ལིས་ཁི་ཆང་གིས་ཁེ་ལས་ལས་བཟོ་བའི་གཞི་རྩའི་རྒན་གསོ་ཉེན་ཚབ་མ་དངུལ་ཀྲུང་དབྱང་སྙོམ་སྒྲིག་ལམ་ལུགས་ལག་བསྟར་བྱ་བའི་གྲོས་ཚོགས་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁེ་ལས་ལས་བཟོ་བའི་གཞི་རྩའི་རྒན་གསོ་ཉེན་ཚབ་མ་དངུལ་ཀྲུང་དབྱང་སྙོམ་སྒྲིག་ལམ་ལུགས་ལག་བསྟར་བྱ་བའི་གྲོས་ཚོགས་ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གྲོས་ཚོགས་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ལས་བཀོད་དོན། ཁེ་ལས་ལས་བཟོ་བའི་གཞི་རྩའི་རྒན་གསོ་ཉེན་ཚབ་མ་དངུལ་ཀྲུང་དབྱང་སྙོམ་སྒྲིག་ལམ་ལུགས་བཙུགས་པ་དེ་གཞི་རྩའི་རྒན་གསོ་ཉེན་ཚབ་ལམ་ལུགས་ཀྱི་རྒྱུན་མཐུད་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། ས་གནས་བར་གྱི་རྒན་གསོ་ཉེན་ཚབ་མ་དངུལ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་གཞི་རྩའི་རྒན་གསོ་ཁེ་དབང་འདྲ་མཉམ་སྒོས་ལོངས་སྤྱོད་བྱེད་པར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་པས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། བསམ་བློ་དང་ངོས་འཛིན་གཅིག་གྱུར་བྱས་ནས། ཁྱོན་ཡོངས་གཞིར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ཏེ། ཀྲུང་དབྱང་སྙོམ་སྒྲིག་མ་དངུལ་བསྡུ་གསོག་དང་མར་སྤྲོད་པ། དོ་དམ་བྱེད་པ་བཅས་ཀྱི་བྱ་བ་བཟང་བོར་སྒྲུབ་པ་དང་། དཔྱད་ཞིབ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཀྲུང་དབྱང་སྙོམ་སྒྲིག་ལམ་ལུགས་བདེ་བླག་དང་བརྟན་འཇགས་སྒོས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།