ཅོ་ནེ་ཡུམ་ཚེ་རིང་གི་འཛམ་གླིང་བརྩམས་སྒྲུང་གྲགས་ཅན་སློབ་ཁྲིད་ལས་ཁྲིད་ཐེངས་ལྔ་བ་སྟེ་ 《དམར་བོ་དང་ནག་པོ》ཞེས་བྱ་བ་བཞུགས་སོ། །

ཅོ་ནེ་ཡུམ་ཚེ་རིང་གི་འཛམ་གླིང་བརྩམས་སྒྲུང་གྲགས་ཅན་སློབ་ཁྲིད་ལས་ཁྲིད་ཐེངས་ལྔ་བ་སྟེ་

《དམར་བོ་དང་ནག་པོ》ཞེས་བྱ་བ་བཞུགས་སོ།

                                                                    —(ཧྥ་རན་སི)སི་ཐང་ཏའ།

微信图片_20190423145644.jpg

ཅོ་ནེ་ཡུམ་ཚེ་རིང་ནི་1977ལོའི་ཟླ3པའི་ཚེས་18ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་ཆས་བུ་གཤིས་ནས་སྐྱེས། སྔ་གཞུག་ཏུ་ལྷོ་ནུབ་མི་རིགས་སློབ་ཆེན་ནས་སྐད་བརྡ་རིག་པའི་ཤེས་རམས་པ་དང་སི་ཁྲོན་སློབ་ཆེན་ནས་མཚན་ཉིད་རིག་པའི་འབུམ་རམས་པའི་ཆེད་ལས་སོགས་སྦྱངས་ཏེ་སློབ་མཐར་ཕྱིན། 1996ལོ་ནས་གསར་རྩོམ་གྱི་ལམ་དུ་ཞུགས་ཤིང་། ད་ལྟའི་བར་དུ་བོད་རྒྱ་སྐད་རིགས་གཉིས་ཀྱི་ལམ་ནས་རིག་གཞུང་ཆེད་རྩོམ་དང་རྩོམ་རིག་བརྩམས་ཆོས་མང་པོ《 ཆོས་ལུགས་རིག་པ་ཞིབ་འཇུག》དང《 ཀྲུང་གོའི་བོད་རིག་པ》།《ཏཱ་ཅ》།《 ཧྥང་ཚོ》།《 མི་རིགས་རྩོམ་རིག》།《སྦྲང་ཆར 》སོགས་རིག་གཞུང་ཆེད་དེབ་དང་རྩོམ་རིག་དུས་དེབ་རྩེ་གྲས་ཀྱི་སྟེང་བཀོད། སྔ་གཞུག་ཏུ་བོད་ཡིག་བརྩམས་སྒྲུང་གཅེས་བཏུས《 སྡོམ་པ་སྲུང་བ》དང《གཟན་ཤམ་གྱོན་པའི་གཡག་རྭ》།ལྷུག་རྩོམ་གཅེས་བསྡུས་དེབ《ཁང་རྙིང》།རྒྱ་ཡིག་གི་སྒྲུང་རིང་《སྤྲིན་ཀྱི་རྫི་བོ》(རྒྱལ་ཁབ་ཀྱི་གནད་ཆེའི་དཔར་སྐྲུན་འཆར་གཞིའི་རྣམ་གྲངས་སུ་ཚུད)དང་རྒྱ་ཡིག་གི་འབུམ་རམས་པའི་དཔྱད་རྩོམ《 བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་ལ་དཔྱད་པ》(རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རོགས་སྐྱོར་མ་དངུལ་ཐོབ)སོགས་དཔར་སྐྲུན་འགྲེམ་སྤེལ་བྱས། དེ་དག་ལས་བརྩམས་ཆས་སྐོར་ཞིག་《རྒྱལ་ཡོངས་ཆོས་ལུགས་རིག་པའི་འབུམ་རམས་པའི་དཔྱད་རྩོམ་རྩེ་གྲས་བཅུ》དང་《སི་ཁྲོན་བོད་རིག་ཞིབ་འཇུག་དཔེ་ཚོགས》།《ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་བརྩམས་ཆས》།《རྒྱལ་ཡོངས་བརྩམས་སྒྲུང་འབྲིང་བ་འདེམ་སྒྲིག》སོགས་སུ་བདམས་ཟིན་ལ།《གངས་ཅན་པ》དང་《བོད་པའི་བུ་མོ》།《ཡིད་ཀྱི་དུས་ཚིགས》།《ཕ་སྐད》།《བརྩེ་དུང་གི་རྔོན་པ》སོགས་གླུ་ཚིག་བརྒྱ་ཕྲག་བྲིས་ཡོད་པས།བོད་ཀྱི་གླུ་ཚིག་སྒྱུ་རྩལ་ལ་བྱས་རྗེས་མི་དམན་པ་བཞག་ཡོད།དེ་མིན་ཁོང་ལ་2007ལོར། སྐབས་ལྔ་པའི་སྦྲང་ཆར་སྨྱུག་གསར་བྱ་དགའ་ཐོབ། ༢༠༠༨ལོར་སྐབས་དགུ་པའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་གྱི་ཆེས་མཐོའི་བྱ་དགའ་སྟེ་རྟ་མཆོག་བྱ་དགའ་ཐོབ། 2009ལོར་སི་ཁྲོན་ཞིང་ཆེན་སྐབས་དྲུག་པའི་རྩོམ་རིག་བྱ་དགའ་ལས་དམིགས་བསལ་གཟི་བརྗིད་བྱ་དགའ་དང༌། སྐབས་བཞི་པའི་སི་ཁྲོན་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་བྱ་དགའ་ལས་ཕུལ་བྱུང་བརྩམས་ཆོས་བྱ་དགའ་ཐོབ། 2010ལོར་སྐབས་བདུན་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་ཞིབ་འཇུག་གི་གསར་རྩོམ་སྨྱུག་གསར་བྱ་དགའ་ཐོབ། 2015ལོར་སྐབས་གསུམ་པའི་རྒྱལ་ཡོངས་གངས་རྒྱན་རྟགས་མའི་རྩོམ་རིག་བྱ་དགའ་སོགས་ཐོབ། ད་ལྟ་སི་ཁྲོན་རླུང་བརྙན་འཕྲིན་ཁང་གི་ཞུས་ཆེན་དང་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁོངས་མི་ཡིན་ལ། སི་ཁྲོན་སློབ་ཆེན་གྱི་རྩོམ་རིག་སློབ་གླིང་དུ་ཀྲུང་གོའི་དེང་རབས་དང་ད་ལྟའི་རྩོམ་རིག་ཆེད་ལས་ཀྱི་འབུམ་རམས་པ་ཕྱི་མར་སློབ་གཉེར་བྱེད་བཞིན་ཡོད།

སལ་བཤད། འདི་ནི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་གི་གདན་ཞུས་ལྟར་སི་ཁྲོན་སློབ་ཆེན་གྱི་རྩོམ་རིག་སློབ་གླིང་གི་འབུམ་རམས་པ་ཕྱི་མའམ་བོད་ཀྱི་ན་གཞོན་སྐད་གཉིས་རྩོམ་པ་པོ་ཅོ་ནེ་ཡུམ་ཚེ་རིང་གིས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་2017ལོ་རབ་འབྱམས་པའི་རྩོམ་རིག་འཛིན་གྲྭ་ལ་ལོ་ཕྱེད་གའི་རིང་འཛམ་གླིང་བརྩམས་སྒྲུང་གྲགས་ཅན་སློབ་ཁྲིད་བྱས་པ་ལས་ཁྲིད་ཐེངས་ལྔ་བ་《དམར་བོ་དང་ནག་པོ》ཞེས་བ་དེ་ཡིན་པས།བློ་བཟང་དགའ་བས་སྒྲར་ཕབ་ལ་དཀོན་མཆོག་སྐྱིད་ཀྱིས་ཡི་གེར་བཀོད་པ་ལྟར་དེ་རིང་འཛམ་གླིང་གི་དཔེ་ཀློག་ཉིན་ལ་ཆེད་དུ་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བསྟར་བ་ཡིན་པས་ཀུན་གྱི་མིག་གི་བདུད་རྩི་དང་ཡིད་ཀྱི་གསོས་སྨན་དུ་གྱུར་བ་སྨོན།

དུས་ཚོད།                    ༢༠༡༨ལོའི་ཟླ༡༠བའི་ཚེས༡༡ཉིན།        

ས་གནས།                    ལྷོ་ནུབ་མི་རིགས་སློབ་ཆེན།

ཁྲིད་ས།                     T1 ༥༠༣

ཁྲིད་ཡུལ།                    ༢༠༡༧ལོའི་རབ་འབྱམས་པའི་རྩོམ་རིག་འཛིན་གྲྭ།

སྒྲ་ལེན་མཁན།               བློ་བཟང་དགའ་བ།

ཡི་གེར་འགོད་མཁན།        དཀོན་མཆོག་སྐྱིད།

སློབ་ཐུན་དང་པོ།


1556001959215655.jpg

སློབ་གྲོགས་རྣམ་པ་ཁམས་བཟང་། དེ་རིང་གི་ཁྲིད་བྱ་ཡིན་ན་ཧྥ་རན་སིའི་རླབས་ཆེ་བའི་རྩོམ་པ་པོ་གྲགས་ཅན་སི་ཐང་ཏའ་(司汤达)ཡི《དམར་བོ་དང་ནག་པོ》(红与黑)ཞེས་པའི་བརྩམས་ཆོས་འདི་ཡིན། བརྩམས་ཆོས་འདི་ལྟ་བུ་ཡིན་ན་ནུབ་ཕྱོགས་ཀྱི་བརྩམས་སྒྲུང་གི་ལོ་རྒྱུས་དང་འཛམ་གླིང་གི་བརྩམས་སྒྲུང་ལོ་རྒྱུས་སོགས་ཀྱི་སྟེང་ནས་ཀྱང་གོ་ས་ངེས་ཅན་ཞིག་ཟིན་ཡོད་འདུག  དེའི་རྐྱེན་གྱིས་སློབ་ཐུན་སྔོན་མར་སར་ཝན་ཁྲེ་སི་(塞万提斯)ཡི་བརྩམས་ཆོས《ཐང་ཅི་ཁེ་ཏེ》(唐吉坷德)ཞེས་པ་དེ་ཁྲིད་རྗེས། ངས་ཡར་མར་བསམ་གཞིགས་མང་པོ་ཞིག་བཏང་མཐར་སི་ཐང་ཏའ་ཡི《དམར་པོ་དང་ནག་པོ》ཞེས་པ་འདི་ཁྲིད་རྒྱུ་བྱས་ན་འོས་འཚམ་ཡིན་པའི་འདུ་ཤེས་ཤིག་སྐྱེས་པས་བརྩམས་ཆོས་འདི་གདམས་པ་ཡིན། དེའི་རྒྱུ་མཚན་ནི་ཐེངས་སྔོན་མར་བཤད་པ་བཞིན་རླབས་ཆེ་བའི་རྩོམ་པ་པོ་སུ་ཞིག་ཡིན་རུང་དེའི་བརྩམས་ཆོས་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ངེས་ཅན་ཞིག་ཡོད་ལ་ཤུགས་བསྟན་ཡང་ངེས་ཅན་ཡོད་སྲིད།  《ཐང་ཅི་ཁེ་ཏེ》ལྟ་བུ་ཡིན་ན། དེ་ཡི་ཤུགས་སུ་དུས་རབས་བར་མ་ནས་དུས་རབས༡༥བར་གྱི་ནུབ་ཕྱོགས་ཀྱི་ལོ་རྒྱུས་དང་ནང་སྒོས་སུ་ཞི་པན་ཡ(西班牙)རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་དོན་རྐྱེན་མང་པོ་ཞིག་མཚོན་བཞིན་ཡོད་པ་རེད། དེ་འཕྲོར་མར་ཡོང་ནས་དཔེ་ལངས་ན་དུས་རབས༡༨པ། ལྷག་པར་དུས་རབས་༡༩་ལ་མཚོན་ན་འཛམ་པོ་གླིང་གི་སྤྱིའི་སྤྱི་ཚོགས་ཀྱི་གནས་བབ་དང་འཕེལ་རིམ་གང་གི་ཆ་ནས་ཀྱང་ཧྥ་རན་སི་རྒྱལ་ཁབ་འདིས་གོ་གནས་ངེས་ཅན་ཞིག་ཟིན་ཡོད། དེའི་རྒྱུ་མཚན་ནི་རིག་རྩལ་བསྐྱར་དར་གྱི་རྗེས་སུ་ཧྥ་རན་སི་ལ་རླབས་ཆེ་བའི་བློ་འབྱེད་ཀྱི་བསམ་བློ་བ་མང་པོ་ཞིག་འཁྲུངས་མྱོང་བས། ཧྥ་རན་སི་རྒྱལ་ཁབ་ལྟ་བུ་ཡིན་ན་བསམ་བློའི་ཐད་ནས་རྒྱལ་ཁབ་གཞན་དང་མི་འདྲ་བར་སྔོན་ཐོན་གྱི་ཆ་ཧ་ཅང་ཆེན་པོ་ལྡན་ཞེས་བཤད་ན་ཆོག  དེ་ལྟར་དུ་སྐབས་དེའི་ཧྥ་རན་སིར་རི་མོ་དང་འཇིམས་བཟོའི་ལས་རིགས། རྩོམ་རིགས་སྒྱུ་རྩལ་སོགས་ཕྱོགས་གང་ཐད་ནས་འཕེལ་རྒྱས་བླ་ན་མེད་པ་བྱུང་མྱོང་བ་རེད། དེ་ནང་བཞིན་སི་ཐང་ཏའ་ཡི《དམར་པོ་དང་ནག་པོ》ཞེས་པའི་བརྩམས་ཆོས་འདི་ཡང་སྤྱིའི་ཆ་ནས་རྒྱབ་ལྗོངས་དེ་འདྲའི་འོག་ནས་གསར་རྩོམ་བྱས་པ་ཞིག་ཡིན་ལ། དེའི་ནང་ནས་དམིགས་སུ་བཀར་ཏེ་རྩོམ་པ་པོས་བརྩམས་ཆོས་འདི་འབྲི་བཞིན་པའི་སྐབས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་སྤྱི་ཚོགས་ཀྱི་གནས་བབ་དེ་གང་འདྲ་རེད་ཅེས་ན།

༡༧༨༩ལོའི་ཟླ་༧པའི་ཚེས་༡༤ཉིན་ཧྥ་རན་སིའི་ལོ་རྒྱུས་སྟེང་མིང་གྲགས་ཆེ་བའི་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེའི་ལས་འགུལ་ལམ་གསར་རྗེས་ཆེན་མོ་ཞེས་བ་དེ་བྱུང་། གསར་བརྗེའི་ལས་འགུལ་འདི་ལྟ་བུར་མཚོན་ན། སྐབས་དེར་ནུབ་ཕྱོགས་ཀྱི་རིག་རྩལ་བསྐྱར་དར་རྗེས་ཀྱི་བསམ་བློའི་བློ་འབྱེད་ལས་འགུལ་མང་པོ་ཞིག་བསྟུད་མར་བྱུང་བ་དང་སྒྱུ་རྩལ་གྱི་ལས་རིགས་མང་པོ་གསར་དར་བྱུང་རྗེས། འབྱོར་ལྡན་གྲལ་རིམ་མི་དམངས་མང་ཚོགས་ཀྱིས་ཧྥ་རན་སིའི་བཀས་བཀོད་རྒྱུ་འཛིན་གྱི་སྲིད་དབང་སྒེར་གཅོད་ལམས་ལུགས་དང་ཆོས་ཚོགས་ཀྱིས་དམངས་ཀྱི་བསམ་བློར་བཙིར་གནོན་དང་ཁ་ལོ་བསྒྱུར་བའི་ངོ་བོ་དེ་མཇུག་སྒྲིལ་བའི་ཆེད་དུ་འོས་ལངས་བྱས་བའི་བློ་འབྱེད་ལས་འགུལ་ཞིག་རེད། འོ་ན་གསར་བརྗེ་འདི་ལངས་བའི་མཇུག་འབྲས་ནི་གང་འདྲ་རེད་ཅེས་ན། དུས་དེ་ནི་ཧྥ་རན་སིའི་པོའོ་ཕང་རྒྱལ་རབས(波旁王朝)ཀྱི་སྐབས་ཡིན་ལ། ཕལ་ཆེར་ལོ་ངོ་གསུམ་ཙམ་གྱི་རིང་གསར་བརྗེའི་ལས་འགུལ་དེ་ཡིས་ཧྥ་རན་སིའི་ལོ་ངོ་སྟོང་གི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་མགོ་རྟིང་སློགས་པར་བྱས། འབྱོར་ལྡན་གྲལ་རིམ་ནི་གཙོ་བོ་སྐབས་དེའི་སྤྱི་ཚོགས་སྟེང་གི་ཤེས་ལྡན་མི་སྣ་དང་མ་རྩ་ཅན་གྱི་འབྱོར་ཅན་བཅས་ཡིན་ལ་དེ་དག་གིས་རྒྱལ་བོའི་ལམས་ལུགས་མཇུག་རྫོགས་པ་ཡིན་འདུག དེར་བསྟུན་སྐབས་དེའི་སྤྱི་ཚོགས་ཀྱི་ཆོས་སྲིད་གཉིས་ཀྱི་ཐད་ནས་མི་རྣམས་ཀྱི་བསམ་བློར་འདྲ་མིན་སྣ་ཚོགས་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་བ་ལས་བསམ་བློའི་ཕྱོགས་ཁག་ཀྱང་སྣ་ཚོགས་གསར་དར་བྱུང་། དེ་ལས་ཆེས་རྒྱུག་ཆེ་བ་ནི་རྒྱལ་སྲུང་ཕྱོགས་ཁག(保皇党)སྟེ། རྒྱལ་བོའི་ལམ་ལུགས་ལ་སྲུང་སྐྱོབ་བྱེད་མཁན་དང་རང་དབང་རིང་ལུགས་སམ་མི་ཆོས་རིང་ལུགས་པ་གཉིས་ཡིན། མི་ཆོས་རིང་ལུགས་པས་གཙོ་བོ་མི་ལ་འགྲོ་བ་མིའི་ཐོབ་ཐང་དགོས་ཞེས། དཔེར་ན་ཆོས་ལུགས་གཅིག་གིས་བསམ་བློ་སྒེར་འཛིན་བྱས་ན་མི་ཆོག་ཟེར་བ་ལྟ་བུ་དང་། རང་དབང་རིང་ལུགས་པ་དེ་དག་ནི་གཙོ་བོ་སྤྱི་ཚོགས་སྟེང་གི་སྤྱིར་བཏང་གི་ཤེས་ལྡན་མི་སྣ་དང་མི་སེར་དག་ཡིན་ལ། དེ་དག་གིས་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་བྱེད་པ་དང་།  རྒྱལ་སྲུང་རིང་ལུགས་པ་ནི་ཆོས་དཔོན་དང་སྐུ་དྲག་སྐོར་ཡིན་ལ། དེ་དག་གིས་རྒྱལ་བོའི་ལམ་ལུགས་ལ་སྲུང་སྐྱོབ་བྱས་པས་ཕྱོགས་གཉིས་བར་འགལ་ཟླ་ཆེན་པོ་བྱུང་བ་རེད། དེའི་རྩོད་གཞི་གཙོ་བོ་གང་གི་ཐད་ནས་བྱུང་ཞེས་ན། སྤྱི་ཚོགས་ཀྱི་གྲལ་རིམ་མི་འདྲ་བས་སྐུ་དྲག་དང་ཆོས་ཕྱོགས་མི་སྣ་ལ་སྤྱི་ཚོགས་ཀྱི་ལས་སྒོ་གང་ཅི་སྟེ། དམག་ལ་ཞུགས་པ་དང་ཆོས་དཔོན་བྱེད་པ། དཔོན་པོར་འདུག་པ་སོགས་སྤྱི་ཚོགས་ཀྱི་གོ་གནས་དང་ཐོབ་བྱ་གང་གི་ཐད་ནས་ཀྱང་ཁོ་ཚོར་མི་སེར་ལས་ལྷག་པའི་ཁེ་དབང་ཡོད་མོད། འོན་ཀྱང་སྤྱིར་བཏང་གི་འབྱོར་མེད་གྲལ་རིམ་དང་མི་སེར་ལ་ཡུལ་དཔོན་དུ་འདུག་པའམ་དམག་དཔོན་དུ་འདུག་པ་ལ་སོགས་པའི་སྐབས་དེའི་སྤྱི་ཚོགས་ལས་མི་ཚེའི་རིན་ཐང་མངོན་པའི་ཁེ་དབང་དེ་མེད་པས།  གནད་དོན་དེའི་ཆེད་དུ་སོ་སོས་རང་ཐད་ཀྱི་ཁེ་ཕན་བརྩད། ཚང་མས་ཤེས་གསལ་ལྟར་སྐབས་དེར་ནའ་ཕོའོ་ལོན་(拿破仑)ཡང་རང་དབང་རིང་ལུགས་ཀྱི་བསམ་བློ་མཁན་ཡིན་པས། ཁོང་གིས་ནང་ཁུལ་ནས་རྒྱལ་སྲུང་རིང་ལུགས་པ་དང་འཐབ་རྩོད་བྱས་ནས་རྒྱལ་ཁ་བླངས་ཤིང་ཧྥ་རན་སིའི་ཆེས་མཐོའི་དབང་སྒྱུར་མི་སྣར་གྱུར་བ་དང་། ཁོང་གི་མི་ཚེ་གང་བོར་ཧྥ་རན་སིའི་རྒྱལ་ཁབ་ཀྱི་མངའ་ཁོངས་རྒྱ་བསྐྱེད་ཆེད་མཐའ་འཁོར་གྱི་རྒྱལ་ཁབ་མང་པོ་དང་གཡུལ་འགྱེད་དྲག་པོ་བྱས་པ་རེད།  ནའ་ཕོའོ་ལོན་གྱིས་ཨུ་རུ་སུར་དམག་འཁྲུག་རྒྱག་དུས། སྐབས་དེའི་ནའ་ཕོའོ་ལོན་གྱི་དམག་གི་ཁྲོད་དུ་སྐད་རིགས་བཞི་བཅུ་ལྷག་བཤད་བཞིན་ཡོད་པར་གྲགས། སྐབས་དེར་ཧྥ་རན་སི་དེ་ཡོ་རོབ་གླིང་གི་ཆེས་སྟོབས་ལྡན་གྱི་རྒྱལ་ཁབ་དུ་གྱུར་མོད། འོན་ཀྱང་མཇུག་མཐར་ཧའ་ཐེ་ལུའུ(滑铁卢)གཡུལ་འགྱེད་ཁྲོད་ཕམ་ཁ་ཉོས། སྐབས་དེར་ཁོ་རང་ཆེས་མཐོའི་དབང་སྒྱུར་མི་སྣ་ཡིན་ནའང་རྒྱལ་སྲུང་རིང་ལུགས་ཀྱི་སྟོབས་ཤུགས་དེ་ད་དུང་ཡོད་པས།  རྗེས་སུ་ཁོང་གི་ཕུགས་བསམ་མང་པོ་ཞིག་མངོན་འགྱུར་བྱེད་མ་ཐུབ།  ཕྱིས་སུ་ཡང་རང་དབང་རིང་ལུགས་དང་རྒྱལ་སྲུང་རིང་ལུགས་གཉིས་ཡུན་རིང་འཐབ་རྩོད་བྱས་མཐར། ནའ་ཕོ་ལོན་གྱི་ཚ་བོ་ཞིག་ཧྥ་རན་སིའི་རྒྱལ་བོར་བཞུགས་ཤིང་། སྐུ་ཕྲེང་གསུམ་པའི་སྐབས་སྟེ་༡༨༧༠ལོའི་ཟླ་༩པའི་ཚེས་༢ཉིན་འཇར་མན་གྱིས་ཧྥ་རན་སིར་བཙན་འཛུལ་བྱས་བར། ནའ་ཕོ་ལོན་སྐུ་ཕྲེང་གསུམ་པས་བཙན་འཛུལ་དེ་ལ་འགོག་པའི་ཆོད་སེམས་མེད་པས། མང་ཚོགས་ཡར་ལངས་ནས་རྒྱལ་པོ་གོ་ས་ནས་གཡུགས་ཏེ་འཇར་མན་དང་འཐབ་རྩོད་བྱས་མཐར་བཙན་འཛུལ་མཁན་མཐར་སྐྲོད་དུ་བཏང་ནས་དམངས་ལ་དབང་བའི་སྤྱི་མཐུན་རྒྱལ་ཁབ་ཅིག་བཙུགས། དེ་ནས་བཟུང་འཛམ་གླིང་སྟེང་མིང་གྲགས་ཆེ་བའི་དམག་དོན་དང་ཆབ་སྲིད། ཁྲིམས་ལུགས་བཅས་སོ་སོར་དབྱེ་པའི་སྤྱི་མཐུན་ཆབ་སྲིད་ལམ་ལུགས་བྱུང་། འོ་ན་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འདི་འདྲའི་འོག་ནས།  སི་ཐང་ཏའ་ཡིས་བརྩམས་ཆོས་འདི་འདྲ་ཞིག་བརྩམས་དགོས་དོན་ཅི་ཡིན་གྱི་ཐད་ནས་ཞོལ་ནས་སློབ་གྲོགས་རྣམས་ལ་ཁོང་དང་འབྲེལ་བའི་ལོ་རྒྱུས་ཐུང་ངུ་ཞིག་ངོ་སྤྲོད་བྱས་ན་གོ་བ་གསལ་བོ་ལོན་ཡོང་སྟེ།

སི་ཐང་ཏའ་ནི་༡༧༨༣ལོའི་ཟླ་༡པོའི་ཚེས་༢༣ཉིན་ཧྥ་རན་སིའི་ཀེ་ལེ་ནོའོ་པུར་གྲོང་ཁྱེར(格勒诺布尔)གྱི་འབྱོར་ལྡན་ཁྱིམ་ཚང་ཞིག་ནས་སྐྱེས་ཤིང་། ཨ་ཕ་ནི་ཁྲིམས་རྩོད་པ་ཞིག་ཡིན་ལ་ཨ་མ་ནི་ཚོང་དཔོན་ཞིག་གི་བུ་མོ་ཡིན།  ཁྱིམ་ཚང་ནི་གྲལ་རིམ་ཅུང་མཐོ་ཤོས་ཅན་ཏེ་རྒྱལ་སྲུང་ཕྱོགས་ཁག་ཏུ་གཏོགས་མོད། འོན་ཀྱང་ཁོ་རང་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་ནས་ཡུན་གྱིས་བསམ་བློའི་ཁ་ཕྱོགས་དེ་རང་དབང་རིང་ལུགས་པའི་ཕྱོགས་སུ་འཁོར་ནས་རང་དབང་དང་དམངས་གཙོ་ལ་བརྩོན་ལེན་བྱེད་རྒྱུར་གཞོལ།  ཁོང་གིས་ཆུང་དུས་ནས་ཁྱིམ་ཚང་གི་སློབ་གསོ་སྤུས་ལེགས་མྱོང་ལ་ལོ༡༣སྟེང་ཉེ་འཁོར་གྱི་སློབ་འབྲིང་ཞིག་ཏུ་སློབ་གཉེར་མཛད་པར།  ཁོང་ཉིད་རྩིས་རིག་ལ་ཧ་ཅང་མཁས་པོ་བྱུང་གཤིས་༡༧༩༩ལོའི་ཟླ་༡པོར་རྒྱལ་ས་ཕ་ལིར(巴黎)ཡོང་ནས། ཕལ་ཆེར་མཐོ་རྒྱུགས་འདྲ་བོ་ཞིག་ཡིན་ཤོས་ཆེ། དེར་རྒྱུགས་སྤྲད་ཅིང་རང་བྱུང་ཚན་རིག་སྐོར་གྱི་ཤེས་བྱ་ཡར་རྒྱས་བཏང་ནས་དེའི་ཐད་ཀྱི་གྲུབ་འབྲས་ཆེན་པོ་ཞིག་ལེན་འདོད་མོད།  འོན་ཀྱང་དེའི་ཕྱི་ལོ་༡༨༠༠ལོ་ནའ་ཕོ་ལོན་གྱིས་དམག་དྲངས་ནས་ཨོ་ཏི་ལི(奥地利)ལ་དཔུང་འཇུག་བྱས་པ་དང་ཕྱོགས་བཞིར་རྒྱ་བསྐྱེད་པའི་དུས་ལ་འཁེལ་བས། ཁོང་གིས་རྒྱུགས་སྤྲོད་མ་ཐུབ་པར། དགའ་མོས་ཤིག་ཡིན་མིན་མི་ཤེས་ཀྱང་། སྟེས་དབང་ཞིག་གིས་ཁོ་རང་དམག་ཏུ་ཞུགས་དགོས་བྱུང་།  དེ་ནས་བཟུང་ཁོ་རང་དཔུང་བསྐྱོད་དང་བསྟུན་ནས་རྒྱལ་ཁབ་མང་པོར་ཕྱིན་ནས་དམག་འཁྲུག་ཏུ་ཞུགས་ཤིང་། རྗེས་སུ་དམག་དཔོན་གྱི་གོ་གནས་ཀྱང་ངེས་ཅན་ཞིག་ཐོབ་མྱོང་བ་མ་ཟད། ནའ་ཕོའོ་ལོན་གྱིས་དམག་ཁྲི་༤༠ལྷག་ལ་བཀོད་འདོམས་བྱས་ནས་ཨུ་རུ་སུ་དང་གཡུལ་འགྱེད་བྱས་ཤིང་དེའི་རྒྱལ་ས་མོ་སི་ཁུ(莫斯科)སོགས་ལ་དཔུང་འཇུག་བྱེད་དུས་ཁོ་རང་ཡང་དེར་ཞུགས་མྱོང་། ཡིན་ནའང་མཐར་ཧའ་ཐེ་ལུའུ(滑铁卢)དམག་འཁྲུག་ལས་ནའ་ཕོའོ་ལོན་གྱིས་ཕམ་ཁ་མྱངས་ནས་ཕྱིར་ལོག་རྗེས་སི་ཐང་ཏའ་ཡི་དམག་དཔོན་གྱི་ཐོབ་ཐང་ཡང་ཡོངས་སུ་མེད་པར་གྱུར། བརྒྱུད་རིམ་འདིའི་ཁྲོད་ནས་ཁོང་གིས་ནའ་ཕོའོ་ལོན་གྱི་ཆེས་རླབས་ཆེ་བའི་དུས་དངོས་སུ་བརྒྱུད་མྱོང་ལ་། ཐ་ན་ནའ་ཕོའོ་ལོན་གཡུལ་ལས་ཕམ་སྟེ་ཆེས་ཉམས་ཐག་པའི་དུས་ཀྱང་དངོས་སུ་མཐོང་ནའང་། ཁོང་གིས་ནའ་ཕོའོ་ལོན་གྱི་སྙིང་སྟོབས་དང་དཔའ་མཛངས་ལ་ཡིད་སྨོན་བྱེད་ཅིང་། ཁོང་གི་མི་ཚེ་ཧྲུལ་བོའི་ཆེས་དད་པ་བྱེད་ས་དེ་ཡང་ནའ་ཕོའོ་ལོན་ཡིན་ཞིང་། ཁོའི་སེམས་སུ་ནའ་ཕོའོ་ལོན་ནི་མིའི་རིགས་ཀྱི་མགོན་སྐྱབས་ཤིག་ཡིན་པའི་འདུ་ཤེས་ཤིག་སྐྱེས་ཡོད་ལ། ནའ་ཕོའོ་ལོན་གྱི་བསམ་བློ་ཅི་འདྲ་ཡིན་ན་ཁོ་ཡང་དེ་ལ་འཐད་པའི་ཚད་དེ་འདྲ་ཞིག་ཏུ་ཐོན་འདུག  ཡིན་ནའང་གང་ལྟར་དམག་འཁྲུག་གི་ཕམ་ཁ་ལས་ཕྱིར་ལོག་དགོས་བྱུང་།   སྐབས་དེའི་དམག་འཁྲུག་གི་བར་ཆད་དེའི་རྐྱེན་གྱིས་ཁོང་ལ་རང་བྱུང་ཚན་རིག་ཕྱོགས་ནས་གྲུབ་འབྲས་མ་བྱུང་མོད། འོན་ཀྱང་ཁོང་ཉིད་ལ་རྩོམ་རིག་གི་ཐད་ནས་ལྷན་སྐྱེས་ཀྱི་རྣམ་དཔྱོད་ལྡན་ཁར་གསར་རྩོམ་གྱི་རྒྱུ་ཆ་གྲུབ་བྱེད་ཀྱི་དོན་རྐྱེན་མང་པོ་ཞིག་དངོས་སུ་བརྒྱུད་མྱོང་པས། ཁོང་གིས་རྩོམ་རིག་ཐད་ལ་འབད་པ་བྱས་ནས་སླད་ཕྱིན་གཞུང་ལུགས་དང་བརྩམས་སྒྲུང་སྐོར་གྱི་དཔེ་ཆའང་མང་པོ་སྤེལ་ཐོན་བྱུང་།  དེ་ལས《དམར་པོ་དང་ནག་པོ》ཞེས་པ་འདི་སྐབས་དེའི་སྤྱི་ཚོགས་ཀྱི་རྒྱལ་སྲུང་རིང་ལུགས་དང་རང་དབང་རིང་ལུགས་གཉིས་བར་འགལ་ཟླ་བྱུང་ནས། མཚམས་རེར་རང་དབང་རིང་ལུགས་རྒྱལ་བ་དང་མཚམས་རེར་རྒྱལ་སྲུང་ཕྱོགས་ཁག་རྒྱལ་བས། རྒྱལ་སྲུང་ཕྱོགས་ཁག་རྒྱལ་དུས་ཁོ་ཡང་དུས་ངེས་མེད་དུ་རྒྱལ་སྲུང་རིང་ལུགས་པས་འཛིན་བཟུང་བྱེད་པའི་སྣང་ཚུལ་སོགས་ཀྱང་ཡོད་པར།  སྤྱི་ཚོགས་ཀྱི་གནོན་ཤུགས་འདྲ་མིན་སྣ་ཚོགས་བྱུང་བའི་ཟིང་ཟིང་གི་གནས་བབ་ལ་སུན་འབྱིན་དང་དབང་སྒྱུར་གྲལ་རིམ་པའི་རུལ་སོང་གི་རྣམ་པར་དགག་བཞག་བྱེད་རྒྱུར་དམིགས་ནས་བྲིས་བ་ཞིག་ཡིན་འདུག། འོ་ན་ཐད་ཀར་དུ་བརྩམས་ཆོས་འདི་འབྲི་བའི་རྒྱུ་ཆ་གང་ནས་རྙེད་སོང་ཞེས་ན། སྐབས་དེར་ཧྥ་རན་སིའི་སྲིད་འཛིན་སྤྱི་བསྒྲགས(司法公报)ཟེར་བའི་༡༨༢༨ལོའི་ཟླ༡༠པའི་ཚགས་པར་ངོས་སུ་མི་གསོད་གྱོད་གཞི་གཉིས་བཀོད་ཡོད་པ་དེར་བརྟེན་ནས་བྲིས་པ་ཞིག་ཡིན་འདུག  གྱོད་གཞི་དང་པོ་ནི་ཀེ་ལེ་ནོའོ་པུར་གྲོང་ཁྱེར(格勒诺布尔)གྱི་ཁྱིམ་ཚང་ཞིག་གི་དགེ་རྒན་གྱིས་ཁྱིམ་བདག་མ་བསད་པའི་གསར་འགྱུར་ཅིག་དང་། གཞན་རྒྱལ་ས་ཕ་ལིའི་ཤིང་བཟོ་ཞིག་གི་བུས་རང་ཉིད་གཡོག་པོ་བྱེད་སའི་འབྱོར་ལྡན་ཁྱིམ་ཚང་ཞིག་གི་ཁྱིམ་བདག་མ་བསད་པ་ཞིག་བཀོད་ཡོད་པའི་གསར་འགྱུར་གྱི་རྒྱུ་ཆ་གཉིས་ལ་བརྟེན་ནས་ཟུང་འབྲེལ་གྱིས་བྲིས།  

1556002032439029.jpg

དེ་ན་ང་ཚོས་མཉམ་འཇོག་བྱེད་དགོས་ས་གཉིས་ཡོད་དེ། གཅིག་ནི་ཁྱིམ་ཚང་གི་དགེ་རྒན(家庭教师)གྱིས་ཁྱིམ་བདག་མ་བསད་པ་དང་། གཅིག་ནི་རྒྱལ་ས་ཕ་ལིའི་ཤིང་བཟོ་ཞིག་གི་བུས་རང་གིས་གཡོག་བྱེད་སའི་ཁྱིམ་བདག་མ་བསད་པའི་གྱོད་གཞི་འདི་གཉིས་ཀ་རྩོམ་པ་པོ་སི་ཐང་ཏའ་ཡིས《དམར་པོ་དང་ནག་པོ》ཞེས་པའི་བརྩམས་ཆོས་འདི་འབྲི་བའི་ས་བོན་བྱས་ནས། གོང་གི་གསར་འགྱུར་ལས་མི་སྣ་འདི་གཉིས་དང་ཟུང་འབྲེལ་གྱིས་རྗེས་ཀྱི་བརྩམས་ཆོས་འདི་བྲིས་བ་ཡིན་འདུག་པས། གཞུག་གི་སློབ་ཁྲིད་ཁྲོད་དུ་རྒྱུ་ཆ་འདི་གཉིས་ནི་ང་ཚོས་མཉམ་འཇོག་བྱེད་དགོས་ས་གལ་ཆེན་གཉིས་རེད། འདི་དག་ནི་རྩོམ་པ་པོའི་ལོ་རྒྱུས་དང་བརྩམས་སྒྲུང་གི་ས་བོན་ནམ་གཞི་བཅོལ་ས་དེ་ཡིན།

འོ་ན་བརྩམས་ཆོས་འདིའི་ནང་ན་བཤད་བཞིན་པ་ནི་ཅི་ཞིག་ཡིན་ཞེས་ན། དེ་ནི་ཧྥ་རན་སིའི་རྒྱལ་ཁབ་ཀྱི་ཧྥོའོ་ལང་ཧྲི་ཁོང་ཐེད(佛朗仕孔泰)ཞིང་ཆེན་ཝེ་ལེར་ཡེ་ཨེར་གྲོང་བརྡལ་(维立叶尔诚)གྱི་ཤིང་བཟོའི་ཁྱིམ་ཚང་ཞིག་ལ་བུ་ཡུའུ་ལེན(于连)ཟེར་བ་ཞིག་ཡོད་པ་དེའི་ཁྱིམ་ཚང་ནི་འབྱོར་ཅན་མིན་ལ་གྲལ་རིམ་ཡང་དམའ་མོ་ཡིན་མོད། འོན་ཀྱང་ཡུའུ་ལེན་ལ་ཆུང་དུས་ནས་ཕ་ལོའི་སློབ་གསོ་ལེགས་པོ་ཐོབ་ཅིང་། ལྟོས་བཅས་ཀྱིས་གྲོང་བརྡལ་དེའི་ནང་ནས་རྒྱུགས་སྤྲོད་པ་སོགས་བྱུང་ན་ཨང་དང་པོ་ཐོབ་པ་དང་།  ཕྱིའི་སྐྱེས་གཟུགས་ཡག་ལ་ཕོ་རྒོད་འཛོམས་པ་སོགས་ཕྱི་ནང་གཉིས་ཀའི་ཡོན་ཏན་གྱིས་གྲོང་བརྡལ་དེའི་ནང་ན་མིང་གྲགས་ཆེ་བའི་མི་སྣ་གྱུར་འདུག ཡུའུ་ལེན་ལོ༡༩ལོན་པའི་ལོ་དེར་སྤྱིའི་ཆ་ནས་རང་དབང་རང་ལུགས་པས་ངོ་རྒོལ་བྱེད་བཞིན་ཡོད་ནའང་དབང་ཆ་ད་དུང་རྒྱལ་སྲུང་ཕྱོགས་ཁག་གི་ལག་ཏུ་ཡོད་པའི་དུས་ཤིག་ཡིན་པས། གྲོང་བརྡལ་འདིའི་གྲོང་དཔོན་ཏི་རེའོ་ནའ德瑞那ཞེས་པ་དེའང་སྐུ་དྲག་ཅིག་ཡིན་འདུག   སྐབས་དེར་གྲོང་བརྡལ་དེའི་ནང་ན་ཐོལ་བྱུང་ཕྱུག་པོ(暴发户)ཞིག་ཡོད་པར། གྲོང་དཔོན་ཏི་རེའོ་ནའི་སེམས་ནས་ཐོལ་བྱུང་ཕྱུག་པོ་དེས་རྟ་གཉིས་ལ་གྱོན་པའི་ཤིང་རྟ་འཁོར་ལོ་འདྲུད་པའི་སྣང་ཚུལ་ལ་ཁྲག་དོག་སྐྱེས་ཤིང་།   ཐོལ་བྱུང་ཕྱུག་པོ་དེས་ལྭ་གསར་བ་གྱོན་པ་དང་རྟ་ཡག་པ་གཉིས་ཉོ་བ་སོགས་ས་དེ་ལ་མཚོན་ན་ལྟོས་བཅས་ཀྱིས་རྒྱས་སྤྲོས་ཡིན་པའི་འཚོ་བ་དེར་འགྲན་འཛུགས་ཆེད་དུ་གྲོང་བརྡལ་དེའི་ནང་གི་ཆེས་འཇོན་ཐང་ཅན་གྱི་མི་དེ་ན་གཞོན་ཡོའུ་ལེན་རང་གི་ཁྱིམ་ཚང་གི་དགེ་རྒན་དུ་བསུ་དགོས་སྙམ། དེར་བསྟུན་ཡུའུ་ལེན་གྲོང་དཔོན་གྱི་ཁྱིམ་ཚང་གི་དགེ་རྒན་དུ་གླས། ཡུའུ་ལེན་གྲོང་དཔོན་ཚང་ལ་ཡོང་རྗེས་དེ་ཚང་ལ་བྱིས་པ་གསུམ་ཡོད་པ་ལས་གྲོང་དཔོན་གྱིས་གཅིག་དམག་དཔོན་དུ་འདུག་དགོས་པ་དང་། གཅིག་ཆོས་དཔོན་དུ་འདུག་དགོས། གཅིག་སྲིད་ཁྲིམས་དཔོན་དུ་འདུག་དགོས་ཞེས་ཡུའུ་ལེན་ལ་དེ་འདྲའི་རེ་བ་བཏོན།  འདིའི་སྟེང་ནས་ཀྱང་སྐུ་དྲག་རྣམས་ཀྱིས་དབང་ཆ་སྒེར་སྤྱོད་བྱེད་པའི་ཧམ་སེམས་དང་དམིགས་ཡུལ་དེར་ཟུར་ཟ་བྱེད་བཞིན་ཡོད་པ་མངོན་ཐུབ།  དེ་ནས་ཡུའུ་ལེན་གྲོང་དཔོན་ཚང་གི་དགེ་རྒན་དུ་གྱུར་རྗེས་ཁོའི་ཐབས་ལམ་འགྲིག་སོང་ཟེར་ནའང་ཆོག་གང་ལྟར་རང་གི་འཇོན་ཐང་ལ་བརྟེན་ནས་བྱིས་པ་ཚོར་སློབ་གསོ་འབུར་དུ་ཐོན་པ་བཏང་བས།  གྲོང་དཔོན་ཚང་ནས་ཁོའི་ཟས་གོས་གནས་མལ་ལ་ཁག་ཐེགས་ཐོབ། སྐབས་དེར་ཁྱིམ་ཚང་དེའི་ཁྱིམ་བདག་མར་གཡོག་མོ་ཞིག་ཡོད་པ་དེ་ཡུའུ་ལེན་གྱི་སྟེང་ལ་དགའ་མོས་བྱུང་།  རྒྱུ་མཚན་ནི་ཡུའུ་ལེན་ལ་ཡོན་ཏན་ཡོད། སྐྱེས་གཟུགས་ཡག བློ་རིག་རྒོད་པ་སོགས་སྐྱེས་པ་ཞིག་གི་འཛོམས་དགུ་འཛོམས་པས།   མོས་མངོན་ལྐོག་གཉིས་ནས་ཡུའུ་ལེན་ལ་དགའ་མདོག་བསྟན་མོད་ཀྱང་།  ཡུའུ་ལེན་མོ་ལ་མ་དགའ། རྒྱུ་མཚན་ནི་ཡུའུ་ལེན་ལ་ནམ་ཉིན་དུས་ཞིག་ལ་རྒྱལ་ས་ཕ་ལིར་སོང་ནས་ཕུགས་བསམ་མངོན་འགྱུར་བྱེད་པའི་དམིགས་འབེན་ཆེན་པོ་ཡོད་ཅིང་ཞེ་སྣང་མཐོ་བས་དང་ལེན་མ་བྱས། བསམ་ཡུལ་ལས་འདས་པ་ལ་ཁྱིམ་ཚང་གི་བདག་མོ་ལྕམ་རེའོ་ནའ་(瑞纳夫人)ཡོའུ་ལེན་གྱི་བློར་བབས་ནས་ཐབས་རྒྱ་ཇུས་སྟོང་གིས་ཁོ་མོའི་དུང་སེམས་བཀུག་ནས་ཁོ་མོ་དང་འབྲེལ་བ་འབྱུང་བའི་དམིགས་ཡུལ་བཅངས། དེས་བས་ཁོ་རང་གིས་འཆར་གཞི་ཡོད་པའི་སྒོ་ནས་ཁྱིམ་བདག་མའི་དགའ་ཕྱོགས་དང་གཤིས་རྒྱུད་ལ་བརྟག་དཔྱད་བྱས་ཤིང་། ཁྱིམ་བདག་མའི་ཡིད་དབང་ཇི་ལྟར་བཀུག་པའི་སྐོར་བརྩམས་ཆས་ནང་ནས་ཀྱང་གསལ་བོ་མཐོང་ཐུབ། དཔེར་ན་སྐད་ཆ་ཇི་ལྟར་བཤད་པ་དང་གྱོན་པ་གང་འདྲ་གྱོན་ན་དགའ་བའི་སྐོར་ལ་མཉམ་འཇོག་ནན་མོ་བྱས་མཐར་ལྕམ་རེའོ་ནའ་དེ་སྔོན་ཆད་ཀྱི་རིག་གནས་སོགས་གནའ་ཐོས་མང་པོའི་སྐོར་ལ་དགའ་མཁན་ཞིག་ཡིན་པ་ཤེས་པས། ཁོས་ཀྱང་དེའི་སྐོར་དག་བཤད་པ་དང་ལྕམ་རེའོ་ནའ་ལ་དགའ་ཞེས་བཤད་འདོད་ནའང་ཐད་ཀར་བཤད་མ་ཕོད། དེ་ནས་ཁོས་འཆར་གཞི་ལྟར། ཉིན་དང་པོར་ཁྱམས་ར་ནས་ཟ་མ་ཟས་རྗེས་ཁྱོ་ག་བྲལ་ཤུལ་དང་བྱིས་པ་ཚོ་མེད་ས་ནས་ལྕམ་རེའོ་ནའ་དང་ཁ་བརྡ་བྱས་ཤིང་མ་མཐའ་ཡང་རང་གི་ལག་པ་དེ་ཁོ་མོའི་ལག་པར་རེག་དགོས་སྙམ། (ཧ་ཧ་ཧ) ཡུའུ་ལེན་གྱི་དམིགས་ཡུལ་དང་པོ་དེ་རེད།  འོན་ཀྱང་ཉིན་དང་པོར་རེག་མ་ཐུབ་པས་ཉིན་གཉིས་པར་ངེས་པར་དུ་རེག་དགོས་སྙམ། ཉིན་གཉིས་པར་ཡང་ཁོས་འཆར་ཡན་གྱི་མཁའ་དབུགས་དག་བསྐྲུན་ནས་ལྕམ་རེའོ་ནའི་ལག་པར་རེག་རྒྱུ་བྱས་ལ། གལ་ཏེ་རེག་ཐུབ་སོང་ན་མོའི་རྣམ་འགྱུར་ལ་བལྟས་ནའང་འཐད་མི་འཐད་ཤེས་ངེས་ཡིན་འདུག་པས། ཁོས་འཆར་གཞི་ལྟར་ཁ་བརྡ་མང་བོ་བྱས་ནས་ཡུན་གྱིས་ཁྱིམ་བདག་མའི་ལག་པར་རེག་རྩིས་བྱེད་དུས་ཁྱོ་ག་ཕྱིར་ལོག་པས་རེག་ཐུབ་མ་བྱུང་། གང་ལྟར་རྒྱུ་རྐྱེན་མང་པོའི་དབང་གིས་ཉིན་ཆ་ཅིག་ལ་རེ་བ་དེ་མ་འགྲུབ།   འོན་ཀྱང་ཉིན་ཞིག་གི་དགོང་མོ་ཁོ་ཚོས་མཉམ་གཅིག་ཏུ་ཁྱམས་ར་ནས་ཟ་མ་ཟ་དུས་ཁོས་མོའི་ཁྱོ་གས་མཉམ་འཇོག་མ་བྱས་བའི་གླགས་དང་བསྟུན་ནས་ཁྱིམ་བདག་མའི་ལག་པར་རེག(ཧ་ཧ་ཧ) དེ་དུས་ལྕམ་རེའོ་ནའ་ཡང་དངངས་འཚབ་སྐྱེས་ནའང་མི་དགའ་བའི་རྣམ་འགྱུར་མ་བསྟན་པ་མ་ཟད། མོས་ཀྱང་ཡུའུ་ལེན་གྱི་སྟེང་དུ་མོས་བ་ཡོད་པའི་ཉམས་འགྱུར་ཞིག་མངོན། སྐབས་དེའི་སྐོར་གྱི་སེམས་ཁམས་ཞིབ་འབྲིའི་སྟེང་ནས་ཞིབ་ཆ་ཧ་ཅང་ལྡན་པ་དེ་ང་ཚོས་འོག་གི་རིམ་པའི་ནང་ནས་ཡུན་གྱིས་བལྟ་དང་ཤེས་ཡོང་། གང་ལྟར་སྐབས་དེར་ལག་པར་རེག་ཐུབ་པ་ནས་བཟུང་ཁོའི་ཡིད་ལ་རེ་བས་ཁེངས་ཤིང་འཆར་གཞི་གཉིས་པ་ལག་བསྟར་དུ་ཕབ་པའི་དམིགས་ཡུལ་བཅངས། དེ་ལྟར་དགོང་མོ་ཁྱིམ་མི་ཚང་མ་རང་སོ་སོའི་ཁང་བའི་ནང་ན་ཉལ་དུས།  སྐབས་དེར་ཁྱོ་ཤུག་གཉིས་ཁང་བ་སོ་སོའི་ནང་ན་ཉལ་བཞིན་ཡོད་པ་འདྲ།  མཚན་གུང་ཡུའུ་ལེན་ཁ་རོག་གེར་ལྕམ་རེའོ་ནའི་ཉལ་ཁང་གི་ནང་སོང་ནས་ཁོ་མོའི་སྟེང་དགའ་བའི་རྣམ་འགྱུར་དག་སྟོན་དུས་མ་གཞི་ཁོ་མོའང་ཁོའི་སྟེང་ལ་དགའ་ཡོད་པ་ལྷང་ངེར་མངོན་པས། མཐར་ཁོ་གཉིས་བར་དགའ་རོགས་ཀྱི་ཕོ་མོའི་འབྲེལ་བ་ཆགས་ཤིང་། དུས་རྒྱུན་གཞན་གྱིས་མི་ཚོར་བའི་གནས་ཚུལ་འོག་ཁོ་གཉིས་མལ་ཁྲི་གཅིག་གི་དགའ་མགུའི་སྐྱིད་ལ་རོལ་ཞིང་སྙིང་གཏམ་གླེང་བར་བྱས།(ཧ་ཧ་ཧ)   ཐེངས་ཤིག་གྲོང་བརྡལ་དེར་རྒྱལ་པོ་སྐོར་ཞིབ་དུ་ཕེབས་ནས་ས་དེའི་སྐུ་དྲག་ནང་ནས་ཕོ་རྒོད་ཅན་རྣམས་རྒྱལ་པོའི་སྲུང་འཁོར་དུ་འདེམས་རྩིས་ཡོད་པ་ལྕམ་རེའོ་ནའ་ཡིས་ཤེས་བའི་མོད་ལ།  རང་ཉིད་ཀྱི་དགའ་གྲོགས་ཀྱང་འཇོན་ཐང་ལྡན་ལ་ཕོ་རྒོད་འཛོམས་པས་དེའི་ནང་འདེམས་ཐུབ་ན་ཅི་མ་རུང་སྙམ་སྟེ་ཡིད་སྨོན་སྐྱེས་ཤིང་། དེ་མུར་ཁོ་མོས་ཐབས་རྒྱ་ཇུས་སྟོང་གིས་སྔོན་མའི་སྲུང་འཁོར་ལས་མི་གཅིག་མར་གཡུགས་ནས་ཡུའུ་ལེན་སྲུང་འཁོར་གྱི་གྲལ་དུ་བཅུག     ཡིན་ནའང་ཡུའུ་ལེན་ནི་གྲལ་རིམ་དམའ་བའི་ཤིང་བཟོ་ཞིག་གི་བུ་ཡིན་པས་སྐབས་དེའི་སྤྱི་ཚོགས་སྟེང་ནས་མི་འཐད་པའི་གཏམ་མི་ཁ་མང་པོ་བྱུང་ཕྱིར།  ཡུའུ་ལེན་ས་དེ་ནས་འདུག་མ་ཐུབ་པར་རྒྱལ་ས་ཕ་ལིར་ཕྱིན་ནས་ཆོས་དཔོན་ཞིག་གི་ངོ་སྤྲོད་བརྒྱུད་དེ། མིང་ལ་ལའ་མོའོ་ཨར(拉莫尔侯爵)ཟེར་བའི་སྐུ་དྲག་ཁྲི་དཔོན་ཚང་གི་གཡོག་པོའམ་དྲུང་ཡིག་ཏུ་བསྡད་ནས་དུས་ཡུན་ཅུང་ཟད་འགོར་རྗེས་ཁྲི་དཔོན་དེའི་མཐོང་ཆེན་ཐོབ། དེར་བསྟུན་ཡང་ཁྱིམ་ཚང་དེར་མའ་འེར་ཐེ(玛尔特)ཞེས་པའི་བུ་མོ་ཞིག་ཡོད་པ་དེ་སྒེར་གཤིས་དོད་པོ་ཡིན་ལ་སྤྱོད་པ་རྟེའུ་བཞིན་དུ་རྒོད། མ་གཞི་ནས་ཡུའུ་ལེན་ལ་མི་ཚོགས་གྲལ་ནས་མགོ་འཕངས་བསྟོད་པའི་མཐར་ཐུག་གི་དམིགས་འབེན་དང་ཕུགས་བསམ་ཡོད་པས།ཁོ་རང་གྲལ་རིམ་མཐོ་བ་དང་འབྱོར་ཅན་གྱི་བུད་མེད་ལ་བརྟེན་ནས་གོ་ས་བསྟོད་དགོས་པའི་དབང་གིས་ཡང་མའ་འེར་ཐེ་ལ་བག་ཆགས་ཡག་པོ་བཞག་ནས་ཚུར་འགུགས་པའི་བློ་སྐྱེས། དེ་ལྟར་ཡུའུ་ལེན་གྱིས་ཀྱང་མའ་འེར་ཐེའི་དགའ་ཕྱོགས་དང་གཤིས་རྒྱུད་ཀྱི་ཐད་ནས་བརྟག་དཔྱད་བྱས་མཐར། མའ་འེར་ཐེ་དེ་གསར་བུ་དྲགས་ཤེད་ཅན་དང་གཤིས་རྒྱུད་གྱོང་རྒོད་ཅན་ལ་མོས་པ་ཤེས་ཕྱིན། དགོང་མོ་ཞིག་ལ་ཡུའུ་ལེན་ཁ་རོག་གེར་སོང་ནས་མའ་འེར་ཐེའི་ཁང་བའི་དྲ་མ་རྡུང་བ་ན།  སྐབས་འདིར་གལ་ཏེ་མའ་འེར་ཐུ་ཁོའི་སྟེང་ལ་བརྩེ་དུང་གི་ཚོར་བ་དེ་མེད་པར་མོའི་ཕ་རྒན་ལ་བཤད་པའི་དབང་དུ་བཏང་ན་ཁོ་རང་ཁྲི་དཔོན་ཚང་ནས་ཕྱིར་ཕུད་རྒྱུ་ལས་མེད་མོད། འོན་ཀྱང་མོས་དྲ་མའི་སྒོ་ཕྱེ་ནས་ཡུའུ་ལེན་ནང་ལ་ཡོང་དུ་བཅུག་པའི་མོད་ལ་མོས་སྐད་ཆ་ཚིག་གཅིག་བཤད་པ་ནི། འོ། མ་གཞི་ཁྱོད་རེད་ལ(原来是你啊!)ཞེས་པ་དེ་རེད།     སྐད་ཆ་དེ་གཅིག་པུ་བྲིས་ཡོད་པ་ལས་དེའི་རྗེས་ནས་ཅི་བྱུང་བཀོད་མེད་པས་འདི་ཡང་རྩོམ་པ་པོའི་གཞན་དང་མི་མཐུན་པའི་སྒྱུ་རྩལ་གྱི་མཚོན་སྟངས་ཤིག་ཡིན།  དེ་ནས་བཟུང་མའ་འེར་ཐེ་དེ་ཡུའུ་ལེན་གྱི་སྟེང་ལ་དགའ་མོས་དྲག་པོ་བྱུང་ཞིང་། ཁོ་མོས་ཡུའུ་ལེན་དེ་མ་འོངས་བར་ཡུན་གྱིས་མོ་རང་གི་ཁྱོ་ག་བྱེད་ཐུབ་པར་རེ་སྨོན་སྐྱེས་ཤིང་དེར་བསྟུན་གྱི་འབད་པ་དང་ཐབས་ཇུས་འཐེན་ལ།  ཡུའུ་ལེན་མའ་འེར་ཐུ་དང་ཁྲི་དཔོན་གྱི་མཐོང་ཆེན་དང་ཡར་འཇོག་ལ་བརྟེན་ནས་ས་དེའི་སྐུ་དྲག་གི་ཚོགས་པའི་ནང་ནས་རྐང་ཚུགས་ཤིང་ཀུན་གྱིས་བརྩི་མཐོང་ཆེན་པོ་བྱས་པས།ཀུན་གྱིས་ན་གཞོན་འདིའི་བྱ་བ་སྤྱོད་པ་གང་གི་ཐད་ནས་བལྟས་ན་ཡང་ཁོ་རང་ཤིང་བཟོ་ཞིག་གི་བུ་ཡིན་མི་སྲིད་ཟེར་ལ། ཅིག་ཐང་ན་ཁོ་རང་སྐུ་དྲག་ཅིག་ཕྱི་ནས་བུད་མེད་ཅིག་དང་འགྲོགས་རྗེས་བྱུང་བའི་ཐང་བུ་འདྲ་ཡིན་ཤོས་ཆེ་བ་ལ་སོགས་པའི་མ་ཡིན་ཡིན་ཁུལ་གྱི་འཆལ་གཏམ་སྣ་ཚོགས་བཤད།  འོན་ཀྱང་སྐབས་དེ་དུས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཞིག་བྱུང་། སྔོན་གྱི་ལྕམ་རེའོ་ནའ་ཡིས་སྐུ་དྲག་ཁྲི་དཔོན་ལ་གསང་འཕྲིན་ཞིག་སྐུར་ནས་ཡུའུ་ལེན་གྱི་འདས་ཟིན་པའི་བྱ་སྤྱོད་མཐའ་དག་ཁོ་བོར་བཤད་མཐར། སྐུ་དྲག་དེ་ཡུའུ་ལེན་གྱི་སྐྱེས་ཁོངས་སྐུ་དྲག་ཡིན་ཁུལ་སོགས་ལ་གང་ནས་རློམ་སྟེ། ཡུའུ་ལེན་གྱི་བྱ་སྤྱོད་ལ་ཞེ་མེར་པར་གྱུར་བས་ཁོ་རང་ཁྱིམ་ནས་ཕྱིར་བསྐྲད། དེ་དུས་ཡུའུ་ལེན་ལྕམ་རེའོ་ནའ་ཡི་སྟེང་དུ་ཞེ་སྡང་དྲག་པོ་ལངས་ནས་དཀྲུམ་མདའ་ཞིག་ཁྱེར་ཏེ་ཁོ་མོར་མདེའུ་ཡིས་རྒྱབ་ནས་བསད་རྗེས་ཁྲིམས་ལ་ཐོག་ནས་བཙོན་དུ་བཅུག  ཁྲིམས་ཐག་གཅོད་དུས་ཁོ་རང་ལ་ཉེས་བ་འདག་ཐབས་བྱེད་པའི་གོ་སྐབས་ཡོད་མོད་ཀྱང་།  ཐ་མར་ཡུའུ་ལེན་གྱིས་གོ་སྐབས་དེ་བརྩོན་ལེན་མ་བྱས་པར་ཁེངས་པའི་ཉམས་ཀྱིས་བརྟན་པོར་ལངས་ནས་ཁྲིམས་རྩོད་པ་དག་ལ་འདི་ལྟར་སྡིགས་མོ་བཏང་། ཁྱོད་ཚོ་ཚང་མ་འབྱོར་ལྡན་པ་དང་སྐུ་དྲག་རེད། ཁྱོད་ཚོའི་བཤད་པ་དང་ལས་བ་ཐམས་ཅད་ཡང་དག་ཡིན་ཚོད་འདུག  ང་ནི་ཉམས་ཆུང་འབྱོར་མེད་གྲལ་རིམ་པ་ཅིག་རེད། འགྲིག་མིན་བྱ་བ་ཅི་བྱས་ཀྱང་ཁྱོད་ཚོའི་མིག་ལམ་ན་མཐའ་དག་ཉེས་སྐྱོན་ཡིན་འདུག  ང་ཚོའི་འབྱོར་མེད་པ་ཚོར་འཇོན་ཐང་ཡོད་ཀྱང་ནུས་བ་ངོམས་སའི་ཁོར་ཡུག་དང་གར་སྟེགས་མི་འདུག  དེ་རིང་ཁྱོད་ཚོས་ང་ལ་གུ་ཡངས་དང་སྙིང་རྗེ་ཅི་ཡང་སྒོམ་མི་དགོས། ངས་འབྱོར་མེད་གྲལ་རིམ་དང་འབངས་མི་སེར་གྱི་ཆེད་དུ་རང་གི་ནག་ཉེས་འདི་དང་ལེན་བྱས་པ་ཡིན་ཞེས་ལ་རྒྱ་དང་སྤོབས་པ་ཡོད་པའི་སྒོ་ནས་རང་ཉིད་སྐེ་གཅོད་སྟེགས་བུའི་སྟེང་བསྐྱལ་དུ་བཅུག  བརྩམས་ཆོས《དམར་པོ་དང་ནག་པོ》ཞེས་པའི་ནང་དོན་སྤྱིའི་ཆ་ནས་འཇུག་འབྲས་འདི་འདྲ་ཞིག་གི་སྒོ་ནས་མཇུག་བསྡུས་པ་རེད། དེ་ན་སློབ་ཐུན་དང་པོ་འདི་ནས་མཚམས་འཇོག།སློབ་གྲོགས་ཚོས་ངལ་གསོ་ཅུང་ཟད་གནང་རོགས།

སློབ་ཐུན་གཉིས་པ།

སློབ་ཐུན་འདིའི་ནང་དུ་གཙོ་བོ་སི་ཐང་ཏའི་བརྩམས་ཆོས《དམར་བོ་དང་ནག་པོ》ཞེས་པ་འདིའི་བསམ་བློ་དང་། སྒྱུ་རྩལ་མཚོན་ཐབས། བརྩམས་ཆོས་ཀྱི་བློ་བསྐྱེད་དང་ང་ཚོས་སྦྱང་དགོས་བ་གང་ཡིན་པ་དེའི་སྐོར་ནས་བཤད་རྒྱུ་བྱ། འོ་ན། བསམ་བློའི་ཐད་ཕྱོགས་གཉིས་ནས་བཤད་ན། གཅིག་མི་སྒེར་གྱི་བསམ་བློ་དང་གཅིག་སྤྱི་ཚོགས་ཀྱི་བསམ་བློ་གཉིས་རེད།  མི་སྒེར་གྱི་བསམ་བློའི་ཐད་ནས་བརྩམས་ཆོས་འདིའི་མི་སྣ་གཙོ་བོ་ཡུའུ་ལེན་གྱི་སྟེང་ནས་བཤད་ན། ཁོ་ནི་ཤིང་བཟོའི་ཁྱིམ་ཚང་ཞིག་ལས་སྐྱེས། དེང་སང་གི་དུས་འདིར་སྤྱི་ཚོགས་བྱིངས་དང་འུ་ཚོའི་ས་ནས་བཤད་ན་ཤིང་བཟོ་ནི་ལག་རྩལ་བ་ཡིན་པས་དེ་ལ་རྩིས་མཐོང་བྱེད་མོད། འོན་ཀྱང་ཕྱི་གླིང་བའི་དུས་དེ་དང་ཡང་ན་རང་རིགས་ཀྱི་གནའ་བོའི་དུས་སུའང་ཤིང་བཟོ་དང་མགར་བའི་རིགས་ལ་དམའ་འབེབས་དང་རྣམ་རྟོག་བྱེད་པ་དང་སྤྱི་ཚོགས་ཀྱི་གྲལ་རིམ་ལས་ཆེས་དམའ་ཤོས་རེད།  རྒྱུ་མཚན་དེའི་རྐྱེན་གྱིས་ཡུའུ་ལེན་ཐེངས་གཉིས་ལ་སྤྱི་ཚོགས་ཀྱི་ལས་སྒོར་ཞུགས་པ་ལ།  འཇོན་ནུས་ལྡན་ཞིང་སྐྱེས་ཕོ་རྒོད་འཛོམས་པའི་སྟག་ཤར་ཁོ་སྔ་ཕྱི་གཉིས་ཀར་གྲོང་དཔོན་ཚང་དང་སྐུ་དྲག་ཁྲི་དཔོན་ཚང་གི་གཡོག་པོར་འདུག་པ་ལས་དམག་ལ་ཞུགས་ནས་དཔའ་རྩལ་ངོམས་ཤིང་དཔོན་ས་ལེན་པ་དང་། ཆོས་དཔོན་ལ་བསྡད་ནས་གཟི་ཉམས་ངོམས་པའི་ཐོབ་ཐང་མེད་ལ། ཐ་ན་འབྱོར་ལྡན་པ་ཞིག་ཏུ་འགྱུར་བའི་མ་རྩ་ཡང་མེད་པས་ཁོ་རང་གི་ཕུགས་བསམ་མངོན་འགྱུར་བྱེད་མི་ཐུབ། དེའི་རྐྱེན་གྱིས་ཁོས་རང་གི་སྐྱེས་གཟུགས་རྒོད་པའི་ཆ་རྐྱེན་དེ་བེད་སྤྱད་ནས་འབྱོར་ལྡན་གྱི་བུད་མེད་ལ་བརྟེན་དགོས་བྱུང་། འོན་ཀྱང་གོ་རིམ་དེའི་བར་ནས་ཁོའི་ནང་སེམས་ཀྱི་ཕྱོགས་གཅིག་ན་བརྩེ་བ་ངོ་མ་ཞིག་ཡོད་པ་དང་ཕྱོགས་གཞན་ཞིག་ནས་ཡང་རང་གི་ཁེ་ཕན་གྱི་ཆེད་དུ་ལག་ཐབས་སྣ་ཚོགས་བཀོལ་བཞིན་པའི་སྣང་ཚུལ་དེ་ལས་རྩོམ་པ་པོས་ང་ཚོའི་མིག་མདུན་དུ་མི་གཤིས་ཀྱི་འགལ་ཟླའི་རང་བཞིན་དེ་གསལ་བོར་བསྟན་ཡོད་པ་ཤེས་ཐུབ་ལ། མི་ཞིག་གིས་རང་ཉིད་ཀྱི་དམིགས་ཡུལ་དང་ཁེ་ཕན་གྱི་ཆེད་དུ་སྐུ་དྲག་ཡིན་མདོག་བསྟན་ནས་ལང་ཚོའི་བུ་མོ་མའ་འེར་ཐུ་ཡི་ཡིད་སེམས་བསླུས་བ་དང་། ཁོ་ལ་བརྩེ་དུང་ངོ་མ་བཅངས་བའི་ལྕམ་རེའོ་ནའ་གསོད་པ་ལ་སོགས་པ་སྟེ། མི་སུ་ཞིག་གིས་ཁོ་རང་གི་དམིགས་ཡུལ་འགྲུབ་པར་བཀག་འགོག་བྱེད་ཚེ་ཁོས་དེ་ལ་རྒོལ་ལེན་སྤྲོད་ཅིང་ཚར་གཅོད་བྱེད་ངེས་ཡིན་པ་དེ་ལས་མི་གཤིས་ཀྱི་སྐྱི་གཡའ་བའི་ངོ་བོ་དེ་མཐོང་ཐུབ་པ་ནི། སྒེར་སེམས་ལ་ཆེ་ཆུང་ཡོད་པ་ལས་མི་ཚང་མར་རང་ཕན་སྐྱོང་བའི་ཧམ་སེམས་ཡོད་ངེས་པ་མཚོན་པས། དེ་ནི་སྤྱི་ཚོགས་ཀྱི་ཟུར་སོ་སོ་ན་ཡོད་པ་ནི་ཐ་ན་སློབ་གྲྭའི་སློབ་གསོ་མྱོང་མཁན་ཞིག་ཡིན་ཡང་རང་གི་ཁེ་ཕན་ཆེད་དུ་གཞན་གྱི་གྲུབ་འབྲས་ལྐོག་ལེན་བྱེད་པའི་སྐྱུག་བྲོ་བའི་གནས་ཚུལ་དེ་ད་ལྟ་ཡང་ཐོས་རྒྱུ་འདུག་པ་ལྟ་བུ་རེད།   དེ་ནང་བཞིན་བརྩམས་ཆོས་འདི་ལས་མི་གཤིས་ཀྱི་ངོ་བོ་དང་འགལ་ཟླའི་ཆ་སྔོགས་འདོན་བྱས་པ་ཡ་མཚན་པ་འདུག་ལ།  དཔྱད་བརྗོད་པ་རྣམས་ཀྱིས་སི་ཐིང་ཏའ་ཡིས་མི་གཤིས་ཀྱི་ཆ་དམར་རྗེན་དུ་བཏང་དྲགས་པས་སོ་སོས་རང་ཉིད་ཀྱི་ནང་སེམས་ལ་གདོང་རེ་གཏུགས་ཚེ་རང་ཉིད་རང་ལ་ཡང་ངོ་ཚ་བའི་ཚོར་བ་ཞིག་སྟེར་ངེས་ཞེས་བཤད་བཞིན་འདུག དེ་ལྟར་དུ་མི་ཚང་མའི་སེམས་ཀྱི་གཏིང་རིམ་ན་རང་གི་དམིགས་འབེན་གྱི་ཆེད་དུ་མ་མཐའི་ཐེ་ཚོམ་རེ་ཡོད་ནའང་། མཐར་བྱ་ངན་ལག་ལེན་བསྟར་དུས་རང་བཞིན་གྱིས་ཐེ་ཚོམ་མེད་པར་སྒྲུབ་འགྲོ་ངེས་ཡིན་པ་སོགས་ང་ཚོ་རང་ཉིད་ཀྱི་སེམས་ནའང་གསལ་བ་བཞིན་དུ། 《དམར་པོ་དང་ནག་པོ》རུ་མི་སྒེར་གྱི་ཆ་ནས་མི་གཤིས་སྔོགས་འདོན་བྱས་ཏེ་རང་ངོ་ཤེས་སུ་འཇུག་པའི་བསམ་བློའི་ཆ་དེ་གལ་ཆེན་པོ་ཆགས་ཡོད།

微信图片_20190423141020.jpg

ཡང་སྤྱི་ཚོགས་ཀྱི་ཆ་ནས་བཤད་ན།    གོང་ནས་བཤད་པ་ལྟར་སྐབས་དེའི་སྤྱི་ཚོགས་ནི་རྒྱལ་སྲུང་རིང་ལུགས་དང་རང་དབང་རིང་ལུགས་ཀྱི་སྟོབས་ཤུགས་གཉིས་ཀྱིས་བཟུང་ཡོད་ལ།  རྒྱལ་སྲུང་རིང་ལུགས་པ་སྲོལ་རྒྱུན་ལམ་ལུགས་ལ་དུང་ཞེན་ཆེ་བ་དང་རང་དབང་རིང་ལུགས་པས་དམངས་གཙོའི་གསར་བརྗེ་ལ་གོང་བཀུར་བྱེད་པས།  ཕྱོགས་གཉིས་ཀྱི་འགལ་བ་ཧ་ཅང་ཛ་དྲགས་ཆེ་ཞིང་། དེའི་ཐད་ནས་བརྩམས་ཆོས་ཀྱི་ནང་དུའང་ཟུར་ཟ་མང་པོ་བྱས་འདུག་པ་ང་ཚོས་གོང་ནས་ཀྱང་བཤད་མྱོང་བ་ལྟར་ཡིན། གཞན་ཁྱོད་ཚོས་བརྩམས་ཆོས་ལ་དངོས་སུ་ལྟོས་དང་ཟུར་ཟའི་སྐོར་ནི་དེ་ལས་ཀྱང་མང་པོ་ཡོད་པ་རེད།  ལྷག་པར་དུ་རྩོམ་པ་པོའི་མདུང་རྩེ་གཏོད་ས་ནི་རྒྱལ་སྲུང་རིང་ལུགས་པ་ཡིན་ཞིང་མ་གཞི་ཁོ་རང་ཡང་རྙིང་ཞེན་པར་དགའ་བོ་མི་འདུག་ལ། རྩོམ་པ་པོ་ནི་རང་དབང་དམངས་གཙོ་དང་གསར་བརྗེའི་ཕྱོགས་ཁག་ལ་དགའ་བཞིན་པ་ང་ཚོས་ཀྱང་རང་ཤུགས་ཀྱིས་ཤེས་ཐུབ།  སྐབས་དེའི་ཧྥ་རན་སིའི་ལོ་རྒྱུས་ལ་ཕྱིར་བལྟ་བྱས་ཚེ། ཧྥ་རན་སིའི་ལོ་རྒྱུས་ཀྱིས་འཛམ་གླིང་གི་ལོ་རྒྱུས་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་དེ།དཔེར་ན་ཀྲུང་གོ་ལྟ་བུར་མཚོན་ན་མན་ཇུའི་རྒྱལ་རབས་ཀྱི་མཇུག་དང་ཀྲུང་ཧ་མིན་གོ་ཡི་སྐབས་སུ་དམངས་གཙོ་ཕྱོགས་ཁག་དང་རྒྱལ་སྲུང་རིང་ལུགས་པའི་བར་འཐབ་རྩོད་དྲགས་པོ་བྱུང་ནས་རྒྱལ་སྲུང་རིང་ལུགས་པའི་མཁས་ཆེན་ཝང་གོ་ཝེས་(王国维)ཀྱང་རྒྱལ་སྲུང་གི་ཆེད་དུ་རང་སྲོག་བློས་བཏང་བ་ལྟ་བུ་རེད། བློ་མཐུན་མར་ཁེ་སིས་ཀྱང《དམར་པོ་དང་ནག》པོར་བལྟས་རྗེས་། འཛམ་གླིང་ལོ་རྒྱུས་སྟེང་ནས་ཕ་ལིའི་ཀུང་ཧྲེ་བྱུང་བ་ནས་བཟུང་དམངས་གཙོའི་གསར་བརྗེ་ཡང་དུས་དེ་ནས་བཟུང་སྤྱི་ཚོགས་རིང་ལུགས་ལ་ཁ་ཕྱོགས་ཡོད་པ་ཤེས་ཐུབ་ཞེས་བཤད། བརྩམས་ཆོས་འདི་ལས་ང་ཚོས་སྐབས་དེའི་ཧྥ་རན་སིའི་སྤྱི་ཚོགས་ཀྱི་སྣང་ཚུལ་གསལ་བོར་ཤེས་ཡོང་སྟེ། རང་དབང་རིང་ལུགས་པའི་ནང་ན་ཡང་རང་དབང་གི་བསམ་བློའི་ཕྱོགས་མང་པོ་འདུས་ཡོད་དེ། གུང་ཁྲན་རིང་ལུགས་ལ་ཁ་ཕྱོགས་མཁན་དང་། འབྱོར་མེད་གྲལ་རིམ་གྱི་ཁེ་ཕན་མཚོན་མཁན་སོགས་འདྲ་མིན་སྣ་ཚོགས་ཡོད་འདུག གལ་ཏེ་སྐབས་དེར་རང་དབང་རིང་ལུགས་པའི་དམངས་གཙོའི་གསར་བརྗེ་ནི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་ཅིག་ཡིན་ཞེ་ན།  སྐབས་དེའི་གསར་བརྗེའི་མི་སྣའི་ནང་དུ་ཡང་ཆུ་ལོག་གིས་དེད་པའི་གད་སྙིགས་བཞིན་རང་ཉིད་ཀྱི་དམིགས་འབེན་གསལ་བོ་མེད་ཅིང་རི་བོང་ཅལ་འདྲོགས་ཀྱི་ཚུལ་དུ་རྒྱུགས་མཁན་ཡོད་པའང་བརྩམས་ཆོས་ནང་ན་ཟུར་གྱིས་མངོན་འདུག དཔེར་ན་རྗེས་སུ་རང་དབང་རིང་ལུགས་པས་སྲོལ་རྒྱུན་དགག་བཞག་ཐད་ཀྱི་བསམ་བློ་ཐལ་དྲགས་པ་དང་། སྲོལ་རྒྱུན་ཡོད་ཚད་རྦད་དེ་དོར་དགོས་བར་འབོད་སྐུལ་བྱས་ཤིང་། ཐ་ན་གོང་མའི་མགོ་ཡང་བཅད་ཅིང་། གོང་མའི་ཕོ་བྲང་བརླགས་ཤིང་རིག་དངོས་བཅོམས་པ་སོགས་མང་པོ་ཡོད་པས་དེ་ནི་མིའི་རིགས་ལ་མཚོན་ན་གྱོང་གུན་ཆེན་པོ་ཞིག་ཡིན་ཡང་སྲིད། ཀྲུང་གོའི་དཀར་ནག་གོ་ཟློག་པའི་རིག་གནས་གསར་བརྗེ་ཆེན་པོ་ལ་ཡང་ཧྥ་རན་སའི་གསར་བརྗེ་ཆེན་མོའི་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཡོད་པ་གསལ་བོ་རེད།  གང་ལྟར་སྐབས་དེའི་གསར་བརྗེ་ལ་མི་འདང་སའང་མང་པོ་ཡོད་པ་ཤེས་ཐུབ་མོད། འོན་ཀྱང་དུས་རབས་དེ་ལྟ་བུར་མཚོན་ན་བརྩམས་ཆོས་འདིས་ཧྥ་རན་སིའི་སྤྱི་ཚོགས་ཀྱི་གནས་བབ་ལས་རྙིང་ཞེན་དང་རུལ་སོང་། བག་འཁུམ་གྱི་ངོ་བོར་སུན་འབྱིན་དང་རྡུང་རྡེག་གཏོང་བའི་བསམ་བློའི་ཆ་ཡོངས་སུ་མཚོན་ཡོད་པ་མ་ཟད། དེས་མིའི་རིགས་ཀྱི་ལོ་རྒྱུས་གོང་འཕེལ་འགྲོ་བར་དམིགས་དཔེའི་ཤུགས་རྐྱེན་བླ་ན་མེད་པ་བཞག  བརྩམས་ཆོས་འདི་བྱུང་ནས་ལོ་ངོ་གཉིས་བརྒྱ་ལྷག་གི་ཚུན་དུའང་འཛམ་གླིང་གི་ལོ་རྒྱུས་རིག་པ་དང་རྩོམ་པ་པོ། ཆབ་སྲིད་མཁས་པ་མང་པོ་ཞིག་གིས་དེ་ལ་ཞིབ་འཇུག་དང་གདེངས་འཇོག་བྱེད་བཞིན་ཡོད་ལ།  མདོར་ན་བརྩམས་ཆོས་འདིས་སྐབས་དེའི་ཧྥ་རན་སིའི་སྤྱི་ཚོགས་ཀྱི་གནས་བབ་དང་ལོ་རྒྱུས་ངེས་ཅན་ཞིག་མཚོན་པས། ཞིབ་འཇུག་མཁས་པ་རྣམས་ཀྱིས་ཀྱང་འདི་ལ་བརྟེན་ནས་སྐབས་དེའི་ཧྥ་རན་སིའི་ལོ་རྒྱུས་ལ་བསམ་གཞིགས་དང་སྤྱི་ཚོགས་ཀྱི་གནས་བབ་ལ་རྒྱུས་ལོན་བརྗོད་བྱེད་བཞིན་ཡོད་འདུག  འདིའི་འཕྲོ་ནས་ང་ཚོས་བརྩམས་ཆོས་འདིའི་སྒྱུ་རྩལ་མཚོན་ཐབས་སྟེང་ནས་རོལ་མྱོང་ཞིག་བྱེད།

འདི་ཡང་སྔོན་ཆད་བཤད་པ་ལྟར་མི་རྣམས་ཀྱིས་སེར་ཝན་ཐིས་སེ་ཞེས་པའི་རྩོམ་པ་པོ་མ་ཤེས་ཀྱང་ཐང་ཅི་ཁེ་ཏེ་ཞེས་པའི་བརྩམས་སྒྲུང་གི་མི་སྣ་ཞིག་ཡོད་པ་ཤེས་པ་བཞིན།  དེ་ཡང་རྩོམ་པ་པོས་མི་སྣ་གསར་བཞེངས་བྱས་པ་ཧ་ཅང་ལེགས་འགྲུབ་བྱུང་བའི་སྟབས་ཀྱིས་རེད།  དེ་ལྟར《དམར་པོ་དང་ནག་པོ》ལས་ཀྱང་ཡུའུ་ལེན་ཞེས་པའི་མི་སྣ་འདི་གསར་བཞེངས་བྱས་པ་ཧ་ཅང་གསོན་ཤུགས་ལྡན་ལ། མི་སྣའི་གནས་བབ་དང་སྤྱི་ཚོགས་ཀྱི་གནས་བབ་གཉིས་ཟུང་འབྲེལ་བྱས་པ་ང་ཚོའི་མི་ལམ་དུ་འཆར་ཐུབ་པ་ལྟ་བུའི་ལེགས་འགྲུབ་བྱུང་ཡོད་པས།  དོན་དངོས་འཚོ་བའི་ནང་དུའང་རང་གི་དམིགས་འབེན་འགྲུབ་ཆེད་ལག་ཐབས་སྣ་ཚོགས་སྤྱོད་ཅིང་རང་གི་ཆེད་དུ་མི་གཞན་བློས་གཏོང་བའི་མི་གཡོ་སྒྱུ་དང་ཁྲལ་མས་ཁེངས་ཤིང་སྒེར་སེམས་དྲགས་པོ་ཅན་དག་ལ་ཡུའུ་ལེན་ཞེས་འབོད་སྲིད་པ་ལྟ་བུ་རེད། དེ་བཞིན་ཡུའུ་ལེན་ཞེས་པའི་བརྩམས་སྒྲུང་གི་མི་སྣ་འདི་དོན་དངོས་སྣང་ཚུལ་གྱི་ཚབ་མཚོན་ཞིག་ཏུ་གྱུར་ཐུབ་པའི་གསོན་ཤུགས་ཆེ།   རྒྱུ་རྐྱེན་དེ་ཡི་དབང་གིས་རྩོམ་པ་པོས་མི་སྣའི་མིག་དང་སྣ་སོགས་འདི་འདྲ་ཡིན་ཞེས་ཕྱིའི་རྣམ་པའི་སྟེང་ནས་ཞིབ་འབྲི་གསལ་བོ་མ་བྱས་ནའང་དེའི་གཤིས་ཀ་དང་བྱ་སྤྱོད་འབྲི་བཞེངས་བྱས་པ་ལས་ང་ཚོར་སྣང་བརྙན་གསོན་པོ་ཞིག་བསྐྲུན་ཡོད་ལ། ཡུའུ་ལེན་གྱི་ཁྱིམ་ཚང་གི་གནས་བབ་དེ་ངོ་སྤྲོད་མ་བྱས་པའི་དབང་དུ་བཏང་ནའང་དོན་གྱི་བརྒྱུད་རིམ་དང་མི་སྣའི་ནང་སེམས་གྱི་འགལ་འདུ་ཞིབ་འབྲི་བྱས་པ་ལས་ཡུའུ་ལེན་གྱི་སྤྱི་ཚོགས་ཀྱི་གནས་བབ་དེ་ག་འདྲ་ཡིན་པ་གསལ་བོར་ཤེས་ཡོང་། གཞན་ད་དུང་གྲོང་དཔོན་གྱི་ལྕམ་རེའོ་ནའ་དང་སྐུ་དྲག་ཁྲི་དཔོན་གྱི་བུ་མོ་མའ་འེར་ཐེ་གཉིས་སྟེ་བུད་མེད་ཀྱི་གཤིས་ཀ་གསར་བཞེངས་བྱས་པ་ཧ་ཅང་ཡག་པོ་འདུགམི་སྣ་འདི་གཉིས་ཀྱི་གཤིས་ཀའི་སྟེང་ནས་དེ་གཉིས་ཀྱི་གྲལ་རིམ་ཁོངས་གཏོགས་གང་ཡིན་པ་གསལ་བོར་ཤེས་ཡོང་།  དེ་ལས་ལྕམ་རེའོ་ནའ་དེ་འབྱོར་ཅན་ཁྱིམ་ཚང་ལས་སྐྱེས་ཤིང་ཆུང་དུས་ཕོ་མོའི་འབྲེལ་བ་དག་གསལ་བོར་མ་ཤེས་པ་ནས་གྲོང་དཔོན་གྱི་ལྕམ་མོར་གྱུར། དེ་རྗེས་ལོ་ཆུང་དུས་ནས་བྱིས་པ་སྐྱེས་ནའང་ཡག་མོ་རྒོད་མ་ཉམས་ཤིང་གཞོན་སེམས་མ་ཡལ་བར་གསར་རྒོད་ཚོ་མཐོང་ཚེ་དགའ་བ་བསྐྱེད་སྲིད།(ཧ་ཧ་ཧ) རྒྱུ་མཚན་ནི་ཁོ་མོས་ཕོ་མོའི་མཛའ་མཐུན་གྱི་བརྩེ་དུང་གི་བརྒྱུད་རིམ་དེ་བརྒྱུད་མ་མྱོང་བས།  ཡུའུ་ལེན་དང་འབྲེལ་བ་བྱུང་པར་ཡང་རྒྱུ་རྐྱེན་དེ་དང་འབྲེལ་བ་ཏན་ཏན་ཡོད་པ་རེད། བརྩམས་ཆོས་ལས་ཁོ་མོ་དང་ཡུའུ་ལེན་གཉིས་ལྐོག་འགྲོགས་བྱེད་པའི་དུས་ཀྱི་སེམས་ཁམས་དང་འཇོ་སྒེག། གདོང་གི་འཛུམ་དང་འཛུམ་ལས་བྱུང་བའི་བྲོ་བ་ཁྱད་པར་ཅན་དག་གི་བཟོ་ལྟ་ལ་བལྟས་ན་ཁོ་མོ་བྱིས་པ་གསུམ་གྱི་ཨ་མ་ཞིག་ཡིན་པ་ཤེས་མི་ཡོང་ལ།ཡུའུ་ལེན་འདི་ཡང་ཁོ་མོས་འགུགས་པར་ཁག་མི་འདུག་སྙམ་པའི་ཚོར་བ་སྟེར།(ཧ་ཧ་ཧ) གཞན་མའ་འེར་ཐུ་ལྟ་བུར་མཚོན་ནའང་། ཡུའུ་ལེན་དང་ཐེངས་དང་པོར་འཕྲད་དུས་ལུས་ཡོངས་སུ་ལྭ་བ་ནག་པོ་གྱོན་ཞིང་། ཡུའུ་ལེན་གྱིས་འདི་ལྟར་གཟབ་མཆོར་སྤྲོས་དོན་ཅི་ཡིན་ཞེས་དྲིས་དུས། ཁོ་མོས་དེ་ནི་ཕ་མེས་ཡང་མེས་ལ་རྗེས་དྲན་བྱས་པ་ཡིན་ཞེས་ཡུའུ་ལེན་ལ་བཤད་པ་ལྟར། བྱ་སྤྱོད་མཐའ་དག་གཞན་དང་མི་འདྲ་ཞིང་། སེམས་ན་ཅི་ཡོད་ཁ་ནས་བཤད་ཕོད་པའི་སྤོབས་པ་ལྡན་པ། རང་བཞིན་རྒོད་ལ་སྒེར་གཤིས་མངོན་གསལ་ལྡན་པ་ཞིག་གསར་བཞེངས་བྱས་པ་སྟེ། མོ་རང་འབྱོར་ལྡན་དང་སྐུ་དྲག་གི་སྲས་ལ་ཆེད་དུ་མོས་པ་མིན་པར། དཔའ་བོའི་ངང་ཚུལ་ལྡན་ཞིང་འགུག་དཀའ་བ་དང་གཤིས་རྒྱུད་གྱོང་བའི་སྐྱེས་པའི་རིགས་ལ་དགའ་བས། ཡུའུ་ལེན་གྱིས་ཐབས་ལ་བརྟེན་ནས་མོ་རང་གི་ཡིད་སེམས་བཀུག་པ་དང་ཁོ་མོ་ཡུའུ་ལེན་ལ་ཅི་ལྟར་དགའ་ཞིང་ཁོ་གཉིས་འགྲོགས་ཚུལ་གྱི་བརྒྱུད་རིམ་དག་ལ་བལྟས་ན།  རྩོམ་པ་པོ་སི་ཐིང་ཏའ་ཡིས་མི་སྣ་འབྲི་བཞེངས་བྱེད་དུས་ཕྱིའི་རྣམ་པ་ཞིབ་འབྲི་མ་བྱས་ཀྱང་མི་སྣའི་གཤིས་ཀ་དང་བྱ་སྤྱོད་ལས་མི་སྣའི་སྣང་བརྙན་དེ་བརྙན་འཕྲིན་ལ་བལྟས་བ་བཞིན་ལྷང་ངེར་འཆར་ཡོང་བའི་མཚོན་རྩལ་ལྡན།

གཞན་བརྩམས་ཆོས་འདིའི་བྱུང་རིམ་གྱི་སྟེང་ནས་དབྱེ་ཞིབ་བྱས་ན། དཔེ་ཆ་སྟོད་ཆ་སྨད་ཆ་གཉིས་ཡོད་པ་ལས་སྟོད་ཆར་གྲོང་དཔོན་ཚང་གི་ཁྱིམ་ནས་བྱུང་བའི་བརྒྱུད་རིམ་དག་བྲིས་ཡོད་ལ། སྨད་ཆར་ཡུའུ་ལེན་རྒྱལ་ས་ཕ་ལིར་སོང་རྗེས་སྐུ་དྲག་ཁྲི་དཔོན་དང་དེའི་བུ་མོ་མའ་འེར་ཐེ་བར་གྱི་ལས་དོན་དང་བརྩེ་དུང་གི་བརྒྱུད་རིམ་དང་། རྗེས་ནས་ལྕམ་རེའོ་ནའ་བསད་པ་དང་ཁོ་ལ་ཁྲིམས་ཐག་བཅད་པའི་བརྒྱུད་རིམ་དག་བྲིས་ཡོད། གཏམ་རྒྱུད་ཀྱི་བྱུང་རིམ་དུ་ལོ་རྒྱུས་ཀྱི་དུས་ཚིགས་ངེས་ཅན་ཞིག་རིམ་པ་བཞིན་དུ་བཀོད་པ་མ་ཡིན་པས། གྲོང་དཔོན་ཚང་ནས་རྒྱལ་ས་ཕ་ལི་བར་བརྒྱུད་རིམ་ལ་ཀྱག་ཀྱོག་གི་ཆ་དཔེ་མེད་ལྡན་འདུག  གཞན་གཙོ་བོ་གཏམ་རྒྱུད་དུ་མི་སྣའི་བར་གྱི་གཏམ་གླེང་ཡང་མང་པོ་མེད་པར་བྱུང་རིམ་མཐའ་དག་མི་སྣའི་སེམས་ཁམས་ཞིབ་འབྲི་ལ་ཞུགས་པ་འདི་ནི་སི་ཐང་ཏའི་བརྩམས་ཆོས་ཀྱི་ཁྱད་ཆོས་གཙོ་བོ་ཅིག་ཡིན། འདི་ལྟར་མི་སྣའི་སེམས་ཁམས་ཞིབ་འབྲི་བྱས་པའི་སྒྱུ་རྩལ་མཚོན་ཐབས་ཁྱད་པར་ཅན་འདི་ལ་མཚན་ཉིད་རིག་པ་ནེ་ཚེ(尼采)ཡིས་འདི་ལྟར་བཤད་དེ། སི་ཐིང་ཏའ་ནི་ཧྥ་རན་སིའི་ཆེས་རླབས་ཆེ་བའི་སེམས་ཁམས་རིག་པ་ཡིན་ཞེས་གདེངས་འཇོག་བྱས་མྱོང་ལ། དེ་ལྟར་བརྩམས་ཆོས་ཀློག་བཞིན་པའི་སྒང་ལ་མི་སྣའི་སེམས་ཁམས་ནང་རང་ཉིད་དངོས་སུ་ཞུགས་པ་དང་འདྲ་ལ་གཏམ་རྒྱུད་ཀྱི་མཇུག་རྫོགས་པར་ཕངས་སེམས་སྐྱེས་པ་ཞིག་ཡིན་ལ།  མཚོན་ཐབས་འདིའི་ཕྱོགས་ནས་གསར་རྩོམ་པ་ཚོར་དམིགས་དཔེ་དང་ལད་ཟློས་བྱེད་སའང་མང་པོ་ཡོད་འདུག  དེ་བཞིན་བརྩམས་ཆོས་འདི་ཐོན་པ་ཉིད་ནས་རྗེས་ཀྱི་རྩོམ་པ་པོ་མང་པོ་ཞིག་གི་བརྩམས་ཆོས་སུ་སེམས་ཁམས་ཞིབ་འབྲི་བྱེད་རྒྱུའི་ཐད་ནས་འབད་པ་བྱས་ཡོད་པ་མང་བོ་མཐོང་། དཔེར་ན་རྒྱ་ནག་གི་རྩོམ་པ་པོ་ཡུའུ་ཧའ་(余华)ཡི་《གསོན་ཡོད》(活着)ཞེས་པ་ལྟ་བུ་རེད། དེ་བས་བརྩམས་ཆོས་འདིའི་ཆེས་གལ་ཆེ་ས་ཞིག་ནི་འདིར་དངོས་མཚོན་རིང་ལུགས་ཀྱི་མཚོན་ཐབས་བཀོལ་ཡོད་པ་སྟེ།  རྗེས་ཀྱི་དངོས་མཚོན་རིང་ལུགས་ཀྱི་འབྲི་ཐབས་ལ་རྨང་བཏིང་བ་ཡིན་ཞེས་བཤད་ནའང་ཚད་ལས་མི་བརྒལ།  རྒྱུ་མཚན་ནི་དེའི་རྗེས་ཀྱི་ཧྥུའུ་ལུའུ་པེད(福楼拜)ཡི《ལྕམ་པོའོ་ཧྥ་ལི》(包法利夫人)ལྟ་བུའི་མཚོན་ཐབས་ཀྱང་བརྩམས་ཆོས་འདི་དམིགས་དཔེར་བཟུང་ནས་བྲིས་པ་ཞིག་ཡིན།  གཞན་བརྩམས་ཆོས་འདིར་མཚོན་བྱེད(象征)རང་བཞིན་གྱི་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་ཏེ། རྩོམ་པ་པོས་ཆེས་ཐོག་མར་བརྩམས་ཆོས་འདིའི་མིང་ལ་ཡུའུ་ལེན་ཞེས་བཏགས་ཡོད་ཟེར། རྗེས་སུ་ཀློག་པ་པོ་མང་པོ་ཞིག་གིས་བལྟས་རྗེས་མིང་འདི་རྒྱ་ཆུང་དྲགས་འདུག་ཞེས་བསམ་འཆར་བཏོན་རྗེས་ཁོང་གིས《དམར་པོ་དང་ནག་པོ》ཞེས་བཏགས་པར་བཤད། དེ་བཞིན་བརྩམས་ཆོས་འདིའི《དམར་པོ་དང་ནག་པོ》ཞེས་པའི་མིང་འདོགས་ཚུལ་གྱི་ཆ་ནས་བཤད་ཚུལ་མི་འདྲ་བ་འདི་དག་འདུག་སྟེ། དམར་པོ་ཡིས་སྐབས་དེའི་ཆོས་དཔོན་དང་རྒྱལ་སྲུང་ཕྱོགས་ཁག་མཚོན་ལ་ནག་པོས་དམག་མི་དང་སྤྱིར་བཏང་གི་མི་སེར་མཚོན་ཞེས་བཤད། གཞན་ད་དུང་དམར་པོ་ཡིས་ཧྥ་རན་སིའི་དུས་རབས་༡༩པའི་ལོ་རབས་༨༠ཡི་ནའ་ཕོ་ལོན་གྱི་དམག་མཚོན་པ་དང་། ནག་པོས་ཆོས་དཔོན་དང་སྐུ་དྲག་སོགས་གྲལ་རིམ་མཐོན་པོ་དག་མཚོན་པ་ཡིན་པའི་བཤད་ཚུལ་ཡང་ཡོད། གཞན་ད་དུང་དམར་པོ་ཡིས་ཡུའུ་ལེན་གྱིས་ལྕམ་རེའོ་ནའ་བསད་རྗེས་ས་སྟེང་དུ་འཁྱིལ་བའི་ཁྲག་མཚོན་པ་དང་། ནག་པོས་ཡུའུ་ལེན་གྱིས་ཁྲིམས་ཁང་དུ་ནམ་རྒྱུན་གྱོན་ཡོད་པའི་འཇུར་རྟ་དེ་མཚོན་པ་ཡིན་ཞེས་བཤད་པའང་ཡོད།  གཞན་དམར་པོས་ཡུའུ་ལེན་གྱི་སེམས་ན་འཇགས་མེད་ཀྱི་གསོན་ཤུགས་འབར་བའི་ཕུགས་བསམ་དེ་མངོན་ཞིང་། ནག་པོས་སྐབས་དེའི་སྤྱི་ཚོགས་ཀྱི་མུན་ནག་གི་ངོ་བོ་མཚོན་པ་ཡིན་ཞེས་བཤད་མཁན་ཡང་ཡོད། གང་ལྟར་དམར་ནག་གཉིས་ཀྱི་མཚོན་བྱེད་འདིའི་ཆ་ནས་བཤད་སྟངས་སྣ་ཚོགས་མཆིས་ལ་དེས་རྩོམ་པ་པོའི་མཚོན་ཤུགས་ཀྱི་རྩོམ་རྩལ་དེ་ཁྱད་འཕགས་ཡིན་པ་མངོན་ཐུབ་ཞེས་ཞིབ་འཇུག་མཁས་པ་མང་པོས་བཤད་བཞིན་ཡོད་ལ། དེའི་སྟེང་ནས་ཀློག་པ་པོ་སྟོང་རེའི་མིག་ལམ་ན་ཧ་ལིས་ཕོ་ཐི་སྟོང་རེད་ཟེར་བ་ལྟར་ཀློག་པ་པོ་རེ་རེར་ཚོར་འདུ་མི་འདྲ་བ་རེ་ཡོད་ངེས། གང་ལྟར་རྩོམ་པ་པོས་མཚོན་བྱེད་ཀྱི་ཐབས་འདི་སྤྱད་ནས་ཀློག་པ་པོ་རྣམས་ལ་བསམ་བློ་གཏོང་རྒྱུ་རེ་བཞག་འདུག  གཞན་ང་ཚོས་བརྩམས་ཆོས་འདིའི་སྟེང་ན་ཤེས་དགོས་པ་དང་སྦྱངས་དགོས་བ་གང་དག་ཡོད་པ་བཤད་ན།

༡ དུས་རབས་༡༩ཡར་མར་གྱི་ཧྥ་རན་སིའི་གསར་བརྗེ་ཆེན་མོ་དང་སྐབས་དེའི་སྤྱི་ཚོགས་ཀྱི་ཟུར་ངོས་དག་འབྱོར་ལྡན་འབྱོར་མེད་བར་གྱི་ཧེ་བག་དང་། རྙིང་ཞེན་རྒྱལ་སྲུང་ཕྱོགས་ཁག་དང་གསར་བརྗེའི་དམངས་གཙོ་ཕྱོགས་ཁག་བར་གྱི་འཐབ་རྩོད་དྲག་པོ་དག་ལ་རྒྱུས་ལོན་བྱེད་པར་ཕན་པ་ཡོད།  ༢ རྩོམ་རིག་གསར་རྩོམ་ཆ་ནས་དངོས་མཚོན་རིང་ལུགས་དང་མཚོན་བྱེད་རིང་ལུགས། སེམས་ཁམས་ཞིབ་འབྲི་སོགས་རྩོམ་རིག་གི་གྲུབ་མཐའ་མང་པོ་ཡོད་པར་རྩོམ་པ་པོ་དག་གིས་དམིགས་དཔེར་བལྟ་ཆོག  ༣ བརྩེ་དུང་སྐོར་ལས། སི་ཐང་ཏའ་ཡིས་བརྩམས་ཆོས་འདིའི་སྔོན་ལ་བརྩེ་དུང་སྐོར་གྱི་གཞུང་ལུགས་དཔེ་ཆ《བརྩེ་དུང་གླེང་བ》(论爱情)ཞེས་པ་ཞིག་བྲིས་ཡོད་པ་དེའི་ནང་གི་ཤེས་བྱ་ཕལ་མོ་ཆེ་བརྩམས་ཆོས《དམར་པོ་དང་ནག་པོའི》ནང་དུ་མངོན་ཡོད་དེ།  སྐྱེས་པ་ཚོས་རང་ཉིད་དགའ་སའི་བུད་མེད་ཅིག་འགུག་པའི་ཐབས་སྣ་ཚོགས་སྦྱང་བྱར་གྱུར། སློབ་གྲོགས་སྐྱེས་པ་རྣམས་ཀྱིས་བུ་མོ་རྣམས་ཚུར་འགུགས་འདོད་ན་བརྩམས་ཆོས་འདི་ལ་བལྟ་དགོས་ས་རེད།(ཧ་ཧ་ཧ)འོན་ཀྱང་མི་སྣ་ཡུའུ་ལེན་གྱི་སྟེང་ན་ཡང་རུང་མིན་བླངས་དོར་གྱི་ཆ་གཉིས་ཡོད་པ་ང་ཚོས་ཤེས་དགོས་པ་རེད། ༤  བརྩམས་ཆོས་འདི་ཉིད་རང་རེའི་བོད་ཀྱི་《བྱ་སྤྲེལ་གཏམ་རྒྱུད་》དང་མཚུངས་བར་ཆབ་སྲིད་རབ་རྟོགས་ཀྱི་བརྩམས་སྒྲུང་ཞིག་ཡིན་ཏེ།  མི་སྣ་ཡུའུ་ལེན་བརྒྱུད་ནས་སྐབས་དེའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་མཚོན་པར་བྱས་ཡོད་ལ།  འདི་ཉིད་རྒྱ་ནག་གི་《ནུབ་སྐྱོད་ཟིན་ཐོ》དང་ཆ་འདྲ་བར་རྒྱབ་རྩ་ཅན་གྱི་འདྲེ་སྲིན་ལྷ་ཡིས་འཁྲིད་ཅིང་རྒྱབ་རྩ་མེད་པའི་འདྲེ་སྲིན་སྤྲེའུ་མགོ་ཡི་གསེར་དབྱུགས་འོག་ནས་ཤི་འགྲོ་བ་ནང་བཞིན། ཡུའུ་ལེན་གྱི་མི་ཚེའི་མྱོང་བ་ལས་སྐབས་དེའི་ཆབ་སྲིད་ཀྱི་འདྲ་མཉམ་མིན་པའི་རང་བཞིན་མཚོན་པ་ལྟ་བུ་ཡིན་ལ།  ང་ཚོས་བརྩམས་ཆོས་འདིའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། རྩོམ་པ་པོ་ངོ་སྤྲོད། གཏམ་རྒྱུད་ཀྱི་ནང་དོན་སྤྱི་བཤད་དང་སྒྱུ་རྩལ་མཚོན་ཐབས་བཤད་པ་དང། སྦྱང་ཐུབ་པའི་ཤེས་བྱ་གང་དག་ཡོད་པ་བཅས་ཕྱོགས་ལྔའི་སྒོ་ནས་བཤད་པར་བརྟེན་ནས་ཧྥ་རན་སིའི་ལོ་རྒྱུས་དང་ཆབ་སྲིད་ལ་རྒྱུས་ལོན་བྱེད་ཐུབ་པ་དང་། མིའི་ནང་སེམས་ལ་དག་ཐེར་བྱེད་པ། བརྩེ་དུང་སྐོར་ནས་བློ་བསྐྱེད་ཐོབ་པ་དང་།  རྩོམ་རིག་གྲུབ་མཐའི་སྐོར་ནས་ཆ་རྒྱུས་ཅུང་ཟད་ལོན་པ་བཅས་ཀྱི་ཐད་ནས་ཕན་ཐོགས་ཅུང་ཟད་རེ་ཡོང་ཐུབ་པར་སྙམ།

སློབ་གྲོགས་རྣམ་པ། དེ་རིང་གི་སློབ་ཐུན་མཇུག་རྫོགས་སོང་། ཐེངས་གཞུག་མའི་ཁྲིད་ཐེངས་དྲུག་པའི་སློབ་ཐུན་དང་པོ་དང་གཉིས་པ་ལ་ཨུ་རུ་སུ་ཡི་རྩོམ་པ་པོ་གྲགས་ཅན་ཐོའོ་ཧྥོའུ་ཐོའོ་དབྱེ་ཧྥུ་སྲི་ཅི་ཡི《ཉེས་དམིགས་དང་ཆད་པ》ཞེས་པ་ཁྲིད་རྒྱུ་ཡིན་པས། སློབ་གྲོགས་རྣམས་ཀྱིས་དེའི་ཐད་ནས་གྲ་སྒྲིག་བྱེད་རོགས།

1556002182500783.jpg

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།