མཁས་དབང་གསུང་རབ་རྒྱ་མཚོའི་མཚན་གྱི་རྣམ་གྲངས་དང་མཛད་རྗེས་གླེང་བ།

[ནང་དོན་གནད་བསྡུས།] རྒྱལ་གཅེས་ཆོས་གཅེས་མི་སྣ་མཁས་དབང་གསུང་རབ་རྒྱ་མཚོའི་མཛད་རྣམ་བཀོད་པའི་རྒྱ་བོད་ཡིག་ཚང་གི་རྒྱུ་ཆར་ཞིབ་མཇལ་དང་། བློ་ལྡན་དོན་གཉེར་ཅན་རེ་འགར་བཅར་འདྲི་བྱེད་དུས། དམ་པ་འདིར་མཚན་གྱི་རྣམ་གྲངས་དུ་མ་ཡོད་ལ། དེ་དག་གིས་ཁོང་གི་སྐུ་ཚེའི་བརྒྱུད་རིམ་དང་། ལོ་རྒྱུས་རྒྱབ་ལྗོངས་མི་འདྲ་བ་རེ་རེ་མཚོན་ཐུབ་པར་མ་ཟད། མི་རིགས་སྐད་ཡིག་དང་སློབ་གསོའི་ལས་དོན་ལ་གཞོལ་བའི་ལྷག་བསམ་དང་མིག་རྒྱང་བཅས་མཚོན་ཕྱིར་དཔྱད་རྩོམ་འདིར་མཚན་གྱི་རྣམ་གྲངས་བདུན་ཙམ་དྲངས་ནས་ཁོང་གི་མཛད་འཕྲིན་གླེང་ཡོད།

[བརྡ་ཆད་གཙོ་བོ།] གསུང་རབ་རྒྱ་མཚོ། མཚན་གྱི་རྣམ་གྲངས། མཛད་རྗེས།

སྤྱི་ཚོགས་གསར་རྙིང་གཉིས་ཀར་གྲགས་ཆེ་ཞིང་བོད་ཀྱི་རིག་གནས་འཕེལ་བའི་ལས་དོན་ལ་ཕྱག་རྗེས་བླ་མེད་མངའ་བའི་མཁས་དབང་གསུང་རབ་རྒྱ་མཚོ་ནི། རང་གི་དཀའ་སྡུག་གི་མི་ཚེ་ལས་མི་རིགས་ཀྱི་ལོ་རྒྱུས་གསར་པ་འབྲི་བཞེངས་གནང་མཁན་ཞིག་ཡིན་པ་མཁྱེན་དཔྱོད་ཡངས་པ་རྣམས་ལ་རྒྱུས་མངའ་ཆེ་བར་འདོད། གུས་པས་དུས་རྒྱུན་དམ་པ་ཁོང་དང་འབྲེལ་བའི་སྐོར་ནས་རྒྱུས་ལོན་རེ་གཉིས་བྱེད་དུས“མི་རེའི་ཁ་ན་གཏམ་རེ”ཟེར་བ་ལྟར་དམ་པ་འདིའི་མཚན་གནས་མི་འདྲ་བ་རེ་གཉིས་ཐོན་པ་དཔེར་ན། རྒན་གྲས་ཀྱིས་ཨ་ཁུ་གསུང་རབ་དང་ཐིང་ཀྲང་ཨ་ཁུ་གསུང་རབ། ཡང་ལ་ཤས་ཀྱིས་དྷི་ཚའི་ཨ་ཁུ་གསུང་རབ་བམ་དགེ་བཤེས་གསུང་རབ་རྒྱ་མཚོ། ད་ལྟའི་ན་གཞོན་ཤེས་ཡོན་ཅན་དག་གིས་མཁས་དབང་གསུང་རབ་རྒྱ་མཚོ་ཞེས་ཀྱང་འབོད་ལ། རྗེ་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གིས་མཁས་དབང་གསུང་རབ་རྒྱ་མཚོ་དང་། དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་བཅུ་ཕྲག་རིག་པའི་གནས་ལ་མཁྱེན་དཔྱོད་ཀྱི་འཇུག་པ་གཞན་དྲིང་མི་འཇོག་པ་དགེ་བའི་བཤེས་གཉེན་ཆེན་པོ་གསུང་རབ་རྒྱ་མཚོ། ང་ཕོད་ངག་དབང་འཇིགས་མེད་མཆོག་གིས་སྨྲ་བའི་སེང་ཆེན་སྒ་གསུང་རབ་རྒྱ་མཚོ་སོགས་སུ་འབོད་ཕྱིར་གུས་པས་དམ་པ་ཁོང་གི་མཚན་གྱི་རྣམ་གྲངས་འགའ་དང་འབྲེལ་མཛད་རྣམ་མདོར་བསྡུས་ཙམ་འགོད་པར་བྱའོ། །

དང་པོ། བུ་ཆུང་བསྟན་པ་ཡར་འཕེལ།

མཁས་དབང་གསུང་རབ་རྒྱ་མཚོ་ནི1896ལོར་བ་ཡན་སྟག་ཚང་དུ་འཁྲུངས་ཤིང་ཆུང་དུས་ཀྱི་མཚན་ལ་བསྟན་པ་ཡར་འཕེལ་བཏགས། ཡབ་པད་མ་བཀྲ་ཤིས་ཀྱི་མདུན་ནས་ཡི་གེ་འབྲི་ཀློག་ལ་སྦྱངས། དགུང་ལོ་བརྒྱད་པར་ཕའི་བཀའ་བཀོད་བཞིན་བ་ཡན་གཡུ་ཚ་དགོན་དུ་ཁུ་བོ་འཇིགས་མེད་དམ་ཆོས་རྒྱ་མཚོའི་དྲུང་དུ་འདོན་པ་སྐྱོར་འཛིན་དང་ཆོ་གའི་སྒྲུབ་རིམ་སོགས་སློབ་གཉེར་བྱེད་མགོ་བརྩམས། བགྲང་བྱ་བཅུ་ཕྲག་ལྷག་རིང་ཕྱག་དཔེ་སྐྱོར་འཛིན་ལ་འབད་པ་ལྷོད་མེད་བྱས་རྐྱེན་རང་དང་ན་མཉམ་གྲས་ནས་ལྷང་ངེར་བུད་ཅིང་ཁུ་བོ་གཙོས་གྲྭ་བཙུན་རྣམས་ཀྱིས་བསྟོད་པ་ཆེན་པོ་བྱས། རིང་པོ་མ་སོང་བར་ཆོ་གའི་བློར་འཛིན་གྱི་ཕྱག་དཔེ་དག་ལ་ནང་བྱན་ཆུབ་པར་མ་ཟད། རིགས་ལམ་གྱི་སྒོ་མོ་ཆེ་ཆེར་ཕྱེས་ཏེ་ཤེས་བྱའི་གནས་གཞན་ལ་འཇུག་འདོད་ཀྱི་འདུན་པ་དྲག་པོ་སྐྱེས་ནའང་དགོན་དེར་སུས་ཀྱང་ཁོའི་དགོས་མཁོ་བསྐང་ཐབས་བྲལ་བའི་གནས་སུ་ལྷུང་།

གཉིས་པ། དྷི་ཚའི་གསུང་རབ་རྒྱ་མཚོ།

1914ལོའི་སྟོན་ཟླ་ར་བའི་ཉིན་ཞིག་ལ། ཉིན་ལ་མཚན་བརྒྱབ་ཀྱིས་བྲོས་ནས་དྷི་ཚ་བཀྲ་ཤིས་ཆོས་སྡིངས་ཀྱི་ཆོས་སྒོར་ཞུགས་ཏེ་ཁ་སྒང་དགེ་བཤེས་འཕྲིན་ལས་རྒྱ་མཚོའི་དྲུང་དུ་རབ་བྱུང་གི་སྡོམ་པ་མནོས་ཤིང་མཚན་ལ་གསུང་རབ་རྒྱ་མཚོ་གསོལ། ལོ་ངོ་ཉེར་བཞིའི་རིང་དམ་པ་དེ་ཉིད་ཀྱིས་གཙོ་བྱས་དགེ་བའི་བཤེས་གཉེན་དུ་མ་ཚུལ་བཞིན་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་གཞུང་བཀའ་པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་མཛད། དགུང་ལོ་ཞེ་གཅིག་པ་སྤྱི་ལོ1936ལོར་མཚོ་སྔོན་བོད་སོག་སྐུལ་སྤེལ་མཐུན་ཚོགས་ཀྱིས་བསྐུལ་ངོར་གོང་ས་ཐམས་ཅད་མཁྱེན་པ་བཅུ་གསུམ་པ་ཆེན་པོར་གོས་ཆེན་སེར་པོའི་དབུས་སུ་སྙན་པའི་ཚིག་གི་བསྟོད་ཚིག་དྲངས་པ་ཀུན་གཟིགས་པཎ་ཆེན་ཆོས་ཀྱི་རྒྱལ་པོའི་སྤྱན་སྔར་ཕུལ་བར་བསྔགས་བརྗོད་བླ་མེད་གནང་ཞིང་། སྐབས་འདིར་པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཆོས་ཀྱི་ཉི་མ་དང་། མཚུངས་མེད་དངུལ་ཆུ་སྤྲུལ་བའི་སྐུ་རིན་པོ་ཆེ། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ཡོངས་འཛིན་ཞྭ་དམར་མ་ཧཱ་པཎྜི་ཏ། འཇམ་བཞད་སྐུ་ཕྲེང་དྲུག་པའི་ཡོངས་འཛིན་ཐམས་ཅད་མཁྱེན་པ་དཀོན་མཆོག་བསམ་འགྲུབ་རིན་པོ་ཆེ་སོགས་ཀྱིས་ཁོང་ལ་བསྔགས་བརྗོད་ཡང་ཡང་གནང་བར་མ་ཟད། ཀུན་གཟིགས་དགུ་པ་ཆེན་མོས་རང་གི་དྲུང་ཡིག་ཏུ་ལེན་འདོད་སྐྱེས་ཕྱིར་སྙན་པའི་གྲགས་པ་ཆེ་རུ་རྒྱས་ཏེ་དྷི་ཚའི་གསུང་རབ་རྒྱ་མཚོ་ཞེས་གྲགས།

གསུམ་པ། དགེ་བཤེས་གསུང་རབ་རྒྱ་མཚོ།

དགུང་ལོ་ཞེ་གསུམ་པ་སྤྱི་ལོ1938ལོའི་དབྱར་ཟླ་ཐ་ཆུང་དུ་དགོན་པའི་སྔར་ལུགས་སུ་གྲུབ་པའི་ཆོས་ཚོགས་ཆེན་མོའི་སྟེང་མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་རྩོད་རྒྱུགས་དམ་བཅའ་ཕུལ་ཏེ་དགེ་བཤེས་མཚན་རྟགས་བཞེས་པས་མཁས་པའི་སྙན་པ་ཕྱོགས་སུ་རྒྱས། དགོན་སྡེའི་གྲྭ་བཙུན་ཡོངས་ལ་བཀའ་དྲིན་མཚོན་བྱེད་ཀྱི་གཏང་རག་ཏུ་ཟླ་གཅིག་རིང་འགྱེད་གཏོང་དང་མང་ཇ་བསྐོལ་བས་གྲྭ་ཚང་སོ་སོས་ཡི་རངས་ཆེན་པོར་གནང་ནས་དགེ་བཤེས་གསུང་རབ་རྒྱ་མཚོར་གྲགས།

དམ་པ་འདིས་དགེ་བཤེས་དམ་བཅའ་མ་བཞག་པའི་ལོ་ཤས་སྔོན་དུ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་བོད་རྒྱ་སྐད་གཉིས་ཀྱི་འཇོན་མི་སྐྱེད་སྲིང་བྱ་ཆེད་སྐབས་དེའི་སོག་བོད་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་པའི་ན་གཞོན་སྐོར་ཞིག་སྐུ་འབུམ་དང་དྷི་ཚའི་ཕྱོགས་སུ་བོད་ཡིག་སློབ་གཉེར་དུ་བཏང་བ་ལས། བོད་སོག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལི་ཏེན(黎丹)དང་ཁྲིན་ཞན་རུང(陈显荣)གཙོ་བྱས་རྒྱ་རིགས་ན་གཞོན་སྐོར་ཞིག་སྔ་ཕྱིར་དྷི་ཚ་བཀྲ་ཤིས་ཆོས་སྡིངས་སུ་སློབ་གཉེར་དུ་བཏང་བ་ལ་འཇམ་བཞད་སྐུ་ཕྲེང་དྲུག་པའི་ཡོངས་འཛིན་ཐམས་ཅད་མཁྱེན་པ་དཀོན་མཆོག་བསམ་འགྲུབ་རིན་པོ་ཆེའི་མཚམས་སྦྱོར་དང་བཀའ་བཀོད་བཞིན་བོད་རྒྱ་སྐད་གཉིས་ཀྱི་ཐོག་མའི་སློབ་ཁྲིད་ཀྱི་ལས་རིམ་དུ་འཇུག་མགོ་བརྩམས་ལ། ཡང་གཅིག་བཤད་ན་འདི་ནས་བཟུང་ཁོང་གི་སྐུ་ཚེའི་ཁ་ཕྱོགས་ལ་འགྱུར་བ་གཏོང་བའི་ཐོག་མའི་ཆ་རྐྱེན་དེ་གྲུབ་ཡོད། སྤྱིར་ན་སྐབས་དེར་ཏག་ཏག་དགེ་བཤེས་ཀྱི་དམ་བཅའ་འཇོག་པར་གྲ་སྒྲིག་བྱེད་མུས་ཡོད་ནའང་། རྒྱལ་པོའི་བཀའ་དང་བླ་མའི་གསུང་ཟེར་བ་བཞིན་ཁོང་གིས་དང་དུ་བླངས།གཞན་ཡང་ཉིན་རྒྱུན་གཉིད་ཆག་ཟས་བརྗེད་ཀྱིས་ལོ་ཟླར་བརྒྱུས་པའི་དཀའ་སྡུག་གི་བརྒྱུད་རིམ་མང་པོ་ཞིག་ཡོད་ནའང་འདིར་ཚིག་ཚོགས་སྐྱུང་ཕྱིར་མ་བྲིས་པའོ། །

བཞི་པ། དྲུང་ཡིག་གསུང་རབ་རྒྱ་མཚོ།

དགེ་བཤེས་ཀྱི་དམ་བཅའ་བཞག་ནས་ཏག་ཏག་ལོ་གཅིག་འགོར་དུས་ནི1939ལོའི་སྟོན་ཁར་ཁེལ་ཡོད། ལོ་དེའི་སྟོན་ཁ་ནི་ཁོང་ལ་མཚོན་ན་བརྗེད་དཀའ་བའི་དུས་ཤིག་ཡིན་སྲིད་དེ། གློ་བུར་མི་ལོ38རིང་གི་གྲྭ་བའི་འཚོ་བ་དང་ཁ་གྱེས་དགོས་པའི་བཀའ་འབྱོར། དེའི་དགུན་ཁར་གྲྭ་སའི་འཚོ་བ་དང་ཁ་གྱེས་ནས་མ་པུའུ་ཧྥང་གི་འདོད་མོས་ལྟར་ཟི་ལིང་དུ་ཕེབས་ཏེ་མཱ་ཅེ་ཡོན་གྱི་བོད་ཡིག་གི་དགེ་རྒན་དང་། ཞིང་ཆེན་སྲིད་གཞུང་དྲུང་ཡིག་ཁང་གི་བོད་སོག་ལས་ཤག་ཏུ་བོད་ཡིག་གི་དྲུང་ཡིག་ཏུ་བསྐོས་ཏེ་སྲིད་གཞུང་གི་ཡིག་ཆ་གལ་ཆེན་ལ་ལོ་ཙ་དང་འགྱུར་ཞུས་གནང་བའི་མགོ་ཚུགས་པ་ནས་དྲུང་ཡིག་གསུང་རབ་རྒྱ་མཚོར་འབོད།

ལྔ་པ། དགེ་རྒན་གསུང་རབ་རྒྱ་མཚོ།

མ་པུའུ་ཧྥང་གི་བུ་ཆེ་བ་མ་ཅེ་ཡོན་གྱི་བོད་ཡིག་གི་དགེ་རྒན་དང་བོད་སོག་ལས་ཤག་ཏུ་དྲུང་ཡིག་གི་ལས་ཀ་བྱས་ནས་ལོ་ངོ་རེ་འགའ་སོང་མཐར་བསམ་གཞིག་མང་པོ་བཏང་། མཐར་མཱ་པུའུ་ཧྥང་གིས་ཟི་ལིང་དུ་བཙུགས་པའི་མཚོ་སྔོན་བོད་སོག་སློབ་ཆུང་དང་པོའི་ནང་དུ་བོད་ཡིག་གི་དགེ་རྒན་བྱ་རྒྱུའི་རེ་ཞུ་ཞུས་པ་ལྟར་བོད་སོག་སློབ་གསོ་སྐུལ་སྤེལ་མཐུན་ཚོགས་ཀྱི་ལས་འཛིན་པ་དང་དགེ་རྒན་གཅིག་ལྕོགས་སུ་མཛད་ནས་ཉིན་ལ་མཚན་བརྒྱབ་ཀྱིས་མི་རིགས་སློབ་གསོའི་ལས་ཀར་འབད་མགོ་ཚུགས་ཏེ་རྒྱ་ཡིག་གི་སློབ་དེབ་དང་པོ་ནས་བརྒྱད་པའི་བར་བོད་ཡིག་ཏུ་བསྒྱུར་ཅིང་ཤིང་དཔར་དུ་བརྐོས། བོད་ཡིག་གི་བརྡ་སྤྲོད་སོགས་ཀྱི་བསླབ་དེབ་རྩོམ་སྒྲིག་གནང་། རང་གི་ཕ་ཡུལ་གཡུ་ཚའི་སློབ་ཆུང་ནས་མཐར་ཕྱིན་པའི་སློབ་བུ་ཉི་ཤུ་ལྷག་ཟི་ལིང་ཁུ་ནུ་སློབ་འབྲིང་དང་སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་ས་གནས་སྲིད་འཛིན་ལས་བྱེད་པ་སྦྱོང་བརྡར་ཚོགས་པའི་བོད་ཡིག་འཛིན་གྲྭར་བསྐྱལ་བ་དག་སྤྱི་ཚོགས་གསར་པར་སླེབས་དུས་བོད་ཀྱི་རིག་གནས་ཀྱི་རྐང་འཛིན་པ་དང་སྲིད་འཛིན་མི་སྣ་གཙོ་བོར་གྱུར་སྟབས། བཀའ་དྲིན་གཞན་མཚུངས་མིན་པའི་དགེ་རྒན་གསུང་རབ་རྒྱ་མཚོ་ཞེས1982ལོའི《སྦྲང་ཆར》ཏེ་དམ་པ་འདིར་རྗེས་དྲན་ཞུ་བའི་ཆེད་བཀོད་ཚན་པར“བོད་ཀྱི་རིག་གནས་སྒྱུ་རྩལ་གསར་པ་འདོན་སྤེལ་དང་འཛུགས་སྐྲུན་བྱེད་མཁན། ང་ཚོའི་དགེ་རྒན་གསུང་རབ་རྒྱ་མཚོ་རྗེས་སུ་དྲན་པ།”[1]ཞེས་བཀོད་ཡོད།

དྲུག་པ། ཐིང་ཀྲང་གསུང་རབ་རྒྱ་མཚོ།

དེ་ཡང1949ལོའི་ཟླ9པར་ཟི་ལིང་གྲོང་ཁྱེར་བཅིངས་གྲོལ་བྱས་རྗེས་ཞིང་ཆེན་དམག་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ལོ་ཙཱ་ཁང་གི་འགན་འཛིན་གཞོན་པའམ་དམག་དོན་དོ་དམ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ལས་ཁུངས་ཀྱི་ཡིག་སྒྱུར་ཁང་གི་ཁའོ་ཀྲང་གཞོན་པའི་འགན་བཞེས་ཏེ་གཞུང་ཡིག་སྣ་ཚོགས་ལ་ལོ་ཙཱ་དང་འགྱུར་ཞུས་ཞུ་དག་གི་ཕྱག་ལས་གནང་། ཧུར་བརྩོན་གྱིས་ཏང་གི་མི་རིགས་འདྲ་མཉམ་དང་མཐུན་སྒྲིལ། ཆོས་ལུགས་དད་མོས་དང་རང་དབང་གི་སྲིད་ཇུས་སོགས་བསྒྱུར་ནས་དྲིལ་སྒྲོག་བྱས་པར་མ་ཟད། དམག་དོན་ཨུ་ཡོན་ལྷན་ཁང་ལ་གྲངས་ཉུང་མི་རིགས་ས་ཁུལ་གྱི་བྱ་བའི་དར་སྤེལ་ཕྱོགས་སུ་འབྲེལ་ཟམ་བཙུགས།

    མི་དམངས་སྲིད་དབང་འཛུགས་པ་སོགས་ཀྱི་ཕྱོགས་སུ་ཕན་ཡོད་ཀྱི་བྱ་བ་མང་པོ་བསྒྲུབས་པ་སྟེ། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་དམག་དོན་ཨུ་ཡོན་ལྷན་ཚོགས་མི་རིགས་དོན་གཅོད་ཁང་བཅས་ལ་མཚམས་སྦྱོར་བྱས་ཏེ་མཚོ་སྔོན་དམག་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་མིར་བསྐོས། དགུང་ལོ་ང་ལྔ་པ་སྤྱི་ལོ1950ལོའི་ཟླ་དང་པོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་རིག་སློབ་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་མིར་བདམས། ཟླ་བཞི་པར་ཀྲུའུ་ཞི་མའོ་ཙེ་ཏུང་གིས་དངོས་སུ་ཕྱག་བྲིས་གནང་བའི་བཀའ་ཡིག་ལྟར་ནུབ་བྱང་དམག་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་མིར་བསྐོས་པའི་ལོ་ཤས་རིང་སྲིད་གཞུང་གི་གཞུང་ཡིག་སྣ་ཚོགས་ལ་ལོ་ཙཱ་དང་། དག་སྒྲིག་གནང་ཞོར་སློབ་ཆུང་བསླབ་དེབ་ཁག་གི་ཡིག་བསྒྱུར་དང་གསར་རྩོམ་གྱི་ལས་ལ་ཞུགས། དགུང་ལོ་ང་དྲུག་པ་སྟེ་སྤྱི་ལོ1951ལོར་ཁོང་གི་གཙོ་སྐྱོང་འོག་རྒྱལ་ཡོངས་སུ་ཆེས་ཐོག་མའི་བོད་ཡིག་ལྕགས་དཔར་གྱི་ཚགས་པར་ཐོག་མ་སྟེ《མཚོ་སྔོན་བོད་ཡིག་ཚགས་པར》བཏོན་ནས་བོད་ལ་ཚགས་པར་མེད་པའི་དུས་རབས་མཇུག་རྫོགས་པ་དང་། 1952ལོར་ཞིང་ཆེན་སྲིད་གཞུང་གི་མངགས་བཀོད་ལྟར་བོད་སྐད་རླུང་འཕྲིན་གསར་འཛུགས་ཀྱི་འགན་ཁུར་ནས་རྩོམ་སྒྱུར་དང་སྙན་སྒྲོན་གྱི་ལས་ཀ་གཅིག་ལྕོགས་སུ་མཛད་དེ་ཐོག་མའི་སྐར་མ་བཅོ་ལྔ་ཙམ་གྱི་བོད་སྐད་ལེ་ཚན་གྱི་རྨང་བཏིངས། རྗེས་སོར་མཚོ་སྔོན་མི་རིགས་དགེ་འོས་སློབ་གྲྭར་གྲངས་ཉུང་མི་རིགས་ཀྱི་དགེ་རྒན་གསོ་སྐྱོང་འཛིན་གྲྭ་བཙུགས་ཏེ་འཛིན་གྲྭའི་ཀྲུའུ་རེན་གྱི་འགན་བཞེས། དེའི་ཕྱི་ལོའི་ཟླ3པར་མཚོ་སྔོན་འབྲོག་ཕྱོགས་ཀྱི་སློབ་གསོའི་གནས་བབ་ལ་ཤུགས་བཏོན་ནས་ཏུའུ་ལན་དང་། ཐུན་ཏེ། རྐང་ཚ། རེབ་གོང་བཅས་སུ་སྦྲ་གུར་སློབ་གྲྭ་ཉི་ཤུ་བཙུགས། དེ་ནས་དགུང་ལོ་ང་བརྒྱད་པ1953ལོའི་དབྱར་ཟླ་ར་བར་རྒྱ་བོད་སྐད་གཉིས་ལ་བྱང་ཆ་ལྡན་པའི་མི་སྣ་ཁག་ཅིག་ཁྲིད་དེ་བྱང་ཤར་གློག་བརྙན་བཟོ་གྲྭར་ཕེབས་ནས་ཟླ་ངོ་ཁ་ཤས་ལ《གསེར་དངུལ་ཐང》སོགས་གློག་བརྙན་བརྩམས་ཆོས་ཁག་ཅིག་བོད་སྐད་དུ་བསྒྱུར་ཏེ་ཕྱིར་ཕེབས་ཁར་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་མགོ་གཙོ་ཞི་ཀྲུང་ཞུང་(习仲勋)གིས་པེ་ཅིང་མེ་འཁོར་འབབ་ཚིགས་སུ་བསུ་མ་བྱས་པ་དང་གསོལ་སྟོན་དྲངས།(སྔ་ཕྱིར་ཐེངས་གསུམ་ལ་ཕེབས།) 1954ལོའིཟླ3པར་མཚོ་སྔོན་ཞིང་ཆེན་རིག་གནས་སློབ་གསོ་ཐིང་གི་མགོ་གཙོར་བསྐོས་ཤིང་། སྔ་ཕྱིར་མཚོ་སྔོན་ཞིང་ཆེན་རིག་སློབ་ཐིང་གི་ཐིང་ཀྲང་གཞོན་པ་དང་ཐིན་ཀྲང་གི་འགན་ཁུར་པས་མི་རྣམས་ཀྱིས་ཁོང་ལ་ཐིང་ཀྲང་གསུང་རབ་རྒྱ་མཚོའམ། ད་ལྟའི་རྗེས་རབས་པ་རྣམས་ཀྱིས་ཐིང་ཀྲང་ཨ་ཁུ་གསུང་རབ་ཅེས་ཀུན་གྱིས་ཡི་རངས་དང་གོང་བཀུར་བླ་མེད་བྱས།

བདུན་པ། མཁས་དབང་གསུང་རབ་རྒྱ་མཚོ།

དམ་པ་འདིར་ཆོད་སེམས་བརྟན་པོ་དང་ཐུགས་རྒྱང་རིང་པོ་ཡོད་ཕྱིར་སྤྱི་ཚོགས་གསར་རྙིང་གཉིས་ཀར་བློ་སེམས་རྩེ་གཅིག་གིས་གྲངས་ཉུང་མི་རིགས་ཀྱི་རིག་གནས་སློབ་གསོའི་ལས་དོན་ལ་སྟོབས་ཤུགས་ཆེན་པོ་ཕུལ་མྱོང་བར་མ་ཟད། ཁྱད་པར་མཚོ་སྔོན་འབྲོག་ཕྱོགས་ཀྱི་སློབ་གསོའི་ལས་དོན་ཁག་ཅིག་མེད་པ་ནས་ཡོད་པ་དང་ཆུང་བ་ནས་ཆེ་བར་སྤེལ་བར་དཀའ་སྤྱད་ཚད་མེད་གནང་མྱོང་སྟེ། སྦྲ་གུར་སློབ་ཆུང་ཐོག་མ་བཙུགས་པ་ནས་མཚོ་སྔོན་གྱི་མི་རིགས་སློབ་གྲྭ་ཆེན་མོ་ཐོག་མ་བཙུགས་པ། བོད་རིགས་དགེ་རྒན་དང་བོད་རིགས་ལས་བྱེད་པ་འབོར་ཆེན་ཐེངས་དང་པོར་གསོ་སྐྱོང་བྱས་སྟབས་ད་ལྟའི་བོད་རིགས་ཀྱི་ལས་ཁུངས་དག་དང་བོད་སྐད་ཡིག་གི་བྱ་བ་གཉེར་མཁན་འདི་དག་ཡོད་པ་ནི་དམ་པ་འདི་གཙོ་བྱས་དམ་པ་གོང་མ་རྣམས་ཀྱི་སྐུ་དྲིན་དང་མིག་རྒྱང་ཡིན་ཕྱིར། ཁོང་དང་མཉམ་དུ་ཕྱག་ལས་གང་མང་བགྱིས་མྱོང་བའི་རྗེ་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གིས་མཁས་པའི་དབང་པོ་གསུང་རབ་རྒྱ་མཚོ་ཞེས་པའི་བསྔགས་པ་ཕུལ་ཡོད། གཞན་ད་དུང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་བཅུ་ཕྲག་རིག་པའི་གནས་ལ་མཁྱེན་དཔྱོད་ཀྱི་འཇུག་པ་གཞན་དྲིང་མི་འཇོག་པ་དགེ་བའི་བཤེས་གཉེན་ཆེན་མོ་གསུང་རབ་རྒྱ་མཚོ་མཆོག་དང་། ནང་པ་སངས་རྒྱས་པའི་གསུང་རབ་གཞུང་ཆེན་ལྔ་དང་། བརྡ་སྤྲོད་རིག་གནས་ཁག་ལ་མིང་ཙམ་མ་ཡིན་པའི་མཁས་དབང་ཟླ་མེད་ཅིག་ཅེས་བསྔགས་བརྗོད་མཛད་ཡོད། དེ་ལས་གཞན་ང་ཕོད་ངག་དབང་འཇིགས་མེད་མཆོག་གི་ཤིས་ཚིག་ཏུའང་སྨྲ་བའི་སེང་ཆེན་གསུང་རབ་རྒྱ་མཚོ་ཞེས་པའི་ཕྱག་བྲིས་གནང་ཡོད་ལ། ཁོང་གི་གསུང་རྩོམ་ཕྱོགས་བསྡུས་ལ་ཤས་སུའང་ལྔ་རིག་སྨྲ་བའི་དབང་པོ་མཁས་དབང་གསུང་རབ་རྒྱ་མཚོ་ཞེས་བཀོད་ཡོད། ཁོང་ལ་སྔ་རྗེས་སུ་ཀྲུང་དབྱང་རིག་གནས་ལས་ཁུངས་དང་ནུབ་བྱང་རིག་སློབ་ཨུ་ཡོན་ལྷན་ཁང་གིས་གཟེངས་བསྟོད་དང་བྱ་དགའ་ཐེངས་ལྔ་ལྷག་ལ་ཐོབ་ཅིང་། དེ་ལས1954ལོ་ནས1956ལོའི་བར་ལས་ཁུངས་འདི་གཉིས་ཀྱིས་རྒྱུ་གསེར་ལས་བྱས་པའི་བྱ་དགའི་རྟགས་མ་དང་། ཁྲང་ཁྲུན་གློག་བརྙན་སྤྱིན་ཤོག་བཟོ་གྲྭས་གནང་བའི་བྱ་དགའ་སོགས་ནི་ཤིན་ཏུ་རྩ་ཆེ་བར་གྲགས། དམ་པ་འདིའི་གསུང་རྩོམ་ལ《རྩ་ཁྲིམས》དང《མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས》སོགས་འགྱུར་རྩོམ་དང་། 《དག་ཡིག་ཉེར་མཁོ་གཅེས་བསྡུས་ལེགས་བཤད་ཉི་མའི་འོད་ཟེར》དང 《སུམ་རྟགས་གཉིས་ཀྱི་ཚིག་དོན་མདོར་བསྡུས》སོགས་བརྡ་དག་གི་སྐོར་དང་། 《གོང་ས་བཅུ་གསུམ་ཆེན་མོར་ཕུལ་བའི་བསྟོད་པ》སོགས་བསྟོད་ཚོགས་ཀྱི་སྐོར། 《མཚོ་སྔོན་ཁྲི་ཤོར་རྒྱལ་མོར་བསྟོད་པ》སོགས་བསྟོད་པའི་སྐོར།《གྲོང་ཁྱེར་ཁྲང་ཁྲུན་གྱི་གནས་ཚུལ་ཞུ་བའི་འཕྲིན་ཡིག》སོགས་ཞུ་འཕྲིན་གྱི་སྐོར། 《ཤ་ཚའི་སྙིང་གཏམ》སོགས་བསླབ་བྱའི་སྐོར། གཞན་ཡང་གསུང་རྩོམ་རེ་གཉིས་མཆིས་ཀྱང་ད་ནི་ཕལ་ཆེར་མཇལ་མེད་དུ་གྱུར་འདུག་པས་ཡིད་སེམས་རབ་ཏུ་ཕངས། གཞན་ད་དུང་སྒ་གསུང་རབ་རྒྱ་མཚོ་དང་ཨ་ཁུ་གསུང་རབ་རྒྱ་མཚོ་ཞེས་འབོད་སྲོལ་ཡང་ཡོད་དེ། ད་ལྟའི་རྒྱུ་ཆ་ལ་ཤས་ཀྱི་སྟེང་སྒ་གསུང་རབ་རྒྱ་མཚོ་ཞེས་བཀོད་ཡོད་ཕྱིར། ང་ཚོས་ཁོང་གི་རུས་སྒ་ཡིན་པ་གསལ་པོར་རྟོགས་ཐུབ་ལ། སྒའི་རུས་ལས་དམུ་ཚ་སྒའི་རུས་སུ་འཁྲུངས་པ་ཡིན་པ་སྟེ། སྐུ་ཞབས་ནམ་མཁའ་ཐར་གྱིས1989ལོར་ཕབ་སྐྲུན་བྱས་པའི་དངོས་བཤུས་གློག་བརྙན་ནང་དམུ་ཚ་སྒའི་རུས་སུ་འཁྲུངས་པར་བཤད། དེ་ཡང་ཡུལ་མདོ་སྨད་ཙོང་ཁ་ལ་གྱི་ཐང་ཞེས་སྒ་ཨ་ཞ་བཤད་པའི་སྐབས་སུ་ཏུན་ཧོང་ཡིག་རྙིང་དང་རྒྱ་བོད་ཡིག་ཚང་ཆེན་མོ་སོགས་སུ་དུས་རྒྱུན་འབྱུང་བ་དང་། དམུ་ཚ་སྒ་ལ་བུ་དགུ་ཞེས་པ་ལས“སྒ་ཨ་ཤིང་གི་གདུང་རིགས་ཀྱང་མདོ་སྨད་ཙོང་ཁ་ལ་ཀྱི་ཐང་ཕྱོགས་ན་ཡོད་དོ་ཅེས་དང་།”[2] ཡང“མདོ་སྨད་དན་ཏིག་ཉེ་ཆར་རྨུ་ཡི་རིགས་ཡོད་ལ། བསྟན་པ་ཕྱི་དར་དུ་སྨད་འདུལ་གྱི་སྤྱི་མེས་ཆེན་པོ་རྨ་གཡོ་གཙང་གསུམ་གྱི་མཁན་བུ་བླ་ཆེན་ཤཱཀྱ་དགེ་བ་རབ་གསལ་ལམ། དགོངས་པ་རབ་གསལ་ཉིད་གདུང་རིགས་དམུ་ལ་འཁྲུངས་ཤིང་དེ་ཡང་རུས་ཆེན་སྒའི་རིགས་ཡིན་པ་དང”ཞེས[3]《རུས་མཛོད་མེ་ཏོག་སྐྱེད་ཚལ》དུ་གསལ། དམ་པ་འདིའི་སྐུ་ཚེའི་མཛད་རྣམ་བཀོད་པའི་བོད་ཡིག་གི་རྒྱུ་ཆ་ཉུང་ཕྱིར་མང་ཆེ་བ་རྒྱ་ཡིག་ལ་བསྟུན་དགོས་པའི་དབང་གིས་ཁོང་ལ་རྒྱུས་མངའ་ལྡན་པའི་རྒན་པ་ཤེས་ཡོན་ཅན་རེ་གཉིས་ཀྱི་གམ་ལ་བཅར་ནས་གནས་ཚུལ་ལ་རྒྱུས་ལོན་བྱེད་དུས། ཨ་ཁུ་གསུང་རབ་ཅེས་གུས་པའི་ངག་གིས་གཏམ་གྱི་སྒོ་མོ་འདྲེན་པར་བྱེད་ལ། སྐྱོ་བ་དང་དུངས་སྣང་འདྲེས་པའི་མིག་ཟུང་ལ་མཆི་མ་འཁོར་ཞོར། ཨ་ཁུ་གསུང་རབ་ཚང་དངོས་ནས་བོད་མི་རིགས་འདིར་བཀའ་དྲིན་ཆེན་པོ་རེད། ལྷག་པར་མཚོ་སྔོན་ས་ཆའི་ཕྱི་རབས་པ་ང་ཚོར་མཚོན་ན་བཀའ་དྲིན་བླ་ལྷག་ཆེ་བ་རེད། ང་ཚོས་ད་ལྟ་རང་མི་རིགས་ཀྱི་རིག་གནས་དང་སྐད་ཡིག་འདི་ལ་བརྟེན་ནས་ཁ་གསོ་ཐབས་བྱེད་པ་ནི་དམ་པ་འདི་ཚང་གཙོ་བྱས་དམ་པ་གོང་མ་དག་གི་སྐུ་དྲིན་རེད། ད་ནི་ཁྱེད་ཚོ་ལོ་གཞོན་དག་མ་འོངས་པའི་རེ་བ་ཡིན་པས། སྔོན་བྱོན་དམ་པ་འདི་དག་གི་རེ་བ་སྟོང་ཟད་གཏོང་མི་རུང་། ཨ་ཁུ་གསུང་རབ་ཁོང་ལ་མཚོན་ན་ལོ་གཞོན་རྣམས་སྐྱེད་སྲིང་བྱེད་པར་གཙིགས་འཛིན་ཆེན་པོ་གནང་མཁན་ཞིག་ཡིན་ཞེས་ཁ་བརྡའི་གླེང་སློང་བའམ་མཇུག་བསྡུ་བར་བྱེད་དུས། 1982ལོའི་ཁོང་ལ་རྗེས་དྲན་ཞུ་བའི《སྦྲང་ཆར》དུས་དེབ་སྟེང་གི“རང་རེའི་མི་རིགས་ཀྱི་མ་འོངས་འབྱུང་འགྱུར་ནི་ཁྱོད་ཚོ་ན་གཞོན་ཚོར་རག་ལས་ཡོད་པས། རིག་གནས་ཀྱི་ཆ་ནས་བཤད་ན་ཁྱོད་ཚོ་རྗེས་རབས་པ་རྣམས་ཀྱི་ལས་འགན་ཧ་ཅང་ལྗིད་པོ་རེད།”[4]ཅེས་པའི་གསུང་དག་ཝ་ལེར་དྲན་ངོར་འཆར་ཡོང་། གཞན་ད་དུང་འཁྲུངས་གཞིས་སྟག་ཚང་དུ་ཕྱིན་ནས་དམ་པ་འདིའི་སྐོར་གྱི་གནས་ཚུལ་བཅར་འདྲི་བྱས་དུས་ལོ་ན་དོན་བརྒྱད་ཅན་གྱི་ཨ་མྱེས་གཅོད་པས“ཨ་ཁུ་གསུང་རབ་ལ་གསུང་རབ་ཚྭ་ཁུ་ཡང་ཟེར་བ་རེད། དེ་ལྡི་ཚར་ཡོད་དུས་ཐོགས་པ་རེད། མཚང་མིང་ལྟ་བུ་ཞིག་ཡིན་ཡང་དོན་དངོས་སུ་ཁོང་བྱ་བ་ཆེ་ཆུང་གང་བསྒྲུབ་པར་གལ་ཆེ་ཕྱིར་ཟས་ལ་མེད་དུ་མི་རུང་བའི་ཚྭ་ལྟ་བུ་ཡིན་པས་དེ་ལྟར་བཏགས་པ་རེད་ཟེར། ”

མདོར་ན་དམ་པ་འདིའི་སྐུ་ཚེའི་མཛད་རྣམ་ལས་བོད་མི་རིགས་ཀྱི་སློབ་གསོ་གསར་པའི་འཕེལ་རྒྱས་དང་། བོད་མི་སྙིང་སྟོབས་ཅན་སྐོར་ཞིག་གི་གདམ་ཀ་གསར་པའི་ལམ་སྣེ་འཚོལ་ཐུབ་ཕྱིར། སྔོན་བྱོན་དམ་པ་འདི་དག་གིས་ད་ལྟའི་གྲགས་འདོད་ཅན་དག་གིས་བཙལ་ན་རྙེད་དཀའ་ཞིང་འབད་ན་ཐོབ་དཀའ་བའི་སྙན་གྲགས་དང་གོ་ས་གང་ཞིག་རེག་ཀྱང་དེ་ལ་གཙིགས་མཐོང་མི་བྱེད་པར་ཐོག་མའི་དུས་སྐབས་ཀྱི་རྣམ་པ་ཙམ་ནས་འཕེལ་རྒྱས་དང་། འཕེལ་རྒྱས་ནས་སྲ་བརྟན། སྲ་བརྟན་ནས་མཐོར་འདེགས་སུ་བསྙེགས་པའི་སྐུ་ཚེའི་བརྒྱུད་རིམ་ཧྲིལ་པོ་ཞིག་རྒྱལ་གཅེས་དམངས་གཅེས་ལ་བསྟིམས་ཤིང་ལྷག་དོན་མི་རིགས་སློབ་གསོའི་ལས་དོན་ཐད་བྱས་རྗེས་མཚུངས་མིན་བཞག་པའི་མཛད་འཕྲིན་གྱི་གོ་རིམ་མཚོན་པའི་ས་བཀྲ་ལྟ་བུ་ཞིག་ཡིན།

མཆན།

[1] 《སྦྲང་ཆར》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 【M】1982ལོའི་དེབ4པ། ངོས། 72

[2] 《རུས་མཛོད་མེ་ཏོག་སྐྱེད་ཚལ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།【M】1992 ངོས། 15

[3] 《རུས་མཛོད་མེ་ཏོག་སྐྱེད་ཚལ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 【M】1992 ངོས། 115

[4] 《སྦྲང་ཆར》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 【M】 1992ལོའི་དེབ4པ། ངོས། 73

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།