་ཡ་ཕྱོགས་དང་མཉམ་དུ་འབད་འཐབ་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་ཐེངས་བརྒྱད་པ་བཟང་བོ་བསྒྲུབ་འདོད་ཡོད་ཟེར།

ཕུའུ་ལེན་ཁི་ཝེ་ཆི་ཡིས་བསྟན་དོན། ཙུང་ལི་ལིས་ཁི་ཆང་གིས་ཁི་ལོ་ཏེ་ཡ་རུ་འཚམས་འདྲི་བྱས་པར་དགའ་བསུ་བྱེད་ཀྱིན་ཡོད་པ་དང་། དེ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ཉེར་བདུན་ལོན་པའི་ཚུན་དུ་ཀྲུང་གོའི་ཙུང་ལི་ཡིས་ཐེངས་དང་པོར་ཁི་ལོ་ཏེ་ཡ་ལ་འཚམས་འདྲི་བྱས་པ་ཡིན། ཁི་ལོ་ཏེ་ཡ་ཕྱོགས་ཀྱིས་ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་རྒྱུས་ལོན་ལ་ཤུགས་སྣོན་པ་དང་། ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་མཉམ་དུ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དངུལ་གཏོང་དང་གནས་སྐོར། སྤུས་ཚུད་ལྟ་ཞིབ། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆ་མང་པོ་འགོད་པར་བདེན་དཔང་བྱས་པ་དང་། མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས་པ་མ་ཟད། ཕྱོགས་གཉིས་ཀྱིས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་མཉམ་འབྲེལ་གསལ་སྒྲོག་སྤེལ།

གྲོས་མོལ་མ་བྱས་གོང་ལ། ཁི་ལོ་ཏེ་ཡའི་ཙུང་ལི་ཕུའུ་ལེན་ཁི་ཝེ་ཆི་ཡིས་སཱ་གི་པུའུ་ལི་པུའུ་ཧྲིན་མ་ཁི་ཐང་ཆེན་ནས་དགའ་བསུ་མཛད་སྒོ་བསྡུས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཁི་ལོ་ཏེ་ཡ་རུ་དངོས་གཞི་འཚམས་འདྲི་ཐོག་མ་མཛད་པར་དགའ་བསུ་ཞུས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།