《ནུབ་བསྐྱོད་ཟིན་ཐོ》དང《རཱ་མ་ཎའི་གཏམ་རྒྱུད》གཉིས་ལས་སྤྲེའུའི་སྣང་བརྙན་ལ་དཔྱད་པ།

ནང་དོན་གནད་བསྡུས།

དཔྱད་རྩོམ་འདིར་གཙོ་བོ་རྒྱ་ནག་གི་བརྩམས་ཆོས་གྲགས་ཆེན་ཏེ《ནུབ་ཕྱོགས་འཕགས་ཡུལ་དུ་བསྐྱོད་པའི་ཟིན་ཐོ》ཞེས་པ་དེ་དང་རྒྱ་གར་གྱི《རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད》གཉིས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་སོགས་ལ་གཞིགས་ཏེ་དེ་གཉིས་ཕན་ཚུན་ཞིབ་ཏུ་བསྡུར་ཏེ་དེའི་ཁྲོད་གཅིག་མཐུན་དུ་བྱུང་བའི་ལོ་རྒྱུས་ཀྱི་མི་སྣ་སྤྲེའུ་སྟེ། དེའི་མི་སྣའི་སྣང་བརྙན་ལས་འཕྲོས་པའི་ལོ་རྒྱུས་རིག་གནས་དང་ཕན་ཚུན་ལ་ཐེབས་པའི་ཤུགས་རྐྱེན་དང་འབྲེལ་བ་སོགས་ལ་དཔྱད་ཙམ་བྱས་ཡོད།

བརྡ་ཆད་གཙོ་བོ། ནུབ་བསྐྱོད་ཟིན་ཐོ། རཱ་མ་ཎའི་གཏམ་རྒྱུད། སྤྲེའུའི་སྣང་བརྙན།

གླེང་གཞི

ཀྲུང་གོ་དང་རྒྱ་གར་གཉིས་ནི་འཛམ་གླིང་སྟེང་ལོ་རྒྱུས་ཀྱི་རྒྱུན་ཤིན་ཏུ་རིང་ཞིང་དམངས་ཁྲོད་རིག་གནས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་གཉིས་ཡིན་ལ། དེ་མིན་ས་སྟེང་གི་མ་བཅོས་པའི་རིག་གནས་དངོས་པོའི་རྗེས་ཤུལ་གྱིས་ཡོངས་སུ་ཕྱུག་པའི་གནའ་བོའི་ཤེས་རིག་ལྡན་པའི་རྒྱལ་ཁབ་གཉིས་ཀྱང་ཡིན།  ད་དུང་བསམ་བློ་དང་རིག་གནས་བར་གྱི་འགྲོ་འོང་དང་འབྲེལ་འདྲིས་ནི་ཤིན་ཏུ་རྒྱ་ཆེ་ཞིང་ཟབ་པས། ཕོན་ཆེ་བའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་ནམ་ཡང་ཉམས་རུལ་དུ་མ་གྱུར་པའི་ཁྱད་མཚར་བའི་སྒྱུ་རྩལ་གྱི་མཚོན་དཔེ་གསོན་པོ་མང་དུ་མཆིས་པའི་ནང《ནུབ་ཕྱོགས་འཕགས་ཡུལ་དུ་བསྐྱོད་པའི་ཟིན་ཐོ》ཁྲོད་ཀྱི་སྤྲེའུ་རྒྱལ་ལེགས་མཛེས་དང《རཱ་མ་ཎའི་གཏམ་རྒྱུད》ལས་བྱུང་བའི་སྤྲེའུ་ཧ་ནུ་མན་ཐ་གཉིས་ལས། སོ་སོས་རང་ཉིད་ཀྱི་འདས་སོང་གི་ལོ་རྒྱུས་གར་སྟེགས་སུ་འོས་འཚམ་གྱི་ཡུལ་སྲོལ་གོམས་གཤིས་དང་བསམ་བློའི་འཚོ་བ། མི་གཞིའི་ཀུན་སྤྱོད་སོགས་མཚོན་ལ། དེ་དག་གིས་གནའ་བོའི་རིག་གནས་ཀྱི་ཁྱད་རྟགས་སྣ་ཚོགས་དང་འཛམ་གླིང་གི་རྩོམ་རིག་ལོ་རྒྱུས་ལ་འོད་དུ་འཚེར་བའི་བཀྲག་མདངས་སྣ་ཚོགས་ཤིག་བསྣན་ཡོད་པ་དེ་ཡིན།

དང་པོ། བརྩམས་ཆོས་གཉིས་ཀྱི་རྩོམ་པ་པོ་དང་དེའི་བརྗོད་བྱ་མདོར་ཙམ་བསྟན་པ།

《རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་སྙན་ངག་གི་བསྟན་བཅོས་དྲི་ཟའི་བུ་མོའི་རྒྱུད་མང་གི་སྒྲ་དབྱངས》ཞེས་བྱ་བའི་རྩོམ་པ་པོ་སྟེ། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་མོའི་ཐུགས་སྲས།  མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་ཞིང་། ཁ་བ་རི་བའི་སྙན་ངག་མཁན་མཐའ་དག་གི་རལ་བའི་ཟུར་ཕུད་ཀྱི་རྩེ་མོ་ཞབས་ཀྱི་པདྨོར་ངལ་གསོ་བའི་མཁས་གྲུབ་ཆེན་པོ་ཞང་ཞུང་བ་ཆོས་དབང་གྲགས་པ་མཆོག་ནི། རྗེ་ཙོང་ཁ་པ་ཆེན་མོའི་སློབ་མ་མཁས་ཆེན་བརྒྱ་ཕྲག་དུ་མའི་ཁྲོད་ཀྱི་སྙན་གྲགས་ཅན་ཞིག་ཡིན་ཏེ། ཁོང་ནི་རབ་བྱུང་བདུན་པའི་ཤིང་སྤྲེལ(སྤྱི་ལོ1404)ལ་འཁྲུངས་ཤིང་། རབ་བྱུང་བརྒྱད་པའི་ས་གླང(སྤྱི་ལོ1469)ལ་སྐུ་མྱ་ངན་ལས་འདས་སོ། །བརྩམས་ཆོས་འདི་ཁོང་ཉིད་དགུང་ལོ་སོ་ལྔ་བཞེས་པ་ས་ཕོ་རྟའི་ལོ(སྤྱི་ལོ1438)ལ་རྗེ་ཙོང་ཁ་པའི་གདན་ས་ཆེན་མོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའོ།།  རྒྱའི་བརྩམས་ཆོས《ནུབ་བསྐྱོད་ཟིན་ཐོ》ཞེས་པའི་རྩོམ་མཁན་གྱི་ལོ་རྒྱུས་རགས་བསྡུས་ཤིག་བརྗོད་ན། དེའི་རྩོམ་པ་པོ་ནི་ལྦོའུ་ཁྲིན་ཨེན་ཞེས་པ་དེ་ཡིན། ཁོང་གི་འཚོ་དུས་ཀྱི་ལོ་ཚིགས་ནི(ཕལ་ཆེར་སྤྱི་ལོ1500-1583)ལོའི་མིང་རྒྱལ་རབས་དུས་ཀྱི་རྒྱའི་ཕུལ་བྱུང་སྒྲུང་གཏམ་མཁན་གྲགས་ཆེན་ཞིག་ཡིན་པར་མ་ཟད། ཆུང་དུས་ནས་ཤེས་བརྩོན་ལ་མྱུར་ཞིང་དཔེ་དེབ་གང་མང་ལྟ་བར་ལྷག་ཏུ་དགའ་ཞིང་གྲུབ་འབྲས་མི་དམན་པ་བླངས་ཡོད། མ་ཟད་བརྩམས་ཆོས་དེ་གཉིས་ཀྱི་རྩོམ་པ་པོའི་འཚོ་བཞུགས་ཀྱི་ལོ་ཚིགས་ལ་གཞིགས་ཏེ་ཞིབ་ཏུ་བརྟགས་ན། དེ་གཉིས་ཀྱི་བར་ལ་ཧེ་བག་ཆེན་པོ་མེད་ལ་བརྩམས་ཆོས་བར་དུ་འོ་ཆུ་འདྲེས་པ་ལྟ་བུའི་འབྲེལ་ཟམ་ཟབ་མོ་ཞིག་ཡོད་པ་སྨོས་མེད་རེད།

《རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད》ནི་སྔོན་རྔ་ཡབ་གླིང་གི་སྲིན་པོའི་ཡུལ་དུ་སྲིན་པོ་མགྲིན་བཅུ་ཞེས་པའི་བཙུན་མོ་ཞིག་གིས་སཱི་ཏཱ་ཞེས་པའི་བུ་མོ་མཛེས་སྡུག་དཔལ་གྱིས་སྒེག་པ་ཞིག་བཙས་ནས་ངོ་མཚར་བའི་མཚན་མཁན་ལ་བསྟན་པ་ན།  མཚན་མཁན་གྱིས་ཞིབ་ཏུ་བརྟགས་ཏེ། སྲིན་པོའི་ཡུལ་ཕུང་བར་བྱེད་པའི་དུག་ཀ་ཀོ་ལ་དང་ཀུན་ནས་མཚུངས་པས་སཱི་ཏཱ་སྒྲོམ་དུ་བཅུག་ཏེ་ཆུ་ཀླུང་ཆེན་པོའི་གླིང་དུ་བསྐྱུར་བས། ཆུ་གཞུག་ཏུ་ཡུར་བ་རུ་ཐོན་པ་དེ་ལས་ཞིང་པ་དག་གིས་རྙེད་ནས་རྒྱལ་པོ་རཱ་མ་ཎའི་ཕོ་བྲང་དུ་ཕུལ་བའོ། ། རྒྱལ་པོ་སཱི་ཏཱའི་མཛེས་སྡུག་ལ་ཡིད་རབ་ཏུ་ཆགས་ཏེ་སཱི་ཏཱ་ཁྲིད་དེ་དབེན་པའི་ནགས་ཚལ་དུ་གཤེགས་པ་དང་། དེ་བས། སྲིན་པོའི་རྒྱལ་པོ་མགྲིན་པ་བཅུ་པས་སཱི་ཏཱའི་སྙན་པའི་གྲགས་པ་ཐོས་པས་རང་གི་བཙུན་མོ་རུ་འཕྲོག་པར་འདོད་ནས་རི་དྭགས་ཤིག་ཏུ་སྤྲུལ་ནས་རྒྱལ་པོ་རཱ་མ་ཎ་དང་དྲག་པའི་འཐབ་རྩོད་ཡང་ཡང་བགྱིས་ཀྱང་མཐར་ལེགས་འགྲུབ་མ་བྱུང་བས། སྲིན་པོ་མགྲིན་བཅུ་དྲང་སྲོང་ཞིག་ཏུ་སྤྲུལ་ནས་བཙུན་མོ་སཱི་ཏཱ་ལ་ཁ་ཟས་སློང་བ་ལྟར་འོངས་ཏེ། མཐར་བཙུན་མོ་སཱི་ཏཱའི་སྡོད་གནས་དང་བཅས་པར་སྲིན་པོའི་ཡུལ་དུ་ཁྱེར་རོ། ། སྲིན་པོའི་ཡུལ་ནས་སཱི་ཏཱ་བཙོན་མའི་ཚུལ་དུ་བཟའ་ཤིང་ར་བར་བཅུག་པས། སྲིན་པོའི་འཇིགས་སྣང་ཚད་མེད་མྱངས་པ་དང་། དེ་ནས་རྒྱལ་པོ་རཱ་མ་ཎས་སཱི་ཏཱ་འཚོལ་ཕྱིར་ཆུ་རྒྱུན་རིང་མོ་ཞིག་གི་མགོ་ཁུངས་དེད་ནས་སོང་བ་ན་སྤྲེའུ་མགྲིན་བཟང་ཞེས་པ་ཞིག་ལ་ཐུག་ནས། ཕན་ཚུན་ཡིད་ཆེས་པའི་གཏམ་དྲིས་ཚེ། སྤྲེའུ་མགྲིན་བཟང་གིས་འབའ་ལེ་ཞེས་པའི་སྤྲེའུ་ཞིག་དང་རྒྱལ་སྲིད་བརྩད་ནས་རྒྱལ་ཕམ་གྱི་ཤན་འབྱེད་པར་ཉེ་བས། རྒྱལ་པོ་ལ་རོགས་བྱས་པར་གྱུར་ན་བཙུན་མོ་སཱི་ཏཱ་མྱུར་དུ་འཚོལ་བར་དམ་བཅས་པས། རྒྱལ་པོས་སྤྲེའུ་མགྲིན་བཟང་ལ་འཐབ་པའི་ཟླ་གྲོགས་སུ་བྱས་ཤིང་། མཐར་སྤྲེའུ་འབའ་ལེ་ཕམ་པར་བརྒྱབ་པ་དང་། དེའི་ལན་དུ་སྤྲེའུ་མགྲིན་བཟང་གིས་རང་གི་བློན་པོ་སྤྲེའུ་ཧ་ནུ་མན་ཐ་བཙུན་མོ་སཱི་ཏཱ་འཚོལ་བར་མངགས་སོ། །སྤྲེའུ་ཧ་ནུ་མན་ཐས་བཙུན་མོ་སཱི་ཏཱ་སྲིན་པོའི་ཡུལ་དུ་ཡོད་པ་མཁྱེན་ནས། མཆོང་ཐེངས་གཅིག་གིས་སྲིན་པོ་རྔ་ཡབ་གླིང་དུ་མཆོང་བ་ན་སཱི་ཏཱ་བཟའ་ཤིང་གི་ར་བར་བཙོན་འཇུག་བྱས་ཡོད་པ་མཐོང་ནས་སཱི་ཏཱ་བསྐྱབས་པ་དང་། སྲིན་པོ་རྣམས་ཀྱིས་ཧ་ནུ་མན་ཐ་གསོན་བཟུང་བྱས་ཏེ། མཇུག་མའི་སྟེང་དུ་རས་དར་མང་པོ་དཀྲིས་པ་དང་། དེའི་ཐོག་ལ་སྣུམ་བླུགས་ཏེ་སྒྲོན་པ་ན་སྤྲེའུ་ཧ་ནུ་མན་ཐ་ཚ་བས་མ་བཟོད་པར་ཕོ་བྲང་གི་ཁོར་ར་ཁོར་ཡུག་ཏུ་མཆོང་ཞིང་བརྒྱུགས་ནས་སྲིན་པོའི་ཡུལ་ཐམས་ཅད་དམར་འོད་མེ་ལ་འཕྱུར་བའི་འོད་ཆེམ་ཆེམ་དུ་གྱུར། སྲིན་པོ་གྲངས་མེད་ཅིག་མེ་ལ་མཆོད་དོ། ། དེ་བས་སྲིན་པོ་རྣམས་སྐྲག་སྟེ་ཕུ་བཏབ་པས་མེ་བསད་པ་རེད། དེ་བས་ཧ་ནུ་མན་ཐས་གནས་ཚུལ་དེ་རྒྱལ་པོ་རཱ་མ་ཎར་ཞུས་པས་རྒྱལ་པོས་དམག་སྣ་དྲངས་ཏེ་སྲིན་པོ་རྔ་ཡབ་གླིང་མ་ལུས་ཚར་བཅད་པ་དང་། བཙུན་མོ་སཱི་ཏཱ་བསྐྱབས་ཏེ་ཕྱིར་འཛམ་བུ་གླིང་ལ་ཕེབས་རྗེས་སཱི་ཏཱ་ཁྲིད་དེ་ནགས་ཚལ་དུ་གཤེགས་སོ། །

《ནུབ་བསྐྱོད་ཟིན་ཐོ》ཞེས་པའི་གཏམ་རྒྱུད་དེའི་ནང་དོན་གྱི་ཆ་ནས་གཙོ་བོ་ཐང་ཟན་བླ་མ་ནུབ་ཕྱོགས་ཀྱི་ཡུལ་གྲུ་དུ་མ་བརྒྱུད་དེ་ཁ་ཆེ་དང་རྒྱ་གར་མཐའ་དབུས་ཀྱི་རྒྱལ་ཁབ་དང་གྲོང་ཁྱེར། ས་ཁུལ་བཅས་ཀྱི་གནས་ཡུལ་བརྒྱ་དང་སུམ་ཅུ་སོ་བརྒྱད་ལ་ཕེབས་ནས་ཁོང་གིས་དངོས་སུ་མཐོང་བའི་ཡུལ་ལྗོངས་དང་ཡུལ་སྲོལ་གོམས་གཤིས། ཆབ་སྲིད་དང་དཔལ་འབྱོར་ཆོས་ལུགས་སོགས་གསལ་པོར་བཀོད་ཡོད་པར་མ་ཟད། ཐང་ཟན་ཙང་ཁོང་ཉིད་བདེན་དོན་ལ་དགའ་བ། ཐུགས་སེམས་ཆུང་བ། མཆོག་གསུམ་ལ་ཡིད་གཏིང་ནས་ཡིད་ཆེས་ཡོད་པ་ཞིག་ཡིན་པའི་མི་སྣའི་སྣང་བརྙན་མཚོན་ལ། ཁོང་གི་ཞབས་ཐང་གིས་རིམ་བཞིན་ཡུལ་ལུང་མང་པོར་བརྒལ་ཏེ་འགྲོ་གནས་མང་པོ་བརྒྱུད་དེ་རྒྱ་གར་ནུབ་བྱང་གི་ཨུ་རྒྱན་ཡུལ་དུ་སླེབས། ཕྱིས་སུ་ཡུལ་དེ་ནས་ནང་བའི་ཆོས་གཞུང་མང་པོར་སློབ་གཉེར་ཚད་མེད་གནང་རྗེས་མཐར་རྒྱ་མཚོ་བརྒྱུད་དེ་ཕྱིར་རྒྱ་ནག་ཡུལ་དུ་ཆས་ཏེ་བསྟན་འགྲོ་རྣམས་ཀྱི་མཛད་དོན་རླབས་ཆེན་བསྐྱངས་པའོ། །

གཉིས་པ།  ཁྱད་མཚར་བའི་ལྷ་སྒྲུང་གི་རྣམ་པའི་ཞིབ་འབྲི་བརྗོད་པ།

སྤྲེའུ་ཧ་ནུ་མན་ཐ་ནི་བཙན་པོ་རླུང་ལྷའི་ཐུགས་སྲས་ཁྱད་མཚར་བ་ཞིག་ཡིན་ལ། ཁོའི་ཡུམ་ཆེན་ནི་ལྷའི་ཡུལ་ནས་བྱོན་པའི་སྤྲེའུ་གཞས་གཏོང་མཁན་ཨྰན་ཡན་ན་ཞེས་པའི་མཛེས་མ་དེ་ཡིན་པས། ཕྱིས་སུ་མི་ཡུལ་གྱི་འདོད་ཡོན་ལ་ཆགས་ཏེ་མི་ཡུལ་དུ་གཞིས་བཅས་ཏེ། མཛེས་སྡུག་གི་ཡིད་དབང་འཕྲོག་མཁན་གྱི་སྤྲེའུ་མཆོག་ཞིག་ཏུ་གྱུར། བཙན་པོ་རླུང་ལྷ་སྤྲེའུ་ཡིད་འོང་མ་དེའི་ཤིན་ཏུ་སྡུག་པའི་སྒེག་ཉམས་དང་སྙན་འཇེབས་ཀྱི་གླུ་སྐད་སོགས་ལ་ཆགས་ཏེ། ཨྰན་ཡན་ནའི་མདུན་དུ་བཅར་ཏེ་ཡང་ཡང་འཐམ་འཁྱུད་བྱས་པ་དང་། སྤྲེའུ་མཛེས་ཨྰན་ཡྰན་ན་ཤིན་ཏུ་སྐྲག་ཅིང་དངངས་པས་ཡུན་རིང་ཞིག་ལ་ཨག་སྐད་བརྒྱབ་པའི་མཚམས་དེར། རླུང་ལྷ་རྒྱལ་པོས་ཨྰན་ཡྰན་ན་ལ། ཤིན་ཏུ་སྡུག་པའི་ཡིད་འོང་གི་རྒྱལ་མོ་ལགས་ཁྱོད་རང་འཇིགས་སྐྲག་སྐྱེས་མི་དགོས། ངས་ཁྱོད་ལ་འཚེ་བ་བྱེད་མི་སྲིད། གལ་སྲིད་ང་ཁྱོད་ཀྱི་ལུས་སྟེང་དུ་འཐམ་པར་གྱུར་ཚེ་དུས་དང་བསྐལ་བ་གྲངས་མེད་ཀྱི་ཕ་རོལ་ཞིག་ཏུ་ཁྱོད་ལ་ཁ་འབྲས་ཡིད་དུ་མཚར་ཞིང་རྣམ་དཔྱོད་ཀྱི་བློ་ཐབས་མྱུར་བའི་ལྷ་སྲས་ཞིག་སྐྱེས་འོངས་ཞེས་ལུང་བསྟན་པ་དང་། དེ་ནས་དུས་དང་བསྐལ་བ་གྲངས་མེད་ཅིག་འདས་པའི་དུས་ཙ་ན་ཨྰན་ཡྰན་ན་ལ་སྤྲེའུ་ཧ་ནུ་མན་ཐ་ཆགས་ཏེ་འཇིག་རྟེན་མི་ཡུལ་དུ་བྱོན་པའོ། ། སྤྲེའུ་རྒྱལ་ལེགས་མཛེས་ཀྱི་ངོ་མཚར་བའི་སྐྱེ་ཁུངས་དེ་ནི་ཤར་ཕྱོགས་སྲིན་པོའི་གླིང་ཆེན་མོ་སྟེ་མེ་ཏོག་སིལ་རིའི་ཉེ་འགྲམ་གྱི་རང་བྱོན་འགྱུར་རྡོ་ཞིག་ཡིན་ལ།ཕྱིས་སུ་ཤིན་ཏུ་ཚ་བའི་ཉི་ཟེར་དང་དྲག་ཏུ་རྒོད་པའི་ཆར་རླུང་སོགས་ཀྱི་བརྡབ་གསིག་ལ་བརྟེན་ནས་བྲག་གསེབ་ནས་སྒོ་ང་ཆེན་པོ་ཞིག་བྱུང་། དེ་རང་བྱུང་གི་ཆར་རླུང་དང་ཉི་འོད་སོགས་ཀྱིས་དུས་ཡུན་རིང་པོར་གླན་པ་ན་སྒོ་ང་དེ་ལས་དབང་པོའི་ཡན་ལག་གཅིག་ཀྱང་མ་ཆད་པའི་སྤྲེའུ་ཆུང་ཆུང་ཞིག་བྱུང་། དེའི་ཕྱིར་འདི་ལྟའི་ངོ་མཚར་བའི་བྱུང་རིམ་ལ་གཞིགས་ཏེ་ང་ཚོས་ཞིབ་ཏུ་བརྟགས་ཚེ་སྔ་ཕྱིའི་སྤྲེའུ་དེ་གཉིས་ནི་ཕྱི་རོལ་རང་བྱུང་གི་དྲག་རླུང་སོགས་ལས་བྱུང་བའི་ཐོན་རྫས་ཞིག་ཡིན་པར་མ་ཟད། དེ་ནི་རང་བྱུང་གིས་བསྐྲུན་ཏེ་མི་ཡུལ་དུ་བྱོན་པ་ཞིག་རེད་ཅེས་བརྗོད་ཆོག ཡང་ན་བོན་གྱི་འཇིག་རྟེན་སྒོང་སྐྱེས་རིག་པའི་ལྟ་བའམ་རྫུས་སྐྱེས་ཀྱི་ལྟ་བ་བཏོན་པའི་གཞི་འཛིན་ས་ཞིག་བྱས་ཀྱང་ཆོག་གོ། །

གསུམ་པ། མི་གཤིས་དང་སྤྲེའུ་གཤིས་གཉིས་ལྡན་ཡིན་པའི་ཆ་བརྗོད་པ།

སྤྲེའུ་ཧ་ནུ་མན་ཐ་བཙས་མ་ཐག་བཀྲེས་སྐོམ་གྱིས་མནར་བས་ན། བར་སྣང་གི་འོད་དུ་འཚེར་བའི་ཉི་མ་དེ་ཤིང་མགོའི་སིལ་ཏོག་ཅིག་ཏུ་འཕྲུལ་ཏེ་བར་སྣང་དུ་མཆོངས་ནས་ལག་པ་བརྐྱངས་ཏེ་ཉི་མའི་རྗེས་སུ་བསྙེགས་པ་དང་། དེ་ནས་སྲིན་པོ་ལིངྒ་མགྲིན་བཅུས་བཙན་འཁྲུག་ཁྲོད་ཧ་ནུ་མན་ཐས་གཡོ་ཇུས་ལ་བརྟེན་ནས་ཕམ་ཁུལ་བྱས་ཏེ་བདུད་རྒྱལ་ལ་མགོ་བཏགས་པ་དང་། བདུད་རྒྱལ་པོའི་ཕོ་བྲང་མདུན་སྒོར་ཉེ་བའི་སྐད་ཅིག་ཏུ་ཧ་ནུ་མན་ཐས་ཤུགས་ཀྱིས་སྒྱུ་འཕྲུལ་གྱི་རྩེ་མོ་ཡོངས་སུ་བཏོན་ཏེ་ལུས་ཀྱི་ཆེ་ཚད་ནི་འཇིག་རྟེན་གྱིས་ཐེགས་དཀའ་བ་ལྟ་བུ་ཞིག་ཏུ་སྤྲུལ་བས། སྲིན་པོ་ལིངྒ་མགྲིན་བཅུས་འཇིགས་སུ་རུང་བའི་ཧ་ནུ་མན་ཐ་མཐོང་མ་ཐག་མྱུར་བ་མྱུར་དུ་ཕོ་བྲང་གི་སྒོ་ཕྱེས་ཏེ་ཧ་ནུ་མན་ཐ་སྒོར་ཕྱུངས་པ་ན། ཡང་ཧ་ནུ་མན་ཐས་ཐབས་རྩལ་གཞན་ཞིག་བཏོན་ཏེ་ལུས་ཚད་རྟ་རྔ་ཙམ་ལས་མེད་པ་ཞིག་ཏུ་སྤྲུལ། བདུད་རྒྱལ་བློན་འབྲིང་ཡོངས་ཁོང་ཁྲོ་མེ་ལྕེ་འབར་བ་ལས་ཅི་བྱ་ཐབས་བྲལ་དུ་གྱུར། ང་ཚོས་ཧ་ནུ་མན་ཐའི་དགའ་སྐྱོ་ཆགས་སྡང་གི་ཁྱད་ཆོས་སོགས་ལས་རྟོགས་ཐུབ་པ་ནི་ཁོ་ལ་མངའ་བའི་མི་གཤིས་དེ་རེད། དེ་ནས་ཁོས་རྒྱལ་པོ་རཱ་མ་ནའི་བཙུན་མོ་སི་ཏ་སྐྱོབ་པའི་དགའ་སྣང་སྐྱེས་ཚུལ་གྱི་དཔེ་འདྲེན་པ། སྐབས་རེར་དགའ་བས་མཇུག་མ་གཡུགས།  མཆོངས་ལྡིང་བྱས།  མདུན་དུ་བརྒྱུགས་ཏེ་སྨྱུག་རྩེར་འཇུས་ཏེ་བཞད་གད་ཀྱི་རྩེ་མོ་སྣ་ཚོགས་འཁྲབ་པའི་ཉམས་འགྱུར་དེ་དག་ནི་ཅི་འདྲའི་ཡིད་དུ་འོངས་པ་ཞིག་རེད་ཨང་། དེ་དག་ལས་ཧ་ནུ་མན་ཐའི་སྤྱང་གྲུང་ལྡན་ལ་ལུས་ཟོར་ཡང་བ། པྲ་ཚག་རྒོད་ཀྱང་སྙིང་རྗེ་ཆེ་བའི་སྣང་བརྙན་གྱི་ཆ་དེ་གསར་བཞེངས་བྱས་འདུག་པ་ཤེས་ཐུབ།

གསུམ་པ།  བརྩམས་ཆོས་དེ་གཉིས་ཀྱི་བསམ་བློ་དང་སྒྱུ་རྩལ་གྱི་ཆ་བརྗོད་པ།

ང་ཚོས《རཱ་མ་ཎའི་གཏམ་རྒྱུད》ལས་རྩོམ་པ་པོས་རྟོགས་པ་འཆར་ཡན་རིང་ལུགས་ཀྱི་སྒྱུ་རྩལ་འབྲི་ཐབས་སྤྱད་དེ་འུད་བསྟོད་དང་རྟོག་བཏགས་ཀྱི་སྒོ་ནས་རཱ་མ་ནས་སྲིན་ཡུལ་དུ་དམག་དྲངས་ཚུལ་དང་སཱི་ཏཱ་བསྐྱབས་ཚུལ།ཧ་ནུ་མན་ཐས་འཐབ་རྩལ་སྤྱད་ཚུལ་སོགས་ཕུན་སུམ་ཚོགས་པའི་འཆར་སྣང་ལ་བརྟེན་ནས་གསོན་ཉམས་ལྡན་པའི་སྒོ་ནས་བྲིས་ཡོད་པ་དང་། རྒྱལ་པོ་རཱ་མ་ཎས་སཱི་ཏཱ་སྲིན་ཡུལ་ནས་བསྐྱབས་པའི་བླ་མེད་ཀྱི་དཔའ་བོ་ཞིག་གི་སྣང་བརྙན་གསོན་པོ་གསར་བཞེངས་བྱས་པ་བརྒྱུད་ཁོང་གཉིས་ཀྱི་ལྷད་མེད་བརྩེ་དུང་དེའི་ཆེད་དུ་རྒྱལ་སྲིད་སྤངས་པ་དང་། རཱ་མ་ཎས་སཱི་ཏཱ་སྐྱོབ་སྐབས་དཀའ་བ་བརྒྱ་ཕྲག་མྱོང་བའི་སྤོབས་པ་ལ་བསྟོད་སྔགས་དང་། བདེ་སྐྱིད་ཀྱི་བརྩེ་དུང་དེ་འཚོལ་ཕྱིར་འཚོ་བར་དཀའ་སྡུག་མེད་ལ་ཕམ་ཉེས་མེད་ཅིང་། སྐྱོ་སྣང་མེད་ལ་ཉམས་ཉེས་ཀྱང་མེད་པའི་བསམ་བློའི་ཆ་གསལ་བར་བསྟན་ཡོད། 《ནུབ་བསྐྱོད་ཟིན་ཐོ》ཡི་འབྲི་ཐབས་ཀྱི་ཆ་ནས་བརྗོད་ན《རཱ་མ་ཎའི་གཏམ་རྒྱུད》འབྲི་ཐབས་དང་ཤིན་ཏུ་འདྲ་བར་རྩོམ་པ་པོས་གཙོ་བོ་རྟོགས་པ་འཆར་ཡན་རིང་ལུགས་ཀྱི་འབྲི་ཐབས་སྤྱད་དེ་འུད་བརྗོད་དང་རྟོགས་བཏགས་ཀྱིས་ཡོངས་སུ་མཛེས་པར་བརྒྱན་པ་དང་། སྒྲུང་གཏམ་གྱི་མགོ་མཇུག་བར་གསུམ་དུ་ཡིད་དབང་འཕྲོག་ལ་གསོན་ཉམས་ལྡན་པ་ཞིག་ཏུ་གསར་བཞེངས་བྱས་ཡོད། སྒྲུང་གཏམ་འདི་ནི་ལྷ་སྒྲུང་གཙོ་གནད་དུ་འཛིན་པ་དང་། དེའི་བསམ་བློའི་ནང་དོན་དང་བརྗོད་བྱའི་བསྟན་དོན་ནི་དངོས་ཡོད་སྤྱི་ཚོགས་ཀྱི་མུན་ནག་དང་འདྲ་མཉམ་མ་ཡིན་པའི་སྤྱི་ཚོགས་སྣང་ཚུལ་སོགས་ལ་སུན་འབྱིན་དང་ཐེར་འདོན་བྱས་ཏེ། སྤྲེའུ་རྒྱལ་ལེགས་མཛེས་ཀྱིས་དེ་དག་ལ་ནམ་ཡང་འཐབ་རྩོད་དང་དགག་བཞག་མཛད་པའི་བླ་མེད་ཀྱི་སྙིང་སྟོབས་དང་སེམས་ཤུགས་སོགས་ལ་བསྟོད་སྔགས་མཛད་ཡོད།

མཇུག་གི་གཏམ།

གོང་གི་དཔྱད་གཞི་དང་བརྗོད་ཚུལ་སྣ་ཚོགས་ལས་ང་ཚོའི་ཡིད་ངོར་འཆར་ཐུབ་པ་ནི། 《རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད》ནི་རྒྱ་གར་སྤྱི་ཚོགས་སུ་ཤིན་ཏུ་གྲགས་ཆེ་བའི་ཆོས་གཞུང་དང་འབྲེལ་བའི་བརྩམས་ཆོས་ཤིག་ཡིན་པ་དང་། 《ནུབ་བསྐྱོད་ཟིན་ཐོ》ལས་ཐང་ཟན་ཙང་ཡང་བྱམས་སེམས་ཅན་དང་སྙིང་རྗེ་ཆེ་བ་དང་། ཆོས་ལ་དགའ་བའི་མི་བུ་ཞིག་གི་སྣང་བརྙན་དུ་གསར་བཞེངས་བྱས་འདུག དེ་ནི་ཁོ་ཚོའི་སེམས་ཀྱི་དད་པའི་སྐྱེས་ཆེན་དེ་ཡིན་པ་དང་། རྒྱ་གར་ནག་གཉིས་སུ་གྲགས་ཆེ་བའི་བརྩམས་ཆོས་འདི་གཉིས་ཀྱི་སྤྲེའུའི་སྣང་བརྙན་ལས་སྐབས་དེའི་ཤུགས་དྲག་པའི་རིགས་ཞེན་ཀྱི་འདུ་ཤེས་དང་། རང་དབང་དང་ཞི་བདེ་འདྲ་མཉམ་ཀྱི་སྤྱི་ཚོགས་ཤིག་ལ་རེ་སྙེག་བྱེད་བཞིན་ཡོད་ལ། དེ་མིན་ད་དུང་རིགས་སོ་སོའི་མི་གཤིས་དང་བསམ་བློར་བཅིངས་འགྲོལ་གཏོང་དགོས་པ་དང་། བརྩམས་ཆོས་འདི་གཉིས་ལས་མིའི་རང་གཤིས་ངོ་མ་དེ་བཅིངས་འགྲོལ་གཏོང་རྒྱུའི་བསམ་བློའི་རླབས་རྒྱུན་ཞིག་ཏུ་ཆགས་ཡོད་པ་དང་། དེ་གཉིས་བྱུང་བའི་ལོ་ཚིགས་དང་ལོ་རྒྱུས་རྒྱབ་ལྗོངས་ཁོར་ཡུག་སོགས་མི་འདྲ་ཡང་། མི་སྣའི་སྣང་བརྙན་དང་གཏམ་རྒྱུད་ཀྱི་བརྗོད་བྱ་སོགས་ལ་མཐུན་ཆོས་ཤིན་ཏུ་མང་བས། རང་རྒྱལ་གྱི་རྩོམ་རིག་ལོ་རྒྱུས་དང་ཐ་ན་འཛམ་གླིང་གི་རྩོམ་རིག་ལོ་རྒྱུས་ཀྱི་གར་སྟེགས་སུ་སྔར་མེད་ཀྱི་འོད་མདངས་གསར་པ་ཞིག་བསྣན་ཡོད་དོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།