ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་སྐུ་འབུམ་བྱམས་པ་གླིང་དུ་མཛད་འཕྲིན་བསྐྱངས་ཚུལ།

1.jpg

ཡུལ་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་ནི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་སྐུ་ཚེའི་ནང་གཞན་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཆེས་དམིགས་བསལ་ལྡན་པའི་དགོན་སྡེ་ཞིག་སྟེ།  ཡོངས་འཛིན་རྒྱ་ཡག་ཚང་གི་དྲུང་དུ་མཁས་བཙུན་བཟང་གསུམ་གྱི་ཐོག་མའི་གསན་སྦྱོང་གནང་ཡུལ་དང་དེ་རྗེས་རབ་ཏུ་བྱུང་སྟེ་དགེ་ཚུལ་གྱི་སྡོམ་པ་བཞེས་ཡུལ།  ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེ་དང་རྗེ་འཇིགས་མེད་རྒྱ་མཚོའི་ཞལ་སྔར་དབང་ལུང་མན་ངག་མང་དུ་གསན་ཡུལ།  གཞན་པཎ་ཆེན་སྐུ་ཕྲེང་བཅུ་བའི་གསེར་ཁྲིར་མངའ་གསོལ་བའི་མཛད་སྒོ་བསྡུ་ས་དང་ཁོང་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐོག་མར་གནང་ས།  སྔ་ཕྱི་ཀུན་ཏུ་ཕྱག་ཕེབས་ཐེངས་མང་གནང་ཡུལ་གྱི་ཆོས་སྡེ་གཅིག་པུ་དེ་ཡིན།  དེ་ལ་འདིར་ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་འཇམ་མགོན་བླ་མ་ཤར་ཙོང་ཁ་པ་ཆེན་པོའི་གདན་ས་སྐུ་འབུམ་བྱམས་པ་གླིང་དུ་ཐོག་མར་ཐུགས་གཉེར་དང་།  དེ་ནས་མཛད་འཕྲིན་རབ་དང་རིམ་པ་ཇི་ལྟར་བསྐྱངས་ཚུལ་རྣམས་མདོར་བསྡུས་སུ་བརྗོད་པར་བྱའོ།།

གཅིག སྐུ་འབུམ་དུ་ཡང་སྲིད་ངོས་འཛིན་གནང་སྟེ་མཛད་སྒོ་བསྡུས་པ།

ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་དགུ་བ་མཆོག་གིས་རྒྱ་ནག་ནན་ཅིན་དང་སོག་ཡུལ་སོགས་སུ་འགྲོ་དོན་དཔག་མེད་མཛད་རྗེས།  ཕྱི་ལོ༡༩༣༥ལོའི་ཧོར་ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན་སྐུ་འབུམ་བྱམས་པ་གླིང་དུ་ཕེབས་ཏེ་ལོ་འཁོར་གཅིག་གི་ནང་བརྟན་བཞུགས་ཀྱིས་སྐུ་འབུམ་ཆོས་གྲྭ་ཆེན་པོར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་བ་དང་ཁྲི་ཆེན་ལ་བཞུགས་པ་སོགས་ཆོས་སྲིད་ཀྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས།  ཕྱི་ལོ༡༩༣༦ལོའི་ཧོར་ཟླ་བཞི་བའི་ནང་སྐུ་འབུམ་ནས་དབུས་གཙང་ཕྱོགས་སུ་ཆིབས་བསྒྱུར་གནང་ཡང་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཕྱི་ལོ༡༩༣༧ལོར་ཁམས་སྐྱེ་དགུའི་མདོ་རུ་དགོངས་པ་ཆོས་དབྱིངས་སུ་འཐིམ་པའི་ཚུལ་བསྟན།

དེ་ནས་ཡུན་རིང་མ་འགོར་བར་སྐུ་འབུམ་བྱམས་པ་གླིང་དུ་ཡོད་པའི་པཎ་ཆེན་ནང་མ་སྒང་གིས་པཎ་ཆེན་སྐུ་ཕྲེང་དགུ་བ་མཆོག་གི་ཡང་སྲིད་བརྩད་འཚོལ་འགོ་འཛུགས་བྱས།  སྐྱབས་རྗེ་བླ་ཁོ་རིན་པོ་ཆེ་དང་གནས་ཆུང་ཆོས་རྒྱལ་ཆེན་པོ་སོགས་ལ་བརྟག་ཞུ་ཕུལ་དོན་བཞིན།  མདོ་སྨད་ས་ཁུལ་སོ་སོར་ཡང་སྲིད་འཚོལ་མཁན་ཁག་བགོས་ཀྱིས་བཏང་བ་དང་།  ཕྱི་ལོ༡༩༤༡ལོར་འོས་གཞི་ཁྱེའུ་བཅུ་བདུན་རྩར་ཆོད་བྱུང་བའི་ནང་ཁྱེའུ་དྲུག་འོས་སྤྲུལ་དུ་བཀོད།  སྐབས་དེར་ཁྲི་ཀའི་མཆོད་རྟེན་སྐེ་ལུང་རིགས་རྒྱ་མཚོ་ཟེར་བ་རྟགས་མཚན་ལེགས་ཙམ་བྱུང་སྟེ་གཏན་ཁེལ་དུ་ཉེ་བའི་སྐབས་སུ་ཡང་སྲིད་ནོར་བའི་མཚན་རྟགས་ལྟ་བུས་གློ་བུར་དུ་གཤེགས།  དེ་ནས་འཁྲུངས་ཡུལ་སོ་སོར་བསྐྱལ་ཟིན་པའི་ཁྱེའུ་གཞན་ལྔ་ཕྱིར་སྐུ་འབུམ་བྱམས་པ་གླིང་དུ་གདན་ཞུས་མཛད་དེ་སྐུ་གོང་མའི་ཉེར་སྤྱད་ཀྱི་དངོས་པོ་ངོས་འཛིན་སོགས་ཀྱི་བརྟག་པ་སྔོན་དུ་བཏང་སྟེ།  རྗེ་གསེར་སྡོང་ཆེན་མོའི་མདུན་དུ་ཟན་བརྟག་བསྒྲིལ་བར་མདོ་སྨད་བིས་མདོའི་ས་སྐྱ་འཁོན་གྱི་རིགས་ལས་སྐུ་འཁྲུངས་པའི་བྱིས་པ་མཚན་བལྟས་ངོ་མཚར་ཅན་མགོན་པོ་ཚེ་བརྟན་ཉིད་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་ཕེབས།

དེ་ནས་ཕྱི་ལོ༡༩༤༤ལོའི་ཧོར་ཟླ་དང་པོའི་ཚེས་བཅོ་ལྔའི་ཉིན་ཀུན་གཟིགས་པཎ་ཆེན་མཆོག་གི་ཡང་སྲིད་མགོན་པོ་ཚེ་བརྟན་ཉིད་སྐུ་འབུམ་གསེར་སྡོང་ཆེན་མོའི་ཡང་སྟེང་དུ་གདན་དྲངས་ཏེ་ཡང་སྤྲུལ་ངོས་འཛིན་གྱི་མཛད་སྒོ་ཐོག་མ་བསྡུས། མཛད་སྒོའི་སྟེང་པཎ་ཆེན་ནང་མ་སྒང་གི་མི་སྣ་དང་སྐུ་འབུམ་དགོན་པའི་ཁྲི་ཆེན་ལས་ཐོག་པ་དང་བླ་སྤྲུལ། དགེ་འདུན་མང་པོས་ཕེབས་བསུའི་མཆོད་ཕྲེང་བཅས་དགའ་སྟོན་རྟེན་འབྲེལ་དང་མཇལ་ཁ་ཞུས། དེ་ནས་ཟླ་གསུམ་པའི་ཚེས་བཞིའི་ཉིན་སྐུ་འབུམ་གདན་སའི་མཁན་པོ་སྟོང་སྐོར་བློ་བཟང་བྱང་ཆུབ་བསྟན་འཛིན་རྒྱ་མཚོ་དང་ལས་སྣེ་སོགས་ཀྱིས་གདན་འདྲེན་དང་།  དགེ་འདུན་འདུས་ཚོགས་ནས་ཕེབས་བསུའི་སེར་སྦྲེང་དང་མཆོད་པའི་ཡོ་བྱད་ཕུན་སུམ་ཚོགས་པ་དང་བཅས་ཡང་སྲིད་རིན་པོ་ཆེ་སྐུ་འབུམ་ཚོགས་ཆེན་འདུ་ཁང་ཆེན་མོའི་མི་འཇིགས་གདོང་ལྔའི་ཁྲིར་མངའ་གསོལ་ཏེ་ཐོག་མའི་གསུང་ཆོས་གནང་། 

5.jpg

གཉིས། སྐུ་འབུམ་དུ་སློབ་གཉེར་གྱི་དབུ་མཛད་དེ་དགེ་ཚུལ་གྱི་སྡོམ་པ་བཞེས་པ།

དེ་ནས་ཕྱི་ལོ༡༩༤༣ལོར་པཎ་ཆེན་ནང་མ་སྒང་གིས་གསོལ་བ་བཏབ་པ་བཞིན། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་པོ་སྐྱབས་རྗེ་ཨ་ལགས་བླ་ཁོ་རིན་པོ་ཆེ་རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་བོ་མཆོག་ཀུན་གཟིགས་མཆོག་གི་ཡོངས་འཛིན་ཆེ་བ་དང་།  རྗེ་སྐུ་འབུམ་བྱམས་པ་གླིང་གི་སྐྱབས་རྗེ་ཁྲི་ཟུར་རྒྱ་ཡག་སྐུ་ཕྲེང་བཅུ་གསུམ་པ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་ཡོངས་འཛིན་ཆུང་བར་བཞུགས།  སྐབས་དེར་སྐྱབས་རྗེ་ཨ་ལགས་བླ་ཁོ་རིན་པོ་ཆེ་ཚང་སྐུ་ན་བགྲེས་དྲགས་པ་དང་སྐུ་འབུམ་དུ་ཡང་གཏན་བཞུགས་མཛད་མེད་པས་ཡོངས་འཛིན་རྒྱ་ཡག་ཚང་ནས་ཀུན་གཟིགས་མཆོག་ལ་ཐོག་མའི་ཡི་གེའི་འབྲི་ཀློག་དང་དེ་ནས་ཆོས་སྤྱོད་སྣ་ཚོགས།  སུམ་རྟགས་དག་གསུམ།  བསྡུས་གྲྭ་སོགས་མཛུབ་ཁྲིད་ཕྲ་ཞིབ་ཏུ་གནང་བར་མ་ཟད། བརྩེ་བ་ཆེན་པོས་གཉོར་སྐྱོར་དང་གཟིགས་རྟོགས་བསམ་མི་ཁྱབ་པ་མཛད།  སྐུ་འབུམ་དུ་ཀུན་གཟིགས་ཡང་སྤྲུལ་མཆོག་ཐོག་མར་རྒྱ་ཡག་སྒར་བར་བཞུགས་ལ་དེ་ནས་ཡང་སྲིད་ངོས་འཛིན་གྱི་མཛད་སྒོ་བསྡུས་རྗེས།  སྔོན་ནས་རྒྱལ་བ་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་གནས་ཡིན་པའི་སྐུ་འབུམ་བླ་བྲང་བཀྲ་ཤིས་ཁང་གསར་ཏེ་བླ་བྲང་རྩེ་རུ་དབུས་སུ་མ་ཕེབས་བར་དུ་གཏན་བཞུགས་མཛད།  སྐབས་དེར་ཡོངས་འཛིན་རྒྱ་ཡག་ཚང་ཉིན་རེར་བླ་བྲང་རྩེ་རུ་ཀུན་གཟིགས་ཡང་སྤྲུལ་མཆོག་ལ་དཔེ་ཁྲིད་གནང་དུ་ཕེབས་ཚུལ་སྐབས་དེའི་རྒན་པ་རྣམས་ནས་བཤད་ལ། ཀུན་གཟིགས་མཆོག་གིས་མཛད་པའི་༼དྲིན་ཆེན་རྩ་བའི་བླ་མའི་བཀའ་དྲིན་རྗེས་སུ་དྲན་ཏེ་སླར་ཡང་ཐུགས་རྗེའི་ཆར་རྒྱུན་བསྐུལ་བའི་གསོལ་འདེབས་དབྱར་གྱི་རྔ་གསང་༽ཞེས་པའི་མཇུག་བྱང་དུ་ཡང་། “ངོས་གཞོན་ནུའི་དུས་ནས་སྤྱན་འབྲས་ལྟར་བསྐྱངས་ཏེ། ཡི་གེ་འབྲི་ཀློག་ཆོས་སྤྱོད་འཛིན་སྐྱོར་ཐོས་བསམ་སློབ་གཉེར་ཕྱོགས་གང་ཅིར་བཀའ་དྲིན་གཞལ་བར་དཀའ་བ་ཡོངས་འཛིན་རྗེ་ཞལ་སྔ་ནས་རྒྱ་ཡག་ཏཱ་ཀོ་ཤྲི་པཎྜི་ཏ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་”ཞེས་བསྔགས་བརྗོད་དང་གུས་པ་གཞན་ལས་ཅི་ཆེར་མཛད་ཡོད། 

སྐབས་འདི་ཞིག་ལ་ཀུན་གཟིགས་མཆོག་སྐུ་འབུམ་བླ་བྲང་རྩེ་རུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ལས་རུང་བསྙེན་པར་བཞུགས་དུས།  ཡི་དམ་དུ་ད་ལྟའི་སྐུ་འབུམ་ཚོགས་ཆེན་འདུ་ཁང་ཆེན་མོའི་ཉིས་ཐོག་གི་རབ་གསལ་ཀུན་དགའ་རྭ་བར་བཞུགས་པའི་འཇིགས་བྱེད་ཀྱི་སྐུ་བྱོན་ལེགས་ངོ་མཚར་ཅན་དེ་གདན་དྲངས་པའི་བཤད་རྒྱུན་འདུག  དེ་ནི་ཀུན་གཟིགས་མཆོག་གི་བཀའ་རྩོམ་ཐོར་བུའི་སྐོར་ལས་ “༄༅།།སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཀུན། །རང་གི་རྒྱུད་ལ་སྨིན་པར་ཤོག །བདག་གི་དགེ་བ་ཅུང་ཟད་འདིས། །སེམས་ཅན་གཞན་ལ་ཕན་གྱུར་ཅིག །ཅེས་ས་བྱི༡༢པའི་ཚེས༧ལ་འཇིགས་བྱེད་དཔའ་གཅིག་གི་ལས་རུང་ལ་བཞུགས་སྐབས་སྐུ་མཚམས་གྲོལ་བའི་ཉིན་གསུངས་སོ”ཞེས་གསུངས་པའི་སྐབས་ཡིན་པར་ངེས་ལ། ས་བྱི་ལོ་ནི་ཕྱི་ལོ༡༩༤༨ལོ་ཡིན་པས་ཀུན་གཟིགས་མཆོག་སྐུ་འབུམ་བླ་བྲང་རྩེ་རུ་འཇིགས་བྱེད་ལས་རུང་ལ་བཞུགས་དུས་ཀྱང་ལོ་དེ་ག་རང་ཡིན་ནོ།།

དེ་ནས་ཕྱི་ལོ༡༩༤༤ལོའི་ས་ག་ཟླ་བའི་ཟླ་ཤོལ་ཚེས་བཅོ་ལྔའི་ཉིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་སྐུ་འབུམ་བྱམས་པ་གླིང་གི་རྗེ་གསེར་སྡོང་ཆེན་མོར་ཕྱག་ཕེབས་མཛད་དེ།  འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་སྐུ་བལྟམས་པའི་གནས་ཕུན་སུམ་ཚོགས་པ་རྗེ་གསེར་སྡོང་འཛམ་གླིང་མཛེས་པའི་རྒྱན་གཅིག་གི་མདུན་དུ་ཡོངས་རྫོགས་བསྟན་པའི་མངའ་བདག་སྐྱབས་རྗེ་ཨ་ལགས་བླ་ཁོ་རིན་པོ་ཆེ་མཆོག་གིས་མཁན་པོ་མཛད་དེ་རབ་ཏུ་བྱུང་། སྐབས་དེར་རབ་ཏུ་བྱུང་བའི་ཚུལ་ནི་ཀུན་གཟིགས་པཎ་ཆེན་རང་ཉིད་ཀྱི་གསུང་འབུམ་པོད་གཉིས་པར་༼གོང་ས་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་རབ་བྱུང་སྡོམ་པ་དབང་རྗེས་གནང་ལུང་ཁྲིད་བཅས་ཀྱི་གསན་ཡིག་ནོར་བུའི་དོ་ཤལ་༽ཞེས་པ་ལས།  “དེ་ཡང་རང་ལོ་བདུན་པ་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་བཅོ་བརྒྱད་པ་སྟོད་འགྲེལ་ལྟར་ན་ཉི་སྒྲོལ་བྱེད་ཅེས་པ་ཤིང་ཕོ་སྤྲེལ་ལོའི་དཔྱིད་དུས་སུ་ཆོས་གྲྭ་ཆེན་པོ་དཔལ་ལྡན་བཀྲ་ཤིས་འཁྱིལ་ནས།  ཡོངས་རྫོགས་བསྟན་པའི་མངའ་བདག་བཀའ་དྲིན་མཚུངས་མེད་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་ལ་ཆེད་གཉེར་གྱིས་གསོལ་བ་བཏབ་པ་ལྟར་གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དུ་གདན་དྲངས། སྟོན་པ་བཅོམ་ལྡན་འདས་ལྷུམས་སུ་ཞུགས་པ་དང་།  མངོན་པར་རྫོགས་པར་སངས་རྒྱས་པ་སོགས་དུས་ཆེན་སུམ་འཛོམས་ཀྱི་ས་གའི་ཉ་ལ།  འཇམ་མགོན་རྒྱལ་བ་གཉིས་པ་སྐུ་བལྟམས་པའི་སར་འཁྲུངས་པའི་ཙན་དན་གྱི་ལྗོན་པ་བདེ་གཤེགས་སེང་གེའི་ང་རོའི་སྐུ་འབུམ་དང་བཅས་པ་སྙིང་བོར་བཞུགས་པའི་གཙུག་ལག་ཁང་ཆེན་པོར།  དུས་གསུམ་རྒྱལ་བའི་གདུང་འཚོབ་དམ་པ་འདུལ་བ་འཛིན་པ་ཐམས་ཅད་ཀྱི་གཙུག་རྒྱན། ༸ཐམས་ཅད་མཁྱེན་པ་རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་མཁན་པོ་དང་།  གང་དེའི་ནང་ཐུགས་ཀྱི་སྲས་གཅིག་སྙན་བརྒྱུད་གདམས་པའི་བང་མཛོད་འཛིན་པ་ཡོངས་འཛིན་ཞལ་སྔ་ནས་རྗེ་འཇིགས་མེད་རྒྱ་མཚོ་དཔལ་བཟང་པོས་དུས་གོ་བ།  འཇམ་མགོན་བསྟན་པའི་གསལ་བྱེད་ཆེན་པོ་རྒྱ་ཡག་མཁན་པོ་ཨེར་ཏེན་མེར་གེན་ཚ་གྷན་ཧོ་ཐོག་ཐུ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་ཞལ་སྔ་ནས་ཀྱིས་གཙུག་ཕུད་འབྲེག་པའི་གྲོགས་ལྡན་པ་དང་།  ལུང་རྟོགས་ཡོན་ཏན་གྱི་གཏེར་མཛོད་གདན་སའི་མཁན་ཁྲི་འཛིན་པ་སྟོང་འཁོར་ཧོ་ཐོག་ཐུ་བློ་བཟང་བྱང་ཆུབ་བསྟན་པའི་རྒྱ་མཚོ།  སྐྱེ་དགུའི་འདྲེན་མཆོག་དམ་པ་སྐྱབས་རྗེ་ཨ་ཀྱཱ་ཧོ་ཐོག་ཐུ་བློ་བཟང་ལུང་རྟོགས་འཇིགས་མེད་བསྟན་པའི་རྒྱལ་མཚན།  བསྟན་པའི་རྩ་ལག་དམ་པ་གསེར་ཏོག་ནོ་མོན་ཧན་བློ་བཟང་འཇམ་དཔལ་བསྟན་འཛིན་རྒྱ་མཚོ།  སྒྲུབ་པའི་རྒྱལ་མཚན་འཛིན་པའི་ཀུན་སྤངས་པ་ཐར་ཤུལ་སྤྲུལ་བའི་སྐུ་རིན་པོ་ཆེ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོ།  རིག་གནས་རྒྱ་མཚོའི་ཕྲེང་བ་འཛིན་པ་ཀོའུ་བ་སྤྲུལ་སྐུ་བློ་བཟང་བཤད་སྒྲུབ་རྒྱ་མཚོ།  གཞུང་ལུགས་རབ་འབྱམས་སྨྲ་བའི་དབང་བོ་འདུལ་བ་འཛིན་པ་ཨ་ཀྱཱ་ཡོངས་འཛིན་དཀོན་མཆོག་སྦྱིན་པ།  ལུང་རིགས་སྨྲ་བའི་ཁྱུ་མཆོག་རབ་འབྱམས་པ་ཚུལ་ཁྲིམས་སྡོམ་སྲུང་། བཀྲས་འཁྱིལ་དགེ་བཤེས་སྨྲ་བའི་དབང་ཕྱུག་ཐབས་མཁས་རྒྱ་མཚོ་སྟེ་གནས་བརྟན་འདུལ་བ་འཛིན་པ་དགེ་འདུན་གྲངས་ཚང་བའི་དབུས་སུ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་རྩོམ་གཞིར་བྱས་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བླངས་ཏེ་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་བོའི་རྗེས་འཇུག་གི་ཁྲོད་དུ་ཆུད་པར་བྱས་སོ་”ཞེས་རབ་བྱུང་དང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་སྐབས་ཀྱི་མཁན་པོ་དང་དུས་གོ་བ། གཙུག་ཕུད་འབྲེག་པའི་གྲོགས་ལྡན་པ། དགེ་འདུན་གྱི་གྲངས་བཅས་གསལ་བར་གསུངས།  སྐབས་དེར་ཁོང་གི་མཚན་ལ་ཡང་མཁན་པོ་ཉིད་ནས“བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་”ཞེས་གསོལ་ཡོད་དོ།།

6.jpg

གསུམ། སྐུ་འབུམ་དུ་དབང་ལུང་ཟབ་ཆོས་མང་དུ་གསན་པ།

ཀུན་གཟིགས་པཎ་ཆེན་མཆོག་གིས་སྐུ་འབུམ་དུ་ཐུགས་གཉེར་གནང་བའི་ཞོར་དུ་ཡོངས་འཛིན་རྣམ་པའི་ཞལ་སྔ་ནས་དབང་ལུང་རྗེས་གནང་སོགས་མདོ་རྒྱུད་ཀྱི་ཆོས་ཚན་མཐའ་ཡས་པ་གསན་བསམ་རྒྱ་ཆེར་མཛད།  ཕྱི་ལོ༡༩༤༤ལོའི་ཟླ་བཞི་བའི་ཟླ་ཤོལ་ཡར་ཚེས་ལ་སྐྱབས་རྗེ་ཨ་ལགས་བླ་ཁོ་རིན་པོ་ཆེ་པཎ་ཆེན་ནང་མ་སྒང་གིས་གདན་ཞུས་བཞིན་སྐུ་འབུམ་བྱམས་པ་གླིང་དུ་ཕེབས་ཏེ་པཎ་ཆེན་ཆུང་སྲིད་ལ་དགེ་ཚུལ་གྱི་སྡོམ་པ་ཕུལ་རྗེས།  ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེ་ནས་པཎ་ཆེན་ཡང་སྲིད་རིན་པོ་ཆེ་གཙོས་མདོ་སྨད་བྱང་རྒྱུད་ཀྱི་བཤེས་གཉེན་མང་པོར་འཇམ་དབྱངས་ཉེར་བརྒྱད་པའི་བདེ་ཡངས་སུ་ལམ་རིམ་བསྡུས་དོན་གྱི་སྟེང་ནས་ལམ་ཁྲིད་དང་སྐྱབས་ཁྲིད་རྒྱས་པ།  དཔའ་པོ་གཅིག་པའི་དབང་སྟ་གོན་དང་བཅས་པ།  འཇིགས་བྱེད་ལྷ་བཅུ་གསུམ་པ།  གསང་འདུས་མི་བསྐྱོད་པ།  བདེ་མཆོག་ལཱུ་ཨི་བ།  བདེ་མཆོག་དྲིལ་བུ་ཕྱི་ནང་གཉིས།  གྲུབ་རྒྱལ་ཚེ་དབང་། རིགས་གསུམ་སྤྱི་སྒྲུབ་དང་སྒྲོལ་དཀར་ལྗང་གཉིས།  འཇམ་དབྱངས་དམར་སེར།  མགོན་པོ་དང་ཆོས་རྒྱལ།  ལྷ་མོ། བག་ཙེ་རྣམས་ཀྱི་རྗེས་གནང་སོགས་ཁྲིད་ཞལ་ལུང་མང་དུ་གནང་།  ལྷག་པར་ཕྱི་ལོ༡༩༤༦ལོའི་ཧོར་ཟླ་གཉིས་པ་ནས་སྐྱབས་རྗེ་བླ་ཁོ་རིན་པོ་ཆེ་སྐུ་འབུམ་ནས་ཟླ་དྲུག་ལྷག་གི་རིང་བཞུགས་དུས་སྐུ་འབུམ་འཇམ་དབྱངས་སྒར་བའི་ཚོམས་ཆེན་དུ་ཟླ་གཉིས་པའི་ཚེས་ཉེར་དགུའི་ཉིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གཙོས་མདོ་སྨད་ལྷོ་བྱང་གི་བླ་ཆེན་དང་དགེ་བཤེས་དགེ་འདུན་འདུས་ཚོགས་སྟོང་ཕྲག་མང་པོར་དཔལ་དུས་ཀྱི་འཁོར་ལོའི་དབང་གི་སློབ་མ་རྗེས་འཛིན་དང་།  ཧོར་ཟླ་གསུམ་པའི་ཚེས་བཅུ་བཞི་ནས་བཅུ་བདུན་བར་དཔལ་དུས་འཁོར་ལོའི་དབང་ཆེན་གྱི་དབང་གི་སློབ་མ་སྟ་གོན།  དེ་ནས་བྱིས་པ་ལྟར་འཇུག་པའི་དབང་བདུན།  དབང་གོང་མ་གོང་ཆེན།  རྡོ་རྗེ་སློབ་དཔོན་ཆེན་པོའི་དབང་བཅས་གནང་།  དབང་གི་མཇུག་ཏུ་ཀུན་གཟིགས་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་མཆོག་ནས་མཎྜལ་བཤད་པ་སྙན་པའི་དབྱངས་ཀྱི་སྒོ་ནས་ཕུན་སུམ་ཚོགས་པ་གསུང་དུས་སྟོན་འཁོར་ཐམས་ཅད་མགུ་བར་མཛད།  དབང་ཆེན་གྱི་སྔ་ཕྱི་ཀུན་ཏུ་སྐྱབས་རྗེ་བླ་ཁོ་རིན་པོ་ཆེའི་ཞལ་སྔར་བྱང་ཆུབ་བདེ་ལམ་དམར་ཁྲིད་དང་གྲུབ་རྒྱལ་ཚེ་དབང་།  རིག་བྱེད་མའི་རྗེས་གནང་།  མི་ཏྲའི་དབང་གི་སྟ་གོན་སྔོན་དུ་བཏང་སྟེ་གཤེད་དམར་ལྷ་བཅུ་གསུམ་དང་རྡོ་རྗེ་ཕྲེང་བའི་དབང་།  སྒྲུབ་ཐབས་རིན་འབྱུང་སོགས་དབང་ལུང་རྗེས་གསུམ་སོགས་ཟབ་རྒྱས་ཆོས་ཚུལ་མཐས་ཡས་པར་གསན་བསམ་རྒྱ་ཆེར་མཛད་ཚུལ་ནི།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ༢༠༡༡ལོར་པར་དུ་བསྐྲུན་པའི་པཎ་ཆེན་སྐུ་ཕྲེང་བཅུ་བའི་གསུང་འབུམ་པོད་གཉིས་པར་བཞུགས་པའི་༼གོང་ས་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་རབ་བྱུང་སྡོམ་པ་དབང་རྗེས་གནང་ལུང་ཁྲིད་བཅས་ཀྱི་གསན་ཡིག་ནོར་བུའི་དོ་ཤལ་༽ཞེས་པར་གསལ་ལ།  གཞན་མེ་ཁྱི་ཕྱི་ལོ༡༩༤༦ལོའི་ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་ནས་ལྕགས་སྟག་ཕྱི་ལོ༡༩༥༠ལོའི་བར་རྗེ་འཇིགས་མེད་རྒྱ་མཚོའི་ཞལ་སྔར་ཀུན་གཟིགས་མཆོག་ནས་དབང་ལུང་གསན་བསམ་མཛད་ཚུལ་ཡང་པོད་དེ་ཉིད་དུ་༼པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་པོས་ཨ་ལགས་འཇིགས་མེད་རྒྱ་མཚོ་ནས་གསན་པའི་གསན་ཡིག་ཟབ་རྒྱས་བདུད་རྩིའི་སྦྲང་ཆར་༽ཞེས་པར་གསལ། བཀའ་རྩོམ་འདི་གཉིས་སུ་ཀུན་གཟིགས་མཆོག་གིས་སྐབས་དེར་གསན་པའི་དབང་ལུང་རྗེས་གནང་དག་གི་བླ་རྒྱུད་དང་མཐོང་བ་ཕྱག་ལེན་དངོས་དང་བཅས་པ་གསལ་བར་བཀོད་ཡོད།

8.jpg

བཞི། སྐུ་འབུམ་དུ་ཁྲི་སར་བཀོད་པ་དང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་བ།

དེ་ལྟར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་སྐུ་འབུམ་དུ་ཐུགས་གཉེར་ལྷོད་མེད་གནང་བཞིན་གཏན་བཞུགས་མཛད།  ཕྱི་ལོ༡༩༤༩ལོའི་ལོ་འགོར་པཎ་ཆེན་ནང་མ་སྒང་གི་ཅེ་འཇིགས་མེད་ཀོང་ཀྲུག་ཏུ་སོང་ནས་གོ་མིན་ཏང་སྲིད་གཞུང་གི་ཙུང་ཐུང་འཐུས་ཚབ་ལིས་ཙུང་རུང་དང་ཐུག་ཕྲད་གནང་སྟེ།  ལོ་དེའི་ཟླ་དྲུག་པའི་ཚེས་གསུམ་ཉིན་གོ་མིན་ཏང་སྲིད་གཞུང་ནས་ཡང་སྲིད་ཆུང་ངུ་མགོན་པོ་ཚེ་བརྟན་ཉིད་པཎ་ཆེན་སྐུ་ཕྲེང་བཅུ་བར་ངོས་ལེན་གྱི་ཆོག་མཆན་དཔང་ཡིག་གནང་།  དེ་ནས་ལོ་དེའི་ཧོར་ཟླ་བརྒྱད་པའི་ཚེས་བཅུའི་ཉིན་སྐུ་འབུམ་བྱམས་པ་གླིང་གི་འཇམ་དབྱངས་ཀུན་གཟིགས་མདུན་གྱི་ཆོས་གྲྭ་ཆེན་མོར་ཁྲི་སྟོན་གྱི་མཛད་སྒོ་རྒྱ་ཆེར་སྤེལ།  ཁྲི་སྟོན་མཛད་སྒོའི་སྟེང་དུ་མདོ་སྨད་ལྷོ་བྱང་གི་བོད་ཀྱི་བླ་ཆེན་མི་དཔོན་དང་།  གོ་མན་ཏང་སྲིད་གཞུང་དང་བོད་སོག་ལས་ཁུངས་ཀྱི་འགན་འཛིན།  ས་གནས་ཀྱི་དཔོན་རིགས་མང་པོ་བཅས་ཆེད་ཕེབས་གནང་སྟེ་རྟེན་འབྲེལ་ཞུས།

དེ་ནས་མཚོ་སྔོན་བཅིངས་གྲོལ་བྱེད་ལ་ཉེ་དུས་ནང་མ་སྒང་གི་བཀའ་གྲོས་འོག་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ཡབ་ཡུམ་གཉིས་དང་སྐུ་འཁོར་དང་བཅས་བ་གསང་བའི་སྒོ་ནས་མཚོ་ནུབ་ཤིང་སྡེ་ཁུལ་དུ་གཉེན་ཡོལ་དུ་ཕེབས་ནས་བཞུགས།  མཚོ་སྔོན་བཅིངས་གྲོལ་བྱས་རྗེས་ཀྱི་ཕྱི་ལོ༡༩༥༠ལོའི་ཟླ་བརྒྱད་པའི་ཚེས་ཉེར་ལྔའི་ཉིན་དགུང་ལོ་བཅུ་གསུམ་ལ་སོན་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ཡོངས་འཛིན་རྒྱ་ཡག་ཚང་དང་མཉམ་དུ་གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དུ་ཕེབས་ཏེ་སྔར་བཞིན་སློབ་གཉེར་གྱི་རྒྱུན་བསྐྱངས། ཕྱི་ལོ༡༩༥༡ལོའི་ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན་ཀུན་གཟིགས་མཆོག་དང་ཡོངས་འཛིན་རྒྱ་ཡག་རིན་པོ་ཆེ།  ནང་མ་སྒང་གི་མི་སྣ་ཞེ་ལྔ་བཅས་རྒྱལ་ས་པེ་ཅིན་དུ་ཕེབས་དུས་ཙུང་ལི་ཀྲུའུ་ཨན་ལིན་གྱིས་ཕེབས་བསུ་དང་སྣེ་ལེན་གཟབ་རྒྱས་གནང་།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་མའོ་ཙེ་ཏུང་དང་ཀྲུང་དབྱང་གི་འགོ་ཁྲིད་རྣམས་ལ་མཇལ་ཕྲད་གནང་སྟེ་གསོལ་སྟོན་ལ་རོལ། 

དེ་ནས་སླར་སྐུ་འབུམ་བྱམས་པ་གླིང་དུ་ཕྱག་ཕེབས་གནང་དུས་གདན་ས་ཆེན་པོའི་གཞུང་ཚོགས་འདུ་ལྷན་རྒྱས་དང་དགེ་འདུན་འདུས་ཚོགས་ཡོངས་ནས་རྩེ་གཅིག་ཏུ་གསོལ་བ་བཏབ་པ་བཞིན།  ཕྱི་ལོ༡༩༥༡ལོའི་ཧོར་ཟླ་བརྒྱད་པའི་ནང་༸ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་མཆོག་གིས་གངས་ལྗོངས་ལིམྦུའི་དགའ་ཚལ་གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དུ་དཔལ་དུས་འཁོར་ལོའི་དབང་ཆེན་གྱི་སློབ་མ་སྟ་གོན།  དེ་ནས་བྱིས་པ་ལྟར་འཇུག་པའི་དབང་བདུན།  དབང་གོང་མ་གོང་ཆེན།  རྡོ་རྗེ་སློབ་དཔོན་ཆེན་པོའི་དབང་བཅས་བོད་རྒྱ་སོག་གསུམ་གྱི་དད་ལྡན་སེར་སྐྱ་ཁྲི་ཕྲག་དུ་མར་བསྩལ་ཏེ་འགྲོ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་པའི་མཛད་རྗེས་རྨད་དུ་བྱུང་བ་བསྐྲུན།  དེ་ནས་ལོ་རྗེས་མ་སྟེ་ཕྱི་ལོ༡༩༥༢ལོའི་ཟླ་དང་པོའི་ཚེས་བཅུའི་ཉིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ཡོངས་འཛིན་རྒྱ་ཡག་རིན་པོ་ཆེ་སྐུ་འཁོར་བརྒྱ་ཕྲག་དང་བཅས་དབུས་ལྷ་ལྡན་ཆོས་ཀྱི་ཞིང་ཁམས་སུ་ཆིབས་བསྒྱུར་མཛད།

11.jpg

ལྔ། ཆོས་སྒོ་ཕྱེས་རྗེས་ཀུན་གཟིགས་མཆོག་སྐུ་འབུམ་དུ་ཐེངས་བཞི་ལ་ཕེབས་པ།

ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་སྐུ་འབུམ་ནས་དབུས་སུ་ཆིབས་བསྒྱུར་གནང་རྗེས། ཕྱི་ལོ༡༩༥༥ལོོའི་ཟླ་བཞི་བའི་ཚེས་ཉེར་ལྔའི་ཉིན་མཚོ་སྔོན་ས་ཆར་གཟིགས་ཞིབ་ཏུ་ཕེབས་ཏེ་ཟླ་ལྔ་བའི་ཟླ་དཀྱིལ་དུ་ཀུན་གཟིགས་མཆོག་སྐུ་འབུམ་བྱམས་པ་གླིང་དུ་ཕེབས་ཏེ་ཆོས་སྲིད་ཀྱི་མཛད་འཕྲིན་བསྐྱངས།  དེ་ནས་སྤྱི་ཚོགས་ལ་དུས་འགྱུར་བྱུང་སྟེ་ཀུན་གཟིགས་མཆོག་ལ་རིག་གསར་སྔོན་ནས་འཐབ་རྩོད་ཕོག་སྟེ་ཕྱིས་སུ་མུན་པའི་བཙོན་དུ་ལོ་ངོ་དགུ་ལྷག་ལ་བཞུགས་དགོས་བྱུང་།

ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་རྗེས།  ཀུན་གཟིགས་པཎ་ཆེན་མཆོག་གི་སྐུ་ཞལ་ཟླ་བའི་དཀྱིལ་འཁོར་སླར་ཡང་གངས་ལྗོངས་ཀྱི་ཤར་རིའི་རྩེ་ནས་འཕྲིན་ལས་ཀྱི་འོད་སྣང་སྤྲོ་བཞིན་འཆར།  དེ་ནས་མ་འགྱངས་བར་ཕྱི་ལོ༡༩༨༠ལོའི་བོད་ཟླ་བརྒྱད་པའི་ཚེས་ཉེར་བཞིའི་ཉིན་སྐུ་འབུམ་བྱམས་པ་གླིང་དུ་ཡང་བསྐྱར་ཆིབས་བསྒྱུར་གནང་སྟེ་བླ་བྲང་བཀྲ་ཤིས་ཁང་གསར་དུ་བཞུགས།  ཚེས་ཉེར་ལྔའི་སྔ་དྲོར་རྗེ་གསེར་སྡོང་ཆེན་མོའི་ནང་འཇིགས་མཛད་བདག་འཇུག་དང་སྟོང་མཆོད་མང་ཇ་སོགས་གཟབ་རྒྱས་དང་ཕྱི་དྲོར་གྲྭ་ཚང་དང་ལྷ་ཁང་སོགས་ལ་གཟིགས་ཞིབ་གནང་། ཚེས་ཉེར་དྲུག་ཉིན་གདན་སའི་འདུས་ཚོགས་ཡོངས་ལ་མ་ཅིག་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བཀའ་དྲིན་དུ་བསྩལ་བར་དགོན་གཞུང་ནས་མཎྜལ་བཤད་པ་དང་རྩོད་གྲྭ་སོགས་ཐུགས་དགྱེས་པའི་མཆོད་སྤྲིན་དུ་བསྟར།  ཚེས་ཉེར་བདུན་ཉིན་སྐུ་འབུམ་འདུས་ཚོགས་དང་ཕྱོགས་ཡོངས་ཀྱི་དད་ལྡན་ཁྲི་ཕྲག་འབྱོར་བ་ལ་ཕྱག་མཇལ་དང་།  ཏང་གི་སྲིད་ཇུས་ངོ་སྤྲོད་དང་གདན་ས་ཆེན་པོའི་ཆོས་སྲིད་ཀྱི་ལེགས་ཚོགས་ཐམས་ཅད་སྒོ་ཀུན་ནས་འཕེལ་བའི་ཐབས་སུ་བཀའ་སློབ་ལམ་སྟོན་ཞིབ་རྒྱས་བསྩལ།  ཉིན་དེའི་ཕྱི་དྲོའི་དུས་ཤིག་ལ་སྐུ་མདུན་པ་རྣམས་ལ་ཡང་ཤེས་སུ་མ་བཅུག་པར་སྐྱབས་རྗེ་དགེ་ཀྱཱ་རིན་པོ་ཆེའི་མདུན་དུ་ཕེབས་ནས་རྣམ་པ་གཉིས་ནས་ཞལ་བརྡ་ཡུན་རིང་གནང་བའི་ངོ་མཚར་བའི་གཏམ་རྒྱུད་བྱུང་།  ༸གོང་ས་ཐམས་ཅད་མཁྱེན་པའི་འཁྲུངས་ཡུལ་སྟག་མཚེར་དུ་ཕེབས་ཏེ་གཉེན་ཉེ་རྣམས་ལ་བརྩེ་བས་འཚམས་འདྲི་དང་ཞལ་བརྡ་གནང་བ་ཡང་སྐབས་འདི་ཡིན་དགོས་པར་འདུག  འདི་ནི་ཆོས་སྒོ་ཕྱེས་རྗེས་སུ་ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་སྐུ་འབུམ་དུ་ཕེབས་པའི་ཐོག་མ་ཡིན།

ཕྱི་ལོ༡༩༨༢ལོའི་བོད་ཟླ་ལྔ་བའི་ཚེས་བཞིའི་ཉིན་ཀུན་གཟིགས་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་སླར་ཡང་སྐུ་འབུམ་ཆོས་སྡེ་ཆེན་པོར་ཞབས་ཀྱི་པད་མོ་རྣམ་པར་བཀོད་དེ་འཆམ་གཟིགས་དང་ཕྱག་དབང་གནང་བ་སོགས་མཛད། དེ་ནས་ཕྱི་ལོ༡༩༨༣ལོའི་བོད་ཟླ་བཅུ་བའི་ཚེས་བཅུ་གསུམ་ཉིན་འཁྲུངས་ཡུལ་བིས་མདོར་ཕེབས་རྗེས་ཟླ་དེའི་ཚེས་ཉེར་ལྔའི་ཉིན་སྐུ་འབུམ་དུ་ཆིབས་ཀྱི་ཁ་ལོ་བསྒྱུར།  དགོན་གཞུང་དང་དགེ་འདུན་འདུས་ཚོགས་ནས་སེར་སྦྲེང་ཕེབས་བསུ་འབྱམས་ཀླས་པ་དང་བཅས་ཆོས་གྲྭ་ཆེན་མོ་བརྒྱུད་རྗེ་གསེར་སྡོང་ཆེན་མོར་ཕེབས།  ཉིན་དེར་ཀུན་གཟིགས་མཆོག་ནས་རྗེ་གསེར་སྡོང་ཆེན་མོར་སྟོང་མཆོད་དང་སྨོན་ལམ་རྒྱ་ཆེར་གནང་། དེ་ནས་དུས་འཁོར་གྲྭ་ཚང་རིགས་ལྡན་བློ་གསལ་གླིང་གི་འདུ་ཁང་གསར་བར་ཞབས་སོར་བཀོད་ནས་གསོལ་ཚིགས་བཞེས། རབ་གནས་ཤིས་བརྗོད་དང་སྐྱ་སེར་ཡོངས་ལ་ཤམ་བྷ་ལའི་སྨོན་ལམ་གྱི་ལུང་དང་ཕྱག་དབང་བསྩལ། དགོང་མོ་བླ་བྲང་བཀྲ་ཤིས་ཁང་གསར་དུ་བཞུགས་ཤག་མཛད། ཚེས་ཉེར་དྲུག་གི་ཞོགས་པའི་དུས་ཚོད་དགུའི་སྟེང་འདུས་ཚོགས་ཀྱིས་སེར་སྦྲེང་དང་བཅས་རྗེ་གསེར་སྡོང་ཆེན་མོར་ཕེབས་ཏེ་ཁྲུས་གསོལ་རྒྱས་བར་གསུངས།  དེ་ནས་འཇམ་དབྱངས་ཀུན་གཟིགས་མདུན་གྱི་ཆོས་གྲྭའི་བཞུགས་ཁྲིར་ཞབས་གསོལ་བཀོད་དེ་སྐུ་འབུམ་འདུས་སྡེ་དང་ཕྱོགས་ཀྱི་དད་ལྡན་ཡོངས་ལ་སེམས་བསྐྱེད་མཆོད་པའི་བཀའ་དྲིན་བསྐྱངས།  ཚེས་ཉེར་བདུན་ཉིན་རྒྱ་ཡག་སྒར་བར་ཕེབས་དུས་གདན་སའི་བླ་སྤྲུལ་རྣམས་ཀྱིས་གཟིམ་ཆུང་མཇལ་ཁ་ཞུས་ཏེ་གདན་ས་སྐུ་འབུམ་རང་དུ་ཡང་བསྐྱར་དཔལ་དུས་ཀྱི་འཁོར་ལོའི་དབང་མོ་ཆེ་གནང་རྒྱུའི་སྙན་གསན་ཕུལ་བར་བཀའ་སློབ་རྒྱས་པ་དང་བཅས་ཕྱིར་པེ་ཅིན་ཕྱོགས་སུ་ཆིབས་བསྒྱུར་བསྐྱངས་སོ།།

ཕྱི་ལོ༡༩༨༧ལོའི་ཟླ་བརྒྱད་པའི་ཚེས་གཉིས་ཉིན་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་གནའ་མཁར་ཟི་ལིང་བརྒྱུད་འཁྲུངས་ཡུལ་བིས་མདོར་ཕེབས། ཚེས་བཅུ་དྲུག་གི་ཉིན་ཟི་ལིང་ཧྲིན་ལེ་ཀུང་ཡོན་ཞེས་པའི་གནས་སུ་པཎ་ཆེན་མཆོག་གིས་གསུང་བཤད་གལ་ཆེན་གནང་། དེ་ནས་ཟླ་དེའི་ཚེས་ཉེར་ལྔའི་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་སྐུ་འབུམ་བྱམས་པ་གླིང་དུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་ཞབས་ཟུང་གསེར་གྱི་འཁོར་ལོ་ཡང་བསྐྱར་རྣམ་པར་བཀོད།  ཐོག་མར་རྗེ་གསེར་སྡོང་ཆེན་མོར་ཕེབས་ཏེ་ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེར་གནང་། ཟི་ན་རིན་པོ་ཆེ་ནས་ཚེ་སྒྲུབ་བུམ་པ་ཕུལ་རྗེས་བླ་བྲང་རྩེར་ཕེབས།  ཕྱི་དྲོ་གདན་སའི་དགེ་འདུན་དང་དད་ལྡན་ཡོངས་ལ་ཕྱག་དབང་གནང་། དེ་ནས་བཙན་ཁང་ཆེན་མོ་དང་དུས་འཁོར་བློས་བསླངས།  སྐུ་འབུམ་དུ་ཡོད་པའི་མཚོ་སྔོན་ནང་བསྟན་སློབ་གྲྭ།  རྒྱུད་པ་གྲྭ་ཚང་སོགས་ལ་གཟིགས་ཞིབ་དང་།  རྒྱུད་པར་གསང་འདུས་རྩ་རྒྱུད་སྨོན་ལམ་དང་བཅས་པའི་ལུང་དང་གྲྭ་མང་ལ་མཇལ་ཁ་གནང་།  དགོང་མོ་བླ་བྲང་བཀྲ་ཤིས་ཁང་གསར་དུ་བཞུགས་ཤག་མཛད།  དེ་ཉིན་ཀུན་གཟིགས་མཆོག་ནས་ཕྱག་དབང་སྐབས་རྩོད་གཟིགས་དང་དགོང་མོ་སྐྱོར་བཞེངས་ལ་གཟིགས་རྟོགས་མཛད། ཕྱི་ཉིན་རྒྱ་ཡག་སྒར་བར་ཕྱག་ཕེབས་མཛད་དེ་གསོལ་སྟོན་གྲུབ་རྗེས་གདན་སའི་དགེ་འདུན་མང་ཐམས་ཅད་ལ་ཆོས་སྡེ་ཆེན་པོའི་ཆོས་འཆད་ཉན་དང་བཤད་སྒྲུབ་ཀྱི་བྱ་བ་འཛིན་སྐྱོང་ཐད་ནས་བཀའ་སློབ་རྒྱས་པ་བསྩལ་རྗེས་ཁྱུང་ཀྱཱ་བསམ་གཏན་གླིང་དུ་ཕེབས་པ་སོགས་ཀྱི་མཛད་འཕྲིན་བསྐྱངས་སོ།།

14.jpg

དྲུག སྐུ་འབུམ་གཞུང་ཤར་མཆོད་ཁང་བཀྲ་ཤིས་རྣམ་རྒྱལ་གྱི་མཛད་སྒོར་ཞུགས་པ།

སྔོན་ཕྱི་ལོ༡༩༨༢ལོར་ཀུན་གཟིགས་མཆོག་གདན་ས་བཀྲ་ཤིས་ལྷུན་པོར་ཕེབས་སྐབས་རིག་གསར་གྱི་དུས་འགྱུར་ནང་པཎ་ཆེན་སྐུ་ཕྲེང་ལྔ་བ་ནས་དགུ་བའི་བར་གྱི་སྐུ་གདུང་མཆོད་ཁང་ཁག་རྩ་གཏོར་དུ་སོང་བ་གཟིགས་དུས་ཐུགས་ལ་བཟོད་གླགས་མེད་པའི་སྐྱོ་གདུང་འཁྲུངས་ལ།  དེ་དུས་དད་ལྡན་མང་ཚོགས་ཁག་ཅིག་གིས་རང་གི་སྲོག་ཀྱང་ཡལ་བར་དོར་ནས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་སྐུ་གདུང་ཚལ་བུ་ཉར་ཚགས་བྱས་པ་རྣམས་དངོས་འབུལ་ཞུས། དེ་ནས་ཀུན་གཟིགས་མཆོག་གིས་ཀྲུང་དབྱང་ལ་པཎ་ཆེན་སྐུ་ཕྲེང་ལྔའི་སྐུ་གདུང་ཚལ་བུ་ལྷན་བཞུགས་ཀྱི་མཆོད་ཁང་གདུང་རྟེན་གསར་བཞེངས་ཀྱི་སྙན་ཞུ་ཕུལ་བ་ཆོག་མཆན་གནང་བ་ལྟར།  ཀུན་གཟིགས་མཆོག་གིས་གཙོ་འགན་བཞེས་ཏེ་སྐུ་གདུང་མཆོད་ཁང་ཤར་བཀྲ་ཤིས་རྣམ་རྒྱལ་གསར་བཞེངས་མཛད།  ཕྱིས་ལེགས་གྲུབ་མཛད་སྒོར་ཀྲུང་དབྱང་གི་འགོ་ཁྲིད་དང་བོད་མདོ་དབུས་ཁམས་གསུམ་གྱི་བླ་དཔོན་གང་ཡོད་མགྲོན་འབོད་གནང་བར།  ཕྱི་ལོ༡༩༨༨ལོའི་ཧོར་ཟླ་བཅུ་གཉིས་པའི་ཚེས་འགོར་སྐུ་འབུམ་བྱམས་པ་གླིང་ནས་སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་དང་ཆེ་ཤོས་རིན་པོ་ཆེ་དཔལ་ལྡན་ལུང་རིགས་རྒྱ་མཚོ།  གསེར་ཏོག་རིན་པོ་ཆེ་བློ་བཟང་བཤད་སྒྲུབ་ཆོས་ཀྱི་རྒྱལ་མཚན་དང་ལས་སྣེ་འགའ་དང་བཅས་དབུས་ལྷ་ལྡན་དུ་ཕེབས་ཏེ་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་ལ་གཟིམ་ཆུང་མཇལ་ཁ་རྒྱས་པར་ཞུས།  དེ་ནས་གཙང་དུ་ཕེབས་ཏེ་ཚེས་བཅུ་གསུམ་ནས་བཅོ་ལྔའི་བར་བཀྲ་ཤིས་ལྷུན་པོའི་མཆོད་ཁང་ཤར་བཀྲ་ཤིས་རྣམ་རྒྱལ་མཆོད་རྟེན་གཙུག་ལག་ཁང་ཆེན་མོའི་རབ་གནས་དང་།  ཚེས་བཅུ་དྲུག་ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ལྔ་བ་ནས་དགུ་བའི་བར་གྱི་སྐུ་གདུང་རིན་པོ་ཆེའི་མཆོད་རྟེན་ཁྱད་འཕགས་གཙུག་ལག་ཁང་དང་བཅས་པ་ལེགས་གྲུབ་ཀྱི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོའི་འགོ་ཚུགས་པའི་སྟེང་ཞུགས། བོད་མདོ་དབུས་ཁམས་གསུམ་གྱི་བླ་སྤྲུལ་དང་དགོན་སྡེའི་འཐུས་མི།  བོད་རིགས་ལས་བྱེད་ཆེ་དྲག་དང་ཀྲུང་དབྱང་འགོ་ཁྲིད་སོགས་མང་ཚོགས་ཁྲི་ཕྲག་མང་པོ་དགའ་སྟོན་རྟེན་འབྲེལ་ལ་རོལ།  སྐུ་འབུམ་དགོན་གཞུང་ནས་ཞལ་ཐང་སོགས་འབུལ་ཚན་གྱ་ནོམ་པ་བཏེགས།  དེ་ཉིན་མཆོད་ཁང་ཤར་གྱི་གཟིམ་ཆུང་ནང་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་དང་ཡོངས་འཛིན་རྒྱ་ཡག་རིན་པོ་ཆེ།  ཨ་ཀྱཱ་རིན་པོ་དང་ཆེ་ཤོས་རིན་པོ་ཆེ། གསེར་ཏོག་རིན་པོ་ཆེ་བཅས་མཉམ་དུ་མཐའ་མའི་སྐུ་པར་ཞིག་བསྒྲོན།  དེ་ནས་ཚེས་བཅོ་བརྒྱད་ཉིན་ཀུན་གཟིགས་མཆོག་ནས་ཆོས་ལུགས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་བཀའ་སློབ་རྒྱས་པ་གནང་།  ཚེས་བཅུ་དགུའི་སྔ་དྲོར་སྐུ་འབུམ་གྱི་བླ་སྤྲུལ་རྣམས་ལྷ་ལྡན་བརྒྱུད་ཕྱིར་མདོ་སྨད་དུ་ཕེབས་སོ། །

བདུན། ཀུན་གཟིགས་མཆོག་སྐུ་གཤེགས་པར་སྐུ་འབུམ་དུ་གདུང་མཆོད་རྒྱ་ཆེར་མཛད་པ།

བོད་རབ་བྱུང་བཅུ་བདུན་པའི་ས་འབྲུག་ཕྱི་ལོ༡༩༨༩ལོའི་སྤྱི་ཟླ་དང་པོའི་ཚེས་ཉེར་བརྒྱད་དང་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་གཅིག་ཉིན་༸ཀུན་གཟིགས་སྣང་བ་མཐའ་ཡས་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག་གློ་བུར་དུ་གཙང་བཀྲ་ཤིས་ལྷུན་པོར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་མཛད་པས་གངས་རིའི་ཕྱི་ནང་གི་འགྲོ་རྣམས་མི་བཟོད་སྡུག་བསྔལ་གྱི་གཡང་དུ་ལྷུང་དུས།  སྐུ་འབུམ་བྱམས་པ་གླིང་གི་དོ་དམ་ཁང་དང་ཚོགས་འདུས་ལྷན་རྒྱས་བཀའ་གྲོས་འོག་སྐྱབས་རྗེ་ཨ་ཀྱཱ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་དང་ཆེ་ཤོས་དཔལ་ལྡན་ལུང་རིགས་རྒྱ་མཚོ། གསེར་ཏོག་བློ་བཟང་བཤད་སྒྲུབ་ཆོས་ཀྱི་རྒྱལ་མཚན་རྣམ་པ་གསུམ་གཙོས་ངོ་འཁོར་མི་བདུན་གཙང་བཀྲ་ཤིས་ལྷུན་པོར་ཀུན་གཟིགས་མཆོག་གི་གདུང་མཆོད་ལ་ཕེབས།  གདན་ས་སྐུ་འབུམ་རང་དུ་སྐྱབས་རྗེ་ཟི་ན་བློ་བཟང་བསྟན་པའི་རྒྱལ་མཚན་སོགས་ཀྱིས་དབུ་མཛད་དེ་རྗེ་གསེར་སྡོང་ཆེན་མོ་དང་ཚོགས་ཆེན་སོགས་སུ་སྟོང་མཆོད་དང་མང་འགྱེད་སོགས་གདུང་མཆོད་རྒྱ་ཆེར་མཛད།  ཕྱི་ལོ༡༩༨༩ལོའི་ལོ་གསར་ཚེས་གཉིས་ཉིན་སྐུ་འབུམ་དགོན་གཞུང་གིས་བཀའ་གྲོས་མཛད་པར་ཀུན་གྱི་ཐུགས་དགོངས་གཅིག་ཏུ་བབས་ཏེ།  ཀུན་གཟིགས་བཅུ་བ་ཆེན་མོ་མཆོག་དུས་དང་རྣམ་པ་ཀུན་ཏུ་གདན་ས་གང་ཉིད་ལ་ཐུགས་བརྩེ་ཆེ་ཞིང་བཀའ་དྲིན་བླ་མེད་དང་ཐུགས་སྐྱོང་གང་ལེགས་མཛད་མྱོང་སྟབས།  གང་ཉིད་ཀྱི་འདྲ་སྐུ་རིན་པོ་ཆེ་བྱོན་ལེགས་པ་ཞིག་གདན་སའི་འདུས་ཚོགས་ཀུན་གྱི་མཆོད་པའི་རྟེན་དུ་བཞེངས་རྒྱུའི་དབུ་བཟུང་།  ལོ་དེའི་ས་ག་ཟླ་བའི་ཚེས་གཅིག་ལ་ཀུན་གཟིགས་མཆོག་གི་འདྲ་སྐུ་ལེགས་པར་གྲུབ་པར་རབ་གནས་གྱི་ཆོ་ག་སྤེལ་ཏེ་སྐུ་འབུམ་བྱམས་པ་གླིང་གི་ཚོགས་ཆེན་འདུ་ཁང་ཆེན་མོའི་གདོང་གྲལ་དུ་བཞུགས་སུ་གསོལ་བའོ།།

12.jpg

བརྒྱད། ཀུན་གཟིགས་མཆོག་ནས་སྐུ་འབུམ་དུ་བཞུགས་དུས་མཛད་པའི་བཀའ་རྩོམ་སྐོར།

སྤྱིར་བཏང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་སྐུ་ཚེའི་ནང་མཛད་པའི་གསུང་རྩོམ་ལ་མདོ་དང་རྒྱུད་ཀྱི་འགྲེལ་བ་དང་ཆོ་ག་སྣ་ཚོགས།  རྣམ་ཐར་དང་རྟོགས་བརྗོད།  བཀའ་སློབ།  ཞབས་བརྟན་གསོལ་འདེབས།  དགོན་སྡེའི་བཅའ་ཡིག་སོགས་ཀྱིས་བསྡུས་པའི་པོད་གསུམ་ལྷག་བཞུགས།  དེ་དག་ལས་ཀུན་གཟིགས་མཆོག་སྐུ་འབུམ་དུ་བཞུགས་དུས་ཀྱི་བཀའ་རྩོམ་མང་དུ་ཡོད་ངེས་ཀྱང་མང་པོ་ཞིག་གི་མཇུག་ཏུ་གནས་གང་དུ་དང་དུས་ནམ་ཞིག་ལ་བརྩམས་ཚུལ་མི་གསལ་བར་འདུག  འདིར་མཇུག་བྱང་དུ་སྐུ་འབུམ་བྱམས་པ་གླིང་དུ་མཛད་པར་གསལ་བའི་བཀའ་རྩོམ་དག་མཚམས་སྦྱོར་བྱས་ན།  ཁོང་གི་གསུང་འབུམ་པོད་གཉིས་པར་འཁོད་པའི་གསུང་ཐོར་བུ་ལས། “ཀུན་ལ་སྙོམས་མཛད་མེད་པོ་རྣམ་དག་པ།།བཙན་པོ་ཕྱུག་པོ་མེད་པོ་སྡུག་མཐོང་བ། །སངས་རྒྱས་དཀོན་མཆོག་བཙན་པོ་སྙོམ་ཆུང་སྙོམས་འཇུག་པ། །སངས་རྒྱས་དཀོན་མཆོག་ཐུགས་དད་ཕྱག་འཚལ་ལོ།།”ཞེས་པའི་ཤོ་ལ་ཀ་འདི་ཆེས་དམིགས་བསལ་བ་ཞིག་སྟེ། འདི་ནི་ཀུན་གཟིགས་མཆོག་གི་སྐུ་ཚེའི་ནང་གི་ཐོག་མའི་བཀའ་རྩོམ་སྟེ་ཀུན་གཟིགས་མཆོག་དགུང་གྲངས་བརྒྱད་བཞེས་པ་ཤིང་བྱ་ཕྱི་ལོ༡༩༤༥ལོའི་ཟླ༧པའི་ཚེས༡༡ཉིན་སྐུ་འབུམ་བླ་བྲང་རྩེ་རུ་བཞུགས་དུས་ཐོལ་བྱུང་དུ་མཛད་པར་བཤད་ལ།  འདིའི་འགྲེལ་བ་ཡོངས་འཛིན་བླ་ཁོ་རིན་པོ་ཆེ་མཆོག་གིས་དུས་སྐབས་དེར་སྐུ་འབུམ་རང་དུ་མཛད་པ་༼ལེགས་གསུངས་ཀ་ལ་པིང་ཀའི་སྒྲ་དབྱངས་༽དང་། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས་མཛད་པའི་༼འདོད་འཇོ་ནོར་བུའི་མེ་ལོང་༽ཞེས་པ་གཉིས་བཞུགས། ཐོག་མའི་བཀའ་རྩོམ་དེའི་རྗེས་ཀྱང་ཀུན་གཟིགས་མཆོག་ནས་སྐུ་འབུམ་དུ་སློབ་གཉེར་སྐབས་སུ་བཀའ་རྩོམ་འདི་ལྟ་བུ་ཐུང་ངུ་མང་དུ་མཛད་པ་བཀའ་རྩོམ་ཐོར་བུའི་སྐོར་ཕྱོགས་གཅིག་ཏུ་བསྡེབས་པ་རུ་བཞུགས་པས་འདིར་རེ་རེ་བཞིན་མི་འགོད།  སྐུ་འབུམ་དུ་མཛད་པའི་བཀའ་རྩོམ་རིང་ཤོས་ནི་སྐྱབས་རྗེ་བླ་ཁོ་རིན་པོ་ཆེའི་རྣམ་ཐར་༼རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོའི་གསང་བ་མཆོག་གི་རྣམ་པར་ཐར་བ་དད་པའི་པད་མོ་བཞད་པའི་ཉིན་བྱེད་༽ཅེས་པ་འདི་ཡིན།  བཀའ་རྩོམ་འདི་སྙན་ངག་ཚིགས་བཅད་ཤོ་ལོ་ཀ་ལྔ་བཅུའི་ལམ་ནས་རྗོད་བྱེད་ཀྱི་ཚིག་སྦྱོར་ཕུན་སུམ་ཚོགས་ཤིང་བརྗོད་བྱའི་དོན་རྨད་དུ་བྱུང་བའི་རྣམ་ཐར་གསོལ་འདེབས་དང་འབྲེལ་བའི་སྙན་རྩོམ་རིང་མོ་ཞིག་ཡིན་ལ་སྐུ་འབུམ་དུ་མཛད་པར་མཇུག་བྱང་དུ་གསལ། རྩོམ་གྱི་ཉམས་དང་བརྗོད་བྱ་སོགས་ལ་གཞིགས་ན་བཀའ་རྩོམ་འདིི་ཀུན་གཟིགས་མཆོག་སྐུ་འབུམ་དུ་དགུང་ལོ་ཅུང་ཆེར་སྨིན་ཏེ་རྩོམ་པ་ལ་གོམས་པའི་གནས་སྐབས་སུ་མཛད་པ་རྟོགས་ནུས། 

གཞན་ཀུན་གཟིགས་མཆོག་ནས་སྐུ་འབུམ་དུ་མཛད་པའི་བཀའ་རྩོམ་ལ། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྤྲུལ་བའི་སྐུ་རིན་པོ་ཆེའི་༼ཞབས་བརྟན་གསོལ་འདེབས་དགེ་ལེགས་འདོད་འཇོའི་བུམ་བཟང་༽ཞེས་པ་ཤོ་ལོ་ཀ་བཅུ་གཅིག་ཅན་དང་། ༼སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་དགེ་ལེགས་ཀུན་སྩོལ་༽ཞེས་པ་ཤོ་ལོ་ཀ་བཅུ་གསུམ་ཅན་དང་། ༼ཨ་ལགས་ཤ་བླ་མའི་ཐེན་གྱི་ཞབས་བརྟན་གསོལ་འདེབས་༽ཞེས་པ་ཤོ་ལོ་ཀ་བཞི་ཅན་དང་།  སྐྱབས་རྗེ་གསེར་ཏོག་ནོ་མིན་ཧན་མཆོག་གི་༼ཞབས་བརྟན་གསོལ་འདེབས་དྲང་སྲོང་བདེན་ཚིག་༽ཅེས་པ་ཤོ་ལོ་ཀ་བདུན་ཅན་དང་།  ཀོའུ་བ་མཆོག་སྤྲུལ་གྱི་༼ཞབས་བརྟན་གསོལ་འདེབས་འཆི་མེད་བདུད་རྩིའི་བུམ་བཟང་༽ཞེས་པ་ཤོ་ལོ་ཀ་གཉིས་ཅན་དང་། ཀ་རིང་ཕུན་ཚོགས་རྣམ་རྒྱལ་བའི་མཆོག་སྤྲུལ་གྱི་༼ཞབས་བརྟན་གསོལ་འདེབས་མི་ཤིགས་གཡང་དྲུང་༽ཞེས་པ་ཤོ་ལོ་ཀ་གཉིས་ཅན་དང་།  ད་ལྟའི་སྐུ་འབུམ་བཤད་སྒྲུབ་གླིང་གི་བླ་བརྒྱུད་གསོལ་འདེབས་སུ་བཞུགས་པའི་ཀུན་གཟིགས་མཆོག་གི་གསོལ་འདེབས་“བློ་བཟང་འཇམ་དཔལ་སྙིང་བོའི་མདོ་སྔགས་བསྟན། །རྨད་བྱུང་བཤད་སྒྲུབ་འཕྲིན་ལས་ལྷུན་གྲུབ་ཅིང་། །ཆོས་ཀྱི་རྒྱལ་མཚན་བསྒྲེང་ལ་ཟླ་བྲལ་བ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །”ཞེས་པ་སྐུ་འབུམ་ཚོགས་འདུས་ལྷན་རྒྱས་ནས་བསྐུལ་ངོར་ལྕགས་ཡོས་ཕྱི་ལོ༡༩༥༡ལོར་མཛད་པ་སོགས་མང་དུ་མཆིས།  བཀའ་རྩོམ་འདི་དག་ནི་ཀུན་གཟིགས་མཆོག་དགུང་གྲངས་བཅུ་ནས་བཅུ་བཞིའི་གནས་སྐབས་སུ་སྐུ་འབུམ་དུ་མཛད་ཚུལ་སྦྱར་བྱང་དག་ལས་ཤེས།  དེ་ལས་གཞན་སྦྱར་བྱང་དུ་མི་གསལ་བའི་སྐུ་འབུམ་དུ་མཛད་པའི་བཀའ་རྩོམ་མང་དུ་མཆིས་ཀྱང་རེ་རེ་ནས་རྟོག་དཔྱོད་དང་བཅས་བགྲང་བར་མི་བྱའོ།།

   ཞེས་ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་སྐུ་ཕྲེང་བཅུ་བ་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་དགོངས་པ་ཆོས་ཀྱི་དབྱིངས་སུ་གཤེགས་ཏེ་ལོ་འཁོར་སུམ་ཅུ་འཁོར་བའི་རྗེས་དྲན་དུ། གངས་ལྗོངས་ལུམྦིའི་དགའ་ཚལ་སྐུ་འབུམ་བྱམས་པ་གླིང་གི་རང་ཤག་ནས་ཁྲི་སྐལ་བཟང་བརྩོན་འགྲུས་སུ་འབོད་པས་ཕྱི་ལོ༢༠༡༩ལོའི་ཧོར་ཟླ༢པའི་ཚེས༡༥ཉིན་འགོ་བརྩམས་ཏེ་ཚེས༡༨ཉིན་མཇུག་གྲུབ་པར་བྱས་པའོ།།

2.jpg

3.jpg4.jpg13.jpg

17.jpg

15.jpg

9.jpg

16.jpg19.jpg

10.jpg

18.jpg

21.jpg

20.jpg

22.jpg

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།