ལིས་ཀྲན་ཧྲུའུ་ཡིས་ཨན་ཀོ་ལའི་ཙུང་ཐུང་ལོ་ལུན་སོ་ལ་མཇལ་འཕྲད་གནང་།

20181010092854IHB.jpg

ཚེས་དགུའི་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨན་ཀོ་ལའི་ཙུང་ཐུང་ལོ་ལུན་སོ་ལ་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་དགུའི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨན་ཀོ་ལའི་ཙུང་ཐུང་ལོ་ལུན་སོ་ལ་མཇལ་འཕྲད་གནང་། 

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཨན་ཀོ་ལའི་བར་ལ་འབྲེལ་བ་བཙུགས་ནས་ལོ་ངོ་སོ་ལྔ་ལོན་པའི་ལོ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་གནང་བཞིན་ཡོད་པ་དང་། སྐུ་ཞབས་ཙུང་ཐུང་ལགས་ཀྱི་ཐེངས་འདིའི་འཚམས་འདྲི་བརྒྱུད་ནས་ཀྲུང་གོ་དང་ཨན་ཀོ་ལའི་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་སྐྱོད་པར་ཡིད་ཆེས་ཀྱིས་ཁེངས་ཡོད། ཀྲུང་གོ་དང་ཨན་ཀོ་ལ་རྒྱལ་ཁབ་གཉིས་ལ་ཐུན་མོང་གི་ལངས་ཕྱོགས་དང་ཐུན་མོང་གི་ཁེ་ཕན། ཐུན་མོང་གི་འོས་འགན་མང་པོ་ཡོད། རྒྱལ་ཁབ་གཉིས་ཀ་ཐོག་མཐའ་བར་གསུམ་དུ་མཛའ་མཐུན་དང་འདྲ་མཉམ་གཉིས་ཕན། ཕན་ཚུན་རྒྱབ་སྐྱོར། མཉམ་དུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་ཁྱད་སྟོབས་ཁ་གསབ་བྱེད་པ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱེད་པ། དངོས་གཉེར་མཉམ་ལས་རྒྱ་སྐྱེད་པ། རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བཅས་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིན་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་པ་དང་སྔར་ལས་ལེགས་པའི་ཕན་ཁེ་ཐོབ་པར་ཡར་སྐུལ་གཏོང་དགོས། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ཨན་ཀོ་ལ་རྒྱལ་དམངས་གྲོས་ཁང་བར་གྱི་མཛའ་མཐུན་འགྲོ་འོང་སྔར་ལས་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་གལ་ཆེན་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

ལོ་ལུན་སོ་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གདེང་འཇོག་བྱས་པར་ཕྱོགས་ཡོངས་ནས་འཐད་པ་ཡིན་ལ། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་མ་འོངས་པར་རེ་ལྟོས་དང་ཡིད་ཆེས་ཀྱིས་ཁེངས་ཡོད། ཨ་ཀོ་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཨན་ཀོ་ལའི་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་ལ་སྒེར་སེམས་མེད་པར་རོགས་རམ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་པ་དང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཟེར།

 ཚའོ་ཅན་མེན་མཇལ་འཕྲད་ལ་ཞུགས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།