ཞི་ཅིན་ཕིང་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བརྒྱད་པ་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

1.jpg

 ཚེས10ཉིན། ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བརྒྱད་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཁ་ཡིག་ལ་ལག་རྡང་མཉམ་སྦྲེལ་གྱིས་དུས་རབས་གསར་པའི་ཀྲུང་གོ་དང་ཨ་རབ་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གོང་དུ་སྤེལ་ཞེས་པའི་གསུང་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བརྒྱད་པ་ཚེས་བཅུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཁ་ཡིག་ལ་ལག་རྡང་མཉམ་སྦྲེལ་གྱིས་དུས་རབས་གསར་པའི་ཀྲུང་གོ་དང་ཨ་རབ་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གོང་དུ་སྤེལ་ཞེས་པའི་གསུང་བཤད་གལ་ཆེན་གནང་ནས། ཀྲུང་གོ་དང་ཨ་རབ་ཕྱོགས་གཉི་ག་ཕྱོགས་ཡོངས་ཀྱི་མཉམ་ལས་དང་ཐུན་མོང་འཕེལ་རྒྱས། མ་འོངས་པར་ཁ་ཕྱོགས་པ་བཅས་ཀྱི་ཀྲུང་གོ་དང་ཨ་རབ་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་པར་འཐད་པ་བྱུང་བ་ཁྱབ་བསྒྲགས་མཛད།

སྔ་དྲོའི་དུས་ཚོད་བཅུའི་སྟེང་། ཚོགས་འདུ་དངོས་སུ་འགོ་བརྩམས། སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ། ཞི་ཅིན་ཕིང་སྟེགས་བུའི་སྟེང་དུ་ཕེབས་ནས་གསུང་བཤད་གནང་། 
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་རབ་ཀྱི་མཛའ་མཐུན་འབྲེལ་བའི་ལོ་རྒྱུས་ཧ་ཅང་རིང་། ཕྱོགས་གཉིས་ཀྱིས་གནའ་བོའི་དར་གོས་ཚོང་ལམ་ནས་ཚོང་འབྲེལ་ཟབ་མོ་བཙུགས་པ་དང་། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་གྱི་འཐབ་རྩོད་ཁྲོད་ནས་ལག་རྡང་མཉམ་སྦྲེལ་གྱིས་སྐྱིད་མཉམ་མྱོང་བྱས་ལ། སོ་སོའི་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལས་དོན་ཁྲོད་ནས་ཕན་ཚུན་རྒྱབ་སྐྱོར་དང་གཉིས་ཕན་མཉམ་ལས་བྱས་ཏེ། མཉམ་ལས་མཉམ་རྒྱལ་གྱི་འོད་སྟོང་འབར་བའི་ལོ་རྒྱུས་བྲིས་ཡོད། ལོ་རྒྱུས་དང་ལག་ལེན་གྱིས་རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཅི་འདྲ་བྱུང་བ་དང་། དཀའ་ངལ་དང་ཉེན་ཁ་ཅི་འདྲར་ཐུག་རུང་། ཀྲུང་གོ་དང་ཨ་རབ་ནི་དུས་རྟག་ཏུ་ཕན་ཚུན་ལ་ཕན་པའི་གྲོགས་པོ་བཟང་པོ་དང་སྐྱིད་སྡུག་མཉམ་མྱོང་གི་སྤུན་ཟླ་བཟང་པོ་ཡིན་པ་ར་སྤྲོད་བྱུང་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་བཏོན་པར་ཨ་རབ་རྒྱལ་ཁབ་དང་བཅས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་རྒྱབ་སྐྱོར་དང་ཧུར་ཐག་གི་ཟབ་ཞུགས་ཐོབ་ཡོད། ལོ་རྒྱུས་སྟེང་དར་གོས་ཚོང་ལམ་དཔལ་ཡོན་གྱི་ཟབ་ཞུགས་པ་དང་གསར་སྐྲུན་པ་ཞིག་ཡིན་པའི་ཆ་ནས། ཨ་རབ་རྒྱལ་ཁབ་རྒྱུད་གཅིག་ལམ་གཅིག་གི་འདྲེས་མཚམས་སུ་ཡོད་ལ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་རང་བྱུང་གི་མཉམ་ལས་གྲོགས་པོ་ཡིན། ཕྱོགས་གཉིས་ཀྱིས་མཉམ་གཤིབ་མཉམ་སྐྱོད་ཀྱིས་རྒྱུད་གཅིག་ལམ་གཅིག་དེ་ས་ཁུལ་གྱི་དོན་དངོས་དང་ཟུང་སྦྲེལ་བྱེད་པ་དང་། ཐུན་མོང་གི་འགུལ་སྐྱོད་དེ་ཕྱོགས་གཉིས་ཀྱི་མཉམ་ལས་དང་ཟུང་སྦྲེལ་བྱེད་པ། འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་དེ་ཞི་བདེ་ལ་སྲུང་སྐྱོབ་བྱེད་པར་ཟུང་སྦྲེལ་བྱས་ཏེ། ཁྱད་སྟོབས་གསབ་རེས་དང་མཉམ་ལས་མཉམ་རྒྱལ་གྱིས་ས་ཁུལ་གྱི་མི་དམངས་དང་འཛམ་གླིང་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱིས་ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་ཁྲིད་བྱས་པས། ཀྲུང་གོ་དང་ཨ་རབ་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་དུས་རིམ་གསར་པར་སླེབས་ཡོད། ཀྲུང་གོས་ཨ་རབ་བར་གྱི་འཐབ་ཇུས་དང་འགུལ་སྐྱོད་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། ལག་རྡང་མཉམ་སྦྲེལ་གྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱས་ནས། དབུས་ཤར་ཞི་བདེ་གཏན་འཇགས་ཀྱི་སྲུང་སྐྱོབ་པ་དང་འདྲ་མཉམ་དྲང་གཞག་གི་སྲུང་སྐྱོབ་པ། ཐུན་མོང་འཕེལ་རྒྱས་ཀྱི་སྐུལ་འདེད་པ། ཕན་ཚུན་སློབ་སྦྱོང་གི་གྲོགས་པོ་བཟང་པོ་བཅས་བྱེད་འདོད་ཡོད། གཅིག་ནས་འཐབ་ཇུས་ཀྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་རྒྱུ་ཡིན། གཉིས་ནས་བསྐྱར་དར་གྱི་ཕུགས་འདུན་མངོན་འགྱུར་བྱེད་རྒྱུ་ཡིན། གསུམ་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་རྒྱུ་ཡིན། བཞི་ནས་དཀྱེལ་ཡངས་སློབ་སྦྱོང་ལ་ཡར་སྐུལ་བྱེད་རྒྱུ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་རབ་ནི་རྒྱལ་སྤྱིའི་གར་སྟེགས་སྟེང་གི་ཆབ་སྲིད་སྟོབས་ཤུགས་གལ་ཆེན་ཡིན་པས། ང་ཚོས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་། མི་དམངས་ཀྱི་རེ་སྒུག་ལ་ལྷག་བསམ་རྣམ་དག་གིས་ལན་བཏབ་ནས། དབུས་ཤར་ས་ཁུལ་ཕྱོགས་ཡོངས་ནས་དར་རྒྱས་ཀྱི་ལམ་གསར་པ་རུ་སྐྱོད་པར་མཉམ་དུ་སྐུལ་འདེད་བྱེད་དགོས། ཞི་ཅིན་ཕིང་གིས་འབྲེལ་ཡོད་ཕྱོགས་སོ་སོས་རྒྱལ་སྤྱིའི་ཐུན་མོང་ལྟ་བ་བརྩི་སྲུང་བྱས་ཏེ། ཕ་ལེ་སི་ཐན་གྱི་གནད་དོན་དྲང་གཞག་གིས་ཐག་གཅོད་དགོས་པའི་འབོད་སྐུལ་བཏང་བ་དང་། ཀྲུང་གོས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དང་ཨ་རབ་ཞི་བདེའི་གྲོས་གཞི་ལ་རྒྱབ་སྐྱོར་བྱེད་པའི་རྨང་གཞིའི་སྟེང་། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་ལ་མྱུར་དུ་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་མཇུག་མཐར་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ལ་གྲོས་མོལ་བྱེད་པ་དང་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ནས་ནུས་པ་ཆེན་པོ་ཡོད་པས། དུས་རབས་གསར་པའི་ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་བསྟུན་ནས། གླེང་སྟེགས་འཛུགས་སྐྲུན་ལ་རྣམ་པ་གསར་པ་དང་གྲུབ་འབྲས་གསར་པ་ཡོད་དགོས། བརྗེ་རེས་ལ་ཤུགས་བསྣན་ནས། ཕྱོགས་གཉིས་ཀྱི་བསམ་བློ་ཕྱོགས་མང་པོ་ནས་གཅིག་གྱུར་བྱེད་དགོས། ང་ཚོས་དར་གོས་ཚོང་ལམ་གྱི་སྙིང་སྟོབས་དར་སྤེལ་བྱས་ཏེ། གོམ་པ་རེ་རེ་བཞིན་དུ་དམིགས་འབེན་ཕྱོགས་སུ་སྐྱོད་ནས། ཀྲུང་གོ་དང་ཨ་རབ་མི་རིགས་ཆེན་པོ་གཉིས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་དང་། ཀྲུང་གོ་དང་ཨ་རབ་ཀྱི་ཁེ་ཕན་དང་ལས་སྐལ་གཅིག་གྱུར་ཚོགས་པ་འཛུགས་པར་འབད་བརྩོན་ལྷོད་མེད་བྱེད་དགོས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།