ཞི་ཅིན་ཕིང་གིས་ཁེན་ནི་ཡའི་ཙུང་ཐུང་ཁིན་ཡ་ཐ་དང་ཡོ་ནན་གྱི་ཙུང་ལི་རོན་ཁྲུན་ཧྥུའུ། ལའོ་ཝུའོ་ཡི་ཙུང་ལི་ཐུང་ལུན་བཅས་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཟླ11པའི་ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧེ་གྲོང་ཁྱེར་ནས་ཁེན་ནི་ཡའི་ཙུང་ཐུང་ཁིན་ཡ་ཐ་དང་ཡོ་ནན་གྱི་ཙུང་ལི་རོན་ཁྲུན་ཧྥུའུ། ལའོ་ཝུའོ་ཡི་ཙུང་ལི་ཐུང་ལུན་བཅས་ལ་མཇལ་འཕྲད་གནང་།

ཁིན་ཡ་ཐ་ལ་མཇལ་འཕྲད་གནང་སྐབས་ཞི་ཅིན་ཕིང་གིས་གསུངས་རྒྱུར། ད་ལོའི་ཟླ་དགུ་བར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་ཚོགས་པའི་སྐབས་སུ། བདག་དང་ཙུང་ཐུང་ཁིན་མ་ཡ་གཉིས་ཀྱིས་ཀྲུང་གོ་དང་ཁེན་ནི་ཡའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་གང་མང་བྱུང་། ཕྱོགས་གཉིས་ཀྱིས་པེ་ཅིན་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་དངོས་འབེབས་བྱེད་པ་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་གོ་སྐབས་སུ་བཟུང་སྟེ། ཀྲུང་གོ་དང་ཁེན་ནི་ཡའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་ཀྱིས་མཐོ་རིམ་འགོ་ཁྲིད་པའི་བར་གྱི་འགྲོ་འོང་སྲུང་འཛིན་བྱེད་པ་དང་ཁྱབ་ཁོངས་སོ་སོའི་འགྲོ་འོང་མཉམ་ལས་རྒྱ་བསྐྱེད་དགོས་ལ། རྒྱལ་སྐྱོང་སྲིད་འཛིན་དང་འཕེལ་རྒྱས་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་པ་དང་། ཕྱོགས་གཉིས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་ནས་མུ་མཐུད་དུ་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁེན་ནི་ཡ་ཕྱོགས་དང་མཉམ་དུ་ཞིབ་འཇུག་བྱ་བ་བཟང་བོར་བསྒྲུབ་འདོད་ཡོད་པ་དང་། ཁེན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱིས་ཁེན་ནི་ཡ་ནས་བདག་གཉེར་བྱེད་པར་ཁོར་ཡུག་ལེགས་པོ་ཞིག་འདོན་སྤྲོད་བྱེད་དགོས། ཕྱོགས་གཉིས་ཀྱིས་རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཐད་ནས་འབྲེལ་འདྲིས་དང་གཞོགས་འདེགས་དམ་པོ་བྱས་ཏེ། ཕྱོགས་མང་མ་ལག་དང་སྒྲིག་ལམ་མཉམ་སྲུང་བྱེད་དགོས་ཟེར།

རོན་ཁྲུན་ཧྥུའུ་ལ་མཇལ་འཕྲད་གནང་སྐབས་ཞི་ཅིན་ཕིང་གིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོ་དང་ཡོ་ནན་བར་དུ་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་བཅུ་ལོན་པའི་ལོ་ཡིན་ལ། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀ་བཅོས་སྒྱུར་འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་སུ་གནས་ཡོད་པས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གཞིར་བཟུང་སྟེ་མ་འོངས་གསར་གཏོད་དང་བབ་བསྟུན་མདུན་སྐྱོད་བྱས་ནས། ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་ནས་རྣམ་པ་གསར་བ་གསར་སྐྲུན་བྱེད་པ་དང་མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་དུ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ཇུས་འགོད་བཟང་བོ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སྔར་ལས་མང་པོའི་ཀྲུང་གོའི་ཁེ་ལས་ཡོ་ནན་ལ་སོང་སྟེ་ལས་གཞིའི་མཉམ་ལས་ཁྲོད་དུ་ཞུགས་པར་སྐུལ་འདེད་གཏོང་བ་དང་མཉམ་སྦྲེལ་མཉམ་མཐུད་ལ་ཤུགས་སྣོན་འདོད་ཡོད། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། མཚོ་ཐོག་གི་ཞི་བདེ་བརྟན་འཇགས་སྲུང་སྐྱོབ་བྱེད་པ་དང་མཚོ་ཐོག་གི་མཉམ་ལས་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཐུང་ལུན་ལ་མཇལ་འཕྲད་གནང་སྐབས་ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་ལའོ་ཝུའོ་འབྲེལ་བ་དེ་མིག་སྔར་ལོ་རྒྱུས་ཀྱི་ཆེས་བཟང་བའི་དུས་སྐབས་སུ་གནས་ཡོད་པ་དང་། བདག་དང་སྤྱི་ཁྱབ་ཧྲུའུ་ཅི་པིན་ཡང་གཉིས་ཀྱིས་ལོ་ཕྱེད་ནང་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་བྱས་ཏེ། ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་ཀྲུང་གོ་དང་ལའོ་ཝུའོ་བར་དུ་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པའི་ཐད་ལ་ཐུན་མོང་གི་ལྟ་ཚུལ་གང་མང་བཏོན་པར་མ་ཟད། ཕྱོགས་གཉིས་ཀྱི་འབྲེལ་བའི་ཡུན་རིང་འཕེལ་རྒྱས་ཐད་ལ་ཁ་ཕྱོགས་གསལ་བོར་བསྟན་པ་དང་ཕྱོགས་གཉིས་ཀྱིས་འཚམས་འདྲིའི་གྲུབ་འབྲས་དངོས་འབེབས་བཟང་བོ་བྱེད་དགོས་ཟེར།


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།