ལིས་ཁི་ཆང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་དང་གྲོས་མོལ་མཛད།

20181103210128fAeU.jpg

ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞི་འཚམས་འདྲི་བྱེད་པར་ཡོང་བའི་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན.ཧྭན་དང་གྲོས་མོལ་མཛད། གྲོས་མོལ་སྔོན་དུ། ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མའི་ནང་མཛད་སྒོ་བསྡུས་ཏེ། ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན.ཧྭན་གྱིས་རང་རྒྱལ་ལ་དངོས་གཞི་འཚམས་འདྲི་བྱས་པར་དགའ་བསུ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞི་འཚམས་འདྲི་བྱེད་པར་ཡོང་བའི་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན.ཧྭན་དང་གྲོས་མོལ་མཛད།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཕ་ཁི་སི་ཐན་ནི་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་ཧ་ཅང་ཟབ། ཀྲུང་གོ་དང་ཕ་ཁི་སི་ཐན་གཉིས་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོ་ཡིན་པའི་ཆ་ནས། ཆབ་སྲིད་ཡིད་རྟོན་མཐོན་པོ་ཡོད་པ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་དམ་ཟབ་ཡིན་ལ། ཕྱོགས་གཉིས་ཀྱི་ཁེ་ཕན་གཙོ་བོ་དང་འབྲེལ་བའི་གནད་དོན་སྟེང་ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ལི་དང་མཇལ་འཕྲད་གནང་ནས། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་འབྲེལ་བ་ཇེ་བཟང་དུ་གཏོང་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ ནམ་ཡང་ཀྲུང་གོའི་ཕྱི་འབྲེལ་གྱི་སྔོན་འགྲོའི་འཐབ་ཇུས་ཁ་ཕྱོགས་སུ་བརྩི་བཞིན་ཡོད། ཐེངས་འདིའི་འཚམས་འདྲི་སྐབས་སུ། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། ཕྱི་ཕྱོགས་ལ་ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་འབྲེལ་བ་སྔར་ལས་བཟང་བ་དང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་བརྡ་རྟགས་གལ་ཆེན་གཏོང་རྒྱུ་ཡིན་ཟེར།

 ལིས་ཁི་ཆང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཕ་ཁི་སི་ཐན་གཉིས་ཀྱིས་མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པར་དམིགས་ནས་སྤེལ་བའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གྲུབ་འབྲས་བཟང་བོ་བླངས། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱིས་ལག་བསྟར་བྱས་པའི་ལས་གཞི་ནི་རྩོད་སྒྲུབ་གང་ལེགས་བྱས་པ་དང་། ཚོང་ལས་ཀྱི་རྩ་དོན་དང་མཐུན་པ། དཔལ་འབྱོར་གྱི་ཁེ་འབབ་ཡོད་པའི་ལས་གཞི་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཡོངས་བསྒྲགས་དང་ཁ་གསལ་བའི་རྩ་དོན་ལྟར། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་རྒྱུན་མཐུད་ངང་འཛུགས་སྐྲུན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད། ཀྲུང་གོས་ཕ་ཁི་སི་ཐན་གྱིས་བར་ཁྱམས་འཛུགས་སྐྲུན་དང་ཀྲུང་གོའི་ལས་ཁུངས་ཀྱི་མི་སྣའི་བདེ་འཇགས་ཀྱི་སྲུང་སྐྱོབ་ཐད་ཤུགས་བཏོན་པར་བསྔགས་བརྗོད་བྱེད་ཀྱིན་ཡོད་པ་དང་། ཕ་ཁི་སི་ཐན་ཕྱོགས་ཀྱིས་མུ་མཐུད་དུ་སྔར་ལས་འབད་འཐབ་བྱེད་པར་རེ་བ་བཅངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་གྱི་སྤུས་ལེགས་ཐོན་རྫས་ནང་འདྲེན་དང་ཚོང་རར་འཇུག་ཚད་རྒྱ་སྐྱེད་པ་དང་། ཕ་ཁི་སི་ཐན་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ང་ཚོས་གཏན་འཇགས་འཕེལ་རྒྱས་ཀྱི་ཕ་ཁི་སི་ཐན་ཞིག་མཐོང་འདོད་ཡོད་པ་དང་། ཕ་ཁི་སི་ཐན་ལ་རང་ནུས་ཅི་ལྕོགས་ཀྱིས་རོགས་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་ཟེར།

དབྱི་མུའུ་ལན.ཧྭན་གྱིས་བསྟན་དོན། མིག་སྔར་ཕ་ཁི་སི་ཐན་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པ་དང་། ཕ་ཁི་སི་ཐན་གྱིས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་དེ་འཕེལ་རྒྱས་གོ་སྐབས་གལ་ཆེན་དུ་བརྩིས་ནས། མུ་མཐུད་དུ་བློ་བརྟན་འགྱུར་མེད་ཀྱིས་བར་ཁྱམས་འཛུགས་སྐྲུན་སྤེལ་བ་མ་ཟད། ཤུགས་ཡོད་ཀྱི་བདེ་འཇགས་བྱེད་ཐབས་སྤྱོད་རྒྱུ་ཡིན། ཕ་ཁི་སི་ཐན་ནི་ཀྲུང་གོའི་ནམ་ཡང་ཡིད་རྟོན་བྱེད་ཆོག་པའི་གྲོགས་པོ་ཡིན་པ་དང་། མུ་མཐུད་དུ་ཀྲུང་གོ་ཕྱོགས་དང་ལངས་ཕྱོགས་གཅིག་པ་བྱེད་རྒྱུ་ཡིན། ཕ་ཁི་སི་ཐན་གྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་སློབ་སྦྱོང་བྱས་ནས། ཕྱོགས་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཕ་ཁི་སི་ཐན་དང་ཀྲུང་གོའི་འབྲེལ་བ་རྒྱུན་མ་ཆད་པར་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

གྲོས་མོལ་རྗེས་སུ། ལིས་ཁི་ཆང་དང་དབྱི་མུའུ་ལན.ཧྭན་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་གྲོས་མཐུན་འགོད་པར་བདེན་དཔང་བྱས། ཝང་དབྱི་དང་ཧྭི་ལིས་ཧྥུན་གཉིས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

གྲོས་མོལ་སྔོན་དུ། ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མའི་ནང་མཛད་སྒོ་བསྡུས་ཏེ། ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན.ཧྭན་གྱིས་རང་རྒྱལ་ལ་དངོས་གཞི་འཚམས་འདྲི་བྱས་པར་དགའ་བསུ་ཞུས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།