ལིས་ཁི་ཆང་གིས་འགོ་འཛིན་མཛད་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས8ཉིན་འགོ་འཛིན་མཛད་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཕྱིར་གཏོང་ཁྲལ་དངུལ་ཕྱིར་སློག་པའི་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ་ཁྲལ་དངུལ་ཕྱིར་སློག་པའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བའི་བྱེད་ཐབས་གཏན་ཁེལ་བྱས་ནས། ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུ་དང་། ཕྱི་ཕྱོགས་ཉོ་འཚོང་གཏན་འཇགས་སྒོས་འཕར་སྣོན་འབྱུང་བ་སྲུང་འཛིན་བྱེད་རྒྱུ་མ་ཟད། སྡོད་ཁང་སྐྱོ་བོའི་སྒྱུར་བཀོད་བྱ་བ་སྤེལ་བར་བཀོད་སྒྲིག་བྱས་ནས། སྡོད་ཁང་ཐད་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་གནས་ཆ་རྐྱེན་སྔར་ལས་ཇེ་ལེགས་སུ་གཏོང་རྒྱུ་ཐག་བཅད།

གྲོས་ཚོགས་ནས་བསྟན་དོན། ཕྱིར་གཏོང་ཁྲལ་དངུལ་ཕྱིར་སློག་པ་ནི། འཛམ་གླིང་ཉོ་འཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་མཐུན། ཕྱིར་གཏོང་ཁྲལ་དངུལ་ཕྱིར་སློག་པའི་སྲིད་ཇུས་སྔར་ལས་འཐུས་ཚང་དུ་བཏང་ནས། ཕྱིར་གཏོང་ཁྲུལ་དངུལ་ཕྱིར་སློག་པའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་ན། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟང་སྤེལ་བྱེད་པ་དང་། དངོས་ཕུང་དཔལ་འབྱོར་གྱི་མ་རྩ་ཇེ་དམའ་རུ་གཏོང་བར་ཕན་པར་མ་ཟད། དེང་སྐབས་ཀྱི་རྙོག་འཛིང་གི་རྒྱལ་སྤྱིའི་གནས་བབ་ལ་ཁ་གཏད་འཇལ་བ་དང་། ཕྱི་ཕྱོགས་ཉོ་འཚོང་གཏན་འཇགས་སྒོས་འཕར་སྣོན་འབྱུང་བར་བྱེད་པར་ཡང་ཕན་པ་ཡོད་ཟེར། གྲོས་ཚོགས་ནས་ཐག་བཅད་པ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ནས་བཟུང་། སྒྲིག་གཞི་ལེགས་སྒྲིག་གི་རྩ་དོན་ལྟར། རྒྱལ་སྤྱིའི་སྤྱི་སྤྱོད་བྱེད་ཐབས་གཞིར་བཟུང་ནས། ད་ལྟ་ལག་བསྟར་བྱེད་བཞིན་པའི་དངོས་ཟོག་ཕྱིར་གཏོང་གི་ཁྲལ་དངུལ་ཕྱིར་སློག་ཚད་བརྒྱ་ཆའི་བཅོ་ལྔ་ཡིན་པ་རྣམས་དང་བརྒྱ་ཆའི་བཅུ་གསུམ་ཡིན་པ་ཁ་ཤས་བརྒྱ་ཆའི་བཅུ་དྲུག་ལ་ཇེ་མཐོར་གཏོང་རྒྱུ་ཡིན་པ་དང་། བརྒྱ་ཆའི་དགུ་ཡིན་པ་རྣམས་བརྒྱ་ཆའི་བཅུ་ལ་ཇེ་མཐོར་གཏོང་རྒྱུ་དང་ལ་ལ་བརྒྱ་ཆའི་བཅུ་གསུམ་ལ་ཇེ་མཐོར་གཏོང་རྒྱུ་རེད། བརྒྱ་ཆའི་ལྔ་ཡིན་པ་རྣམས་བརྒྱ་ཆའི་དྲུག་ལ་ཇེ་མཐོར་གཏོང་རྒྱུ་དང་ལ་ལ་བརྒྱ་ཆའི་བཅུ་ལ་ཇེ་མཐོར་གཏོང་རྒྱུ་རེད། ནུས་གྲོན་མཐོ་བ་དང་སྦགས་བཙོག་ཆེ་ལ། ཐོན་ཁུངས་རང་བཞིན་གྱི་ཐོན་རྫས་དང་ཐོན་ནུས་འདོར་བའི་ལས་འགན་ལ་འཕྲད་པ་སོགས་ཀྱི་ཐོན་རྫས་ཀྱི་ཕྱིར་གཏོང་ཁྲལ་དངུལ་ཕྱིར་སློག་ཚད་དེ་སྔོན་ཆད་ལྟར་འགྱུར་རྒྱུ་མ་རེད། དཔྱ་ཁྲལ་བསྡུ་ལུགས་སྔར་ལས་སྟབས་བདེར་བཏང་ནས། དཔྱ་ཁྲལ་ཕྱིར་སློག་ཚད་དེ་སྔོན་ཆད་ཀྱི་རིམ་པ་བདུན་པ་ནས་རིམ་པ་ལྔ་བར་ཇེ་དམའ་རུ་གཏོང་རྒྱུ་རེད། གྲོས་ཚོགས་ནས་དེ་དང་མཉམ་དུ། ཁྲལ་དངུལ་ཕྱིར་སློག་པའི་མྱུར་ཚད་སྔར་ལས་ཇེ་མགྱོགས་སུ་བཏང་ནས། ཡིད་རྟོན་གྱི་ཚད་མཐོ་བ་དང་། ཁྲལ་འཇལ་བ་བཟང་བའི་ཕྱིར་གཏོང་ཁེ་ལས་དག་ལ་འགྲོ་ལུགས་སྟབས་བདེར་གཏོང་བ་དང་། ཁྲལ་ཕྱིར་སློག་པའི་དུས་ཚོད་ཇེ་ཐུང་དུ་གཏོང་རྒྱུ་དང་། ཤོག་བུ་མི་བཀོལ་བའི་ཁྲལ་དངུལ་ཕྱིར་སློག་གི་ཞུ་འབུལ་ཡོངས་སུ་ལག་བསྟར་བྱས་ནས། ཁྲལ་དངུལ་ཕྱིར་སློག་པའི་ཞིབ་བཤེར་ཕན་འབྲས་ཇེ་མཐོར་གཏོང་རྒྱུ། ཁྲལ་དངུལ་ཕྱིར་སློག་པའི་ཞབས་ཞུ་ཇེ་ལེགས་སུ་གཏོང་རྒྱུ། ཕྱི་ཕྱོགས་ཉོ་འཚོང་གི་ཕྱོགས་བསྡུས་ཞབས་ཞུའི་ཁེ་ལས་ཀྱིས་ཁེ་ལས་འབྲིང་ཆུང་ལ་ཁྲལ་དངུལ་ཕྱིར་སློག་པའི་ཞབས་ཞུ་ཚབ་སྒྲུབ་བྱེད་པར་སྐུལ་མ་གཏོང་རྒྱུ། ཕྱིར་གཏོང་ཁྲལ་དངུལ་ཕྱིར་སློག་པར་མགོ་སྐོར་གཏོང་བའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་རྒོལ་རྡུང་བྱེད་རྒྱུ་བཅས་ཐག་གིས་བཅད། གོང་གི་བྱེད་ཐབས་དེ་དག་བརྒྱུད་ནས། ད་ལོའི་ལོ་མཇུག་གི་སྔོན་ལ་ཁྲལ་དངུལ་ཕྱིར་སློག་པའི་ཆ་སྙོམས་དུས་ཚོད་དེ་མིག་སྔའི་བྱ་བ་སྒྲུབ་པའི་ཉིན་མོ་བཅུ་གསུམ་ནས་ཉིན་མོ་བཅུ་ལ་ཇེ་ཐུང་དུ་གཏོང་རྒྱུ་རེད།

གྲོས་ཚོགས་ནས་བསྟན་དོན། སྡོད་ཁང་སྐྱོ་བོའི་སྒྱུར་བཀོད་ནི་དམངས་ཚིས་ཀྱི་བཟོ་སྐྲུན་གལ་ཆེན་ཞིག་ཡིན་ལ། འཕེལ་རྒྱས་ཀྱི་བཟོ་སྐྲུན་ཡང་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། ཉེ་བའི་ལོ་འགའི་རིང་ལ་ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་སྡོད་ཁང་སྐྱོ་བོའི་སྒྱུར་བཀོད་བྱ་བ་ཧུར་ཐག་གིས་བསྒྲུབས་ནས།བསྡོམས་པས་སྡོད་ཁང་སྐྱོ་བོར་སྡོད་པའི་མང་ཚོགས་དུང་ཕྱུར་གཅིག་ལྷག་སྡོད་ཁང་སྐྱོ་བོ་ནས་ཐོག་ཁང་དུ་སྤར་ལ།ད་ལོའི་ཟླ་དང་པོ་ནས་ཟླ་དགུ་པའི་བར་རྒྱལ་ཡོངས་སུ་སྡོད་ཁང་སྐྱོ་བོ་ས་ཡ་ལྔ་དང་འབུམ་གསུམ་ཁྲི་བཞི་སྒྱུར་བཀོད་བྱས་པ་དང་། ལོ་ཧྲིལ་པོའི་ལས་འགན་གྱི་བརྒྱ་ཆའི་གོ་གཉིས་ཡན་ཟིན་ཡོད། རྗེས་ཕྱོགས་སུ་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ནས། སྡོད་ཁང་གི་ངོ་བོ་སྔར་ལས་བཟང་པོར་མངོན་མཚོན་བྱེད་དགོས་ཏེ། གཅིག་ནས་ད་ལོའི་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་གཏན་ཁེལ་བྱས་པའི་ལོ་གསུམ་གྱི་སྡོད་ཁང་སྐྱོ་བོའི་སྒྱུར་བཀོད་འཆར་གཞི་ལྟར། ས་ཁུལ་སོ་སོས་ལས་གཞི་ལག་བསྟར་གྱི་མགྱོགས་ཚད་ལ་ལྟ་སྐུལ་བྱེད་པ་དང་། ཆ་སྡེབས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ། བཟོ་སྐྲུན་གྱི་རྒྱུ་སྤུས་དང་བདེ་འཇགས་ལ་ལྟ་སྐུལ་དོ་དམ་ནན་མོ་བྱེད་པ་དང་། བགོ་བཤའ་འདྲ་མཉམ་ཡོང་བར་ཁག་ཐེག་བྱས་ནས། ལོ་ཧྲིལ་པོའི་སྡོད་ཁང་སྐྱོ་བོ་སྒྱུར་བཀོད་ཀྱི་ལས་འགན་དུས་ལྟར་ཡོངས་འགྲུབ་བྱེད་དགོས། གཉིས་ནས་སྡོད་ཁང་སྐྱོ་བོ་སྒྱུར་བཀོད་ཀྱི་ཁྱབ་ཁོངས་དང་ཚད་གཞི་སྔར་ལས་གཟབ་ནན་དུ་བཏང་ནས། མཁར་གྲོང་རྙིང་པའི་བཙོག་ཟིང་ཞན་གསུམ་གྱི་སྡོད་ཁང་སྐྱོ་བོ་དང་རྒྱལ་དབང་བཟོ་གཏེར་ཁུལ། ནགས་ཁུལ་སོགས་སྒྱུར་བཀོད་ཀྱི་གཙོ་གནད་དུ་འཛིན་དགོས། གསུམ་ནས་ས་ཁུལ་སོ་སོས་ནོར་སྲིད་ཀྱི་ཐེག་ཤུགས་ལ་དཔྱད་ཞིབ་ནན་མོ་བྱས་ནས། ཚན་རིག་དང་མཐན་པར་ཉིས་སྟོང་བཅུ་དགུ་ལོའི་སྡོད་ཁང་སྐྱོ་བོའི་སྒྱུར་བཀོད་ལས་འགན་གཏན་ཁེལ་བྱེད་དགོས་ཟེར།

གྲོས་ཚོགས་ནས་ད་དུང་དོན་དག་གཞན་པར་གྲོས་སྡུར་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།