སྒོ་མང་ཡིག་ཆ་གསར་པ་དང་འབྲེལ་བའི་དཔྱད་གླེང་།

༄༅།།སྒོ་མང་ཡིག་ཆ་གསར་པ་དང་འབྲེལ་བའི་དཔྱད་གླེང་།


ནང་དོན་གནད་བསྡུས། རྩོམ་འདིར་རི་བོ་དགེ་ལུགས་པའི་གཞུང་ཆེན་བཀའ་པོད་ལྔའི་ཡིག་ཆ་སྟེ། སྒོ་མང་ཡིག་ཆ་གསར་པ་རུ་གྲགས་པ་གང་གི་འབྱུང་རྐྱེན་དང་ད་ལྟའི་གནས་བབ་སྐོར་གླེང་ནས་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པས་ཡིག་ཆ་གསར་པ་དེ་ཇི་ལྟར་བརྩམས་ཚུལ་དང་བརྩམས་པ་གང་དག་ངོ་སྤྲོད་ཀྱི་སྒོ་ནས་ཡིག་ཆ་སྔོན་མ་དག་དང་སྒྲོས་ཟིན་མི་མཐུན་པའི་འགལ་འདོད་བྱུང་བ་ལ་བརྟེན་བོད་རིག་པའི་གཞུང་གི་འཕེལ་རྒྱས་ལ་ནུས་པ་གང་དག་ཐོན་པ་དང་། དེ་དང་འབྲེལ་བར་ཡིག་ཆའི་འབྱུང་འགྱུར་གྱི་བགྲོད་ལམ་ལ་དཔྱད་དེ་བསམ་འཆར་མ་སྨིན་པ་བཏོན་ཡོད་པ་ཡིན།

གནད་འགག་མིང་བརྡ། ཀུན་མཁྱེན་འཇམ་བཞད། སྒོ་མང་ཡིག་ཆ། ཡིག་ཆའི་འགལ་འདོད། འབྱུང་འགྱུར་བགྲོད་ལམ།

དང་པོ། སྒོ་མང་ཡིག་ཆའི་འབྱུང་རྐྱེན་དང་གནས་བབ།

སྤྱིར་དེང་གི་དུས་འདིར་སྣ་ཚོགས་རིག་པའི་གནས་སྤྱི་དང་སྒོས་སུ་བསམ་བློའི་རིག་གནས་མང་པོ་ཞིག་དར་འཕེལ་དུ་འགྲོ་བཞིན་ཡོད་པ་དང་། དེ་མཚུངས་སུ་རྒྱ་གར་འཕགས་པའི་ཡུལ་དུ་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པས་སྲོལ་བཏོད་པའི་ནང་བསྟན་རིག་གཞུང་གང་ཉིད་ལ་ཡང་ཕྱི་ནང་ཀུན་ཏུ་ཞིབ་འཇུག་བྱ་མཁན་དང་སློབ་གཉེར་གནང་མཁན་ཉི་ཟེར་གྱི་རྡུལ་ལ་འགྲན་པ་བཞིན་ཇེ་མང་ཇེ་མང་དུ་འགྲོ་བཞིན་ཡོད་པའི་འགྲོས་དང་བསྟུན་རིགས་པའི་གཞུང་ལུགས་ཀྱི་ལམ་ནས་དཔྱད་འཇོག་གི་ཡི་གེ་བརྩམས་པ་དང་རྩོམ་བཞིན་པའང་དུས་བབ་དང་བསྟུན་ན་མི་ཉུང་བར་གྱུར་ཡོད་པ་ནི་ཡི་རང་མེ་ཏོག་ཆུན་པོ་འཐོར་པའི་ཡུལ་ལོ། །

ལར་དེ་དག་ཀྱང་དམིགས་ཀྱིས་བསལ་ཏེ་བཤད་ན། ལ་ལ་ནི་ཆེད་དུ་རིག་གཞུང་ལ་ཞིབ་འཇུག་བྱ་མཁན་དང་། འགའ་ཞིག་ནི་དད་འདུན་ཙམ་གྱི་སྒོ་ནས་དེ་ལ་འཇུག་པ་དང་། གཞན་དག་ནི་ཤེས་ནས་ཡིད་ཆེས་ཀྱིས་དེ་ལ་ཞུགས་པ་དང་། ཁ་ཅིག་ནི་སྐྱོན་དང་ཀླན་ཀ་བཙལ་སླད་དུ་དེ་ལ་སྦྱངས་པ་བསྟེན་མཁན་སོགས་མི་འདྲ་བ་སྣ་ཚོགས་མཆིས་སོ།། ཡིན་ནའང་བསམ་བློ་གཟུ་བོར་གནས་ཤིང་གང་ལ་ཞིབ་འཇུག་བྱ་བའི་ཡུལ་དུ་གྱུར་པའི་གཞུང་ལུགས་དེ་ལ་སྦྱངས་པ་སྔོན་དུ་སོང་སྟེ་དེ་ཉིད་ལ་ཞིབ་འཇུག་བྱ་མཁན་ནི་ཕྱི་ནང་རྒྱལ་ཁབ་ཀུན་ཏུ་རེ་གཉིས་ཙམ་ལས་མི་འདུག ། དེར་མ་ཟད་དེང་དུས་ཀྱི་ཞིབ་འཇུག་པ་མང་ཞིག་ནི་ལེགས་བཤད་ལས། ཁྱི་རྒན་ཀུ་ཅོ་འདོན་པ་ན། །རྒྱུ་མཚན་མེད་པར་གཞན་དག་རྒྱུགས། །ཞེས་དང་། ཁ་དཔེར། བུ་རམ་ཟོས་མ་མྱོང་བས་བུ་རམ་མངར་མི་མངར་གྱི་བྲོ་བ་བཤད་པ་ཉིད་ལས་མ་འདས་སོ། །

དེ་ཡང་ད་ཡོད་ཀྱི་གནས་ཚུལ་ལ་དཔགས་ན་དཔྱད་རྩོམ་བརྒྱ་ཆའི་དགུ་བཅུ་ལྷག་ནི་ནང་བསྟན་འཕེལ་འགྲིབ་ཀྱི་ལོ་རྒྱུས་དང་ལོ་ཚིགས་ཀྱི་དཔྱད་པ་དང་། ནང་བསྟན་རིག་གནས་སྒྱུ་རྩལ་ཏེ་རྩོམ་རིག་དང་ལོ་ཙཱ་སོགས་ཀྱི་སྐོར་ཙམ་དུ་སྣང་བ་ལས། ནང་བསྟན་མདོ་སྔགས་ཀྱི་བཀའ་དང་གཞུང་འགྲེལ་དངོས་ཏེ། ཚད་མ་དང་ཕར་ཕྱིན། དབུ་མ། མངོན་པ་སོགས་མཚན་ཉིད་རིག་པའི་གཞུང་ལུགས་ངོ་ཐོག་གི་སྟེང་ནས་དཔྱད་ཞིབ་གནང་མཁན་ད་དུང་ཕྱི་ནང་གི་ཆོས་སྡེ་དག་དང་དེ་དང་འབྲེལ་ཡོད་ཀྱི་རིགས་པ་སྨྲ་བ་རེ་འགའ་མ་གཏོགས་སྲིད་མཐར་གྱུར་འདུག་པ་ཕངས། ཚུལ་འདི་ནི་ད་ལྟའི་གནས་བབ་ཀྱི་ངང་ཚུལ་བསྙོན་དུ་མེད་པ་ཡིན་པ་ཤེས་ལྡན་དག་ལ་གསལ་བ་ལྟར་རོ།།

དེ་ལྟར་ནང་བསྟན་སྤྱི་དང་ལྷག་དོན་བོད་རིག་པའི་ཞིབ་འཇུག་གི་འབྲས་བུ་གཡུར་དུ་ཟ་མི་ཟ་རེ་གཉིས་སྣང་བ་ལས་ཆེས་ཡོངས་སུ་གྲགས་པ་འགའ་འདིར་དཔེར་མཚོན་ཙམ་འགོད་པ་ལ། ཕྱི་གླིང་བའི་མཁས་པ་ཆེན་མོ་ཟར་མན་དང་། ཧོ་ཕི་ཁེན་སི། ནེ་ཕིར། སྒྲི་རེ་ཧྥི་སི། ནང་རིག་ཆེད་ལས་འབུམ་རམས་མཁས་མ་ཨེ་ལེ་ཟ་བེད་ནེབ་ཕེད་སོགས་ཨ་མེ་རི་ཁ་པ། ཝེ་ལེམ་སི། ཧུའུ་ཁིམ་སོགས་དབྱིན་ཇི་པ། ཆི་ཨར་པ་ཚི་ཁེ་སོགས་ཨུ་རུ་སི་པ། ཇེན་ལྡིར། ཁི་ཝ་མུའུ་རི། ཟི་ཕར་མུ་ཟི་སོགས་ཁ་ན་ཏ་པ། གཞན་ཡང་ཙེ་མོ་ཏོ་ཤ་རོ། ཧྲན་ཁོ་ཡེ། ཞོ་ཡེ་ཐེན་ཅོན་ཚང་སོགས་འཇར་པན་པ་ལྟ་བུའོ།།

རྒྱལ་ནང་དུའང་ནང་རིག་ལ་ཞིབ་འཇུག་བྱ་མཁན་ཤིན་ཏུ་མང་པོ་བྱོན་མྱོང་ཞིང་ཁྱད་པར་དུ་བོད་ཀྱི་ནང་བསྟན་ལ་ཞུགས་ཏེ་དཔལ་ལྡན་འབྲས་སྤུངས་སོགས་ནས་སློབ་གཉེར་བྱས་ཤིང་ཞིབ་འཇུག་གནང་བ་ཉེ་རབས་འདིའི་རྒྱའི་ཟླ་མེད་མཁས་ཆེན་བློ་བཟང་ཆོས་འཕགས། བསོད་ནམས་རྒྱ་མཚོ། ལོས་ཁྲིན། གྲང་མན་ཞོ། ཝང་ཡོ་སོགས་མང་པོ་བྱུང་། དེ་དག་ཀྱང་བོད་རིག་པའི་གནས་ཀྱིས་ཐུགས་རྒྱུད་འཕྲོག་སྟེ་རིག་གཞུང་གང་ཉིད་ལ་བརྩོན་པའི་གོ་ཆ་བགོས་པ་ཤ་སྟག་ཡིན་པར་སྣང་ངོ་།། འོ་སྐོལ་བོད་འདིར་མཚོན་ན་ཡང་། བཙན་པོ་སྲོང་བཙན་ནས་བཟུང་ནང་བསྟན་རང་ས་ལ་སྤེལ་མགོ་ཚུགས། སྔ་དར་དང་ཕྱི་དར་གྱི་སྐབས་སུ་མཁས་མཆོག་ལོ་ཙཱ་པ་ཉི་ཟླ་འདྲ་བ་དུ་མ་ཟམ་མ་ཆད་པར་བྱོན་ཏེ་རིགས་པའི་གཞུང་ལུགས་ཀྱི་རྩེ་དགའ་དགུང་དུ་དར་པར་མཛད་པ་ལ་བརྟེན་ས་དགེ་བཀའ་རྙིང་སོགས་གྲུབ་མཐའི་བཤད་སྲོལ་འཛིན་པ་དག་གཅིག་ལས་གཅིག་ལྷག་གིས་རིམ་བཞིན་བྱུང་ཞིང་། ནང་སྒོས་སུ་དགེ་ལུགས་པའི་ཡིག་ཆའི་རིང་ལུགས་འཛམ་གླིང་གི་ཤར་ནུབ་ཡུལ་གྲུ་ཀུན་ལ་ཁྱབ་སྟེ་ད་ལྟ་ལ་ཐུག་གི་བར་དུ་ནང་རིག་མདོ་སྔགས་གཞུང་ཐོག་གི་འཆད་མཉན་གྱི་རྒྱུན་དང་བྱིན་རླབས་ཀྱི་དྲོད་མ་ཡལ་བར་གནས་བཞིན་པ་འདི་ངེད་ཅག་གིས་མཐོང་གསལ་ལྟར་ཡིན་པས་རེ་རེ་ནས་ཞུ་མ་དགོས་སོ།། དེ་ཡང་ཡིག་ཆ་འདི་དག་ལ་ཡང་རིམ་བཞིན་བསྲེག་བཅད་བརྡར་གསུམ་གྱིས་ཚགས་ཇེ་ཞིབ་དང་ཁ་ཇེ་གསལ་དུ་གྱུར་ཏེ་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་བ་བཤད་མ་དགོས། ཐོག་མར་རྗེ་ཙོང་ཁ་པ་ཡབ་སྲས་ལ་མཚོན་ནའང་རང་རང་གི་འགྲེལ་ཚུལ་རྣམས་ཀྱི་གནད་ཕྲ་མོ་རེ་འགའ་མི་གསལ་བ་དང་ཚིག་གི་ཟིན་སོ་མི་མཐུན་པ་ཧ་ཅང་མང་པོ་ཡོད། ཐ་ན་ཕར་ཕྱིན་གྱི་གཞུང་གཅིག་པུའི་དབང་དུ་བྱས་ནའང་ཚིག་གི་བཞེད་མཚམས་རྟ་མོག་མོག་གི་རི་མོ་བཞིན་མི་མཐུན་པ་ཤིན་ཏུ་མང་། དཔེར་ན། བདེན་པ་བཞི་ལས། ལམ་བདེན་གྱི་ས་མཚམས་འཇོག་ཚུལ་ཙམ་ལ་ཡང་། རྗེ་ཙོང་ཁ་པའི་ལེགས་བཤད་གསེར་ཕྲེང་ལས་ཐེག་པ་གསུམ་གྱི་ལམ་ལྔ་ག་འཇོག་པ་དང་། རྒྱལ་ཚབ་རྗེའི་རྣམ་བཤད་སྙིང་པོའི་རྒྱན་ལས་མཐོང་ལམ་ཡན་ཆད་འཇོག། མཁས་གྲུབ་ཀྱི་རྟོགས་དཀའི་སྣང་བ་ལས་གོང་མ་གསེར་ཕྲེང་རྣམ་བཤད་གཉིས་ཀྱི་ཚིག་ཟིན་སུན་ཕྱུངས་ཏེ་མཐོང་ལམ་དང་སྒོམ་ལམ་གཉིས་ཁོ་ན་འཇོག་པ་ལྟ་བུ་ཡིན། དེ་ཡང་རང་རང་གི་ལུང་རིགས་ཀྱི་རྩལ་གྱིས་བསྒྲུབས་ཡོད་པ་དག་ཆེས་ངོ་མཚར་དུ་གྱུར་མོད། འོན་ཀྱང་རྗེས་འཇུག་ཕྱི་རབས་པ་རྣམས་ཀྱིས་རང་ལུགས་ཀྱི་ཁས་ལེན་གང་ཞིག་སྐྱོང་བ་ལ་དཀའ་ཁག་བྱུང་བར་དམིགས་ནས་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དང་གུང་རུ་ཆོས་འབྱུང་རྣམ་གཉིས་ཀྱིས་རྗེ་ཙོང་ཁ་པ་ཡབ་སྲས་དག་གི་དགོངས་པ་འགལ་བ་མེད་པའི་དགག་བཞག་མཐའ་དཔྱོད་ཀྱི་ལམ་ནས་གཞུང་ལུགས་བརྩམས་པ་ལ་རང་རང་གི་ཡིག་ཆ་ཞེས་པའི་མིང་བཏགས་ཏེ་འཆད་རྩོད་ཀྱི་བསླབ་དེབ་ཏུ་གཏན་འཁེལ་བྱས་པའི་སྲོལ་དེ་ཚུགས། དེ་ལ་འཆད་ཁྲིད་དང་རྩོད་པའི་སྐབས་སུ་སྨྲ་བ་པོ་སུ་ཞིག་ཡིན་ན་ཡང་ལུང་དང་འགལ་བའམ་རིགས་པའི་ཆུ་མི་ཐུབ་པའི་གནས་གང་ལ་ཐུག་ཀྱང་ལུང་དོན་འཇོག་པ་དང་ཚིག་ཟིན་གཞན་དུ་དཀྱོགས་པ་ཙམ་ཡང་མི་ཆོག་པར་དངོས་ཀྱི་བསྟན་དོན་ཇི་མ་ཇི་བཞིན་ལྟར་འདོད་དགོས་པ་ཡིན་པས་དེ་ཉིད་ལ་ཡིག་ཆ་ཞེས་གྲགས་པར་གྱུར་པ་ཡིན། དེ་ནས་གཞུང་ལུགས་ཀྱི་བསླབ་དེབ་གཅིག་གྱུར་བྱུང་བ་དེ་ཉིད་ཀྱི་དགེ་མཚན་གྱིས་མཚན་ཉིད་རིག་པའི་འཆད་མཉན་གོང་འཕེལ་དུ་འགྲོ་བ་ལ་ཕན་པ་རྒྱ་ཆེན་བྱུང་། དེ་ལ་བརྟེན་ནས་པཎ་ཆེན་བསོད་ནམས་གྲགས་པ་མཆོག་གིས་རིམ་བཞིན་ཡིག་ཆ་སྔོན་མའི་ཉམས་མྱོང་གི་རྨང་གཞིའི་སྟེང་རིགས་པ་ཇེ་ཞིབ་དང་ཚིག་དོན་གོ་སླ། རྒྱས་བསྡུས་འོས་འཚམ་དུ་བཏང་སྟེ་པཎ་ཆེན་ཡིག་ཆའམ་བློ་གསལ་གླིང་གི་ཡིག་ཆ་རུ་གྲགས་པ་འདི་བརྩམས་ནས་སྤེལ།

དེ་ནས་དུས་རབས་བཅོ་བརྒྱད་པའི་དུས་མགོར་ཀུན་མཁྱེན་འཇམ་དབྱངས་བཞད་པས་གོང་གི་ཡིག་ཆ་དག་ལ་རྨང་གཞིར་བཟུང་། དཔྱད་པ་ཞིབ་འཇུག་གནད་སྨིན་བགྱིས། ཡིག་ཆ་སྔོན་མ་དག་གི་ལེགས་པར་བཤད་པ་རྣམས་ཀྱི་ཉིང་ཁུ་བསྡུས་ནས་སྒོ་མང་ཡིག་ཆ་གསར་བ་འདི་བརྩམས། འདི་ཉིད་ཀྱི་དགེ་མཚན་གཙོ་བོ་ནི་གུས་པས་མྱོང་བ་ལྟར་ན་རྗེ་ཙོང་ཁ་པ་ཡབ་སྲས་ཀྱི་བཞེད་དགོངས་གཞིར་བྱས། སྔ་རབས་མཁས་པའི་ལེགས་བཤད་དང་སྒོ་བསྟུན། དེ་ལ་ལུང་དང་རིགས་པའི་སྒྲུབ་བྱེད་ཀྱིས་ངེས་ཤེས་བརྟན་པོ་བཞག། རང་གི་འདོད་པ་དང་མི་མཐུན་པའམ་གནས་ལུགས་དང་མི་མཐུན་པའི་ཁས་ལེན་བསྐྱང་དཀའ་བའི་ཕྱོགས་སྔའི་འདོད་པ་གསལ་བར་གཞུང་རང་དུ་དྲངས་པར་མཛད་ནས་དེ་དག་ལ་དགག་བཞག་རྒྱ་ཆེན་མཛད་ཡོད།

དེ་ཡང་དཔེར་ན། རྔོག་ལོ་ཙཱ་པ་བློ་ལྡན་ཤེས་རབ། གྲོ་ལུང་པ་བློ་གྲོས་འབྱུང་གནས། ཆ་བ་ཆོས་ཀྱི་སེང་གེ ། བཅོམ་ལྡན་རིག་རལ། ས་སྐྱ་པཎ་ཆེན། ཀུན་མཁྱེན་བུ་སྟོན། དོལ་བུ་པ་ཤེས་རབ་རྒྱལ་མཚན། ཉ་དབོན་ཀུན་དགའ་དཔལ་པ། ངོར་པ་དཀོན་ལྷུན། གཡག་སྡེ་པཎ་ཆེན། ཀུན་མཁྱེན་རོང་སྟོན་ཆེན་པོ། གངས་རིའི་ཁྲོད་ཀྱི་ཤིང་རྟ་པ་གཞོན་ནུ་བློ་གྲོས། སྟག་ཚང་ལོ་ཙཱ་པ། གོ་བོ་རབ་འབྱམས་པ། གསེར་མདོག་པཎ་ཆེན། པོ་དོང་ཕྱོགས་ལས་རྣམ་རྒྱལ། རྒྱ་དམར་པ་སོགས་མི་ཐེག་པའི་མཁས་པ་རྣམས་ཀྱི་མཚན་དངོས་སུ་སྨྲས་ནས་ཕྱོགས་སྔར་བླངས་ཏེ་དགག་བཞག་བསྐྱོན་ཡོད་པ་ལྟ་བུའོ།། དེ་ལ་ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ཀྱི་བར་སྐབས་ཤིག་ཏུ། ཀུན་མཁྱེན་འཇམ་བཞད་ལ་རྒྱུན་པར་ཞབས་ཞུ་གནང་མཁན་ཉེ་གནས་པ་སྙིང་བོ་ཡག་ཅེས་ཞུ་བ་དེས་ཁོང་ལ།ཁྱེད་ཀྱིས་དཔེ་ཆའི་ནང་དུ་མི་གཞན་པ་མང་པོ་ཞིག་གི་མིང་འཇོག་བཞིན་ཡོད་ན། ངེད་ཀྱི་མིང་ཡང་བཞག་ན་ཅི་ལ་མི་ཆོག། ཅེས་ཞུས་པ་ལ་ཁོའི་མིང་ཡང་རྩེད་མོའི་ཚུལ་དུ་བཞག་ཅེས་པའི་གཏམ་རྒྱུད་ངོ་མཚར་པ་ཡོད་པ་ལས་ཀྱང་ཤིན་ཏུ་གསལ། ཡང་མཁས་པའི་གསུང་རྒྱུན་ལ། ཡིག་ཆ་ཕྱི་མ་ཕྱི་མ་དག་གིས་ཡིག་ཆ་སྔ་མ་སྔ་མར་སུན་འབྱིན་གྱི་ཐལ་པ་འཕངས་པ་རྣམས་ཀྱང་ཕྱི་རབས་སློབ་གཉེར་པ་དག་གི་རིག་པ་འཕེལ་ཕྱིར་དུ་ཡིན་པ་ལས། དོན་ངོ་མར་རང་ལུགས་སུ་བཞེད་པ་ཡང་རྒྱུ་མཚན་དང་བརྟེན་ས་འདི་ཡིན་བསམ་པ་ནི་ཡོད་ངེས་པས་གཅིག་གཅིག་གི་རྫུན་ཁུངས་བརྟོལ་པ་ནི་གཏན་ནས་མ་ཡིན་པར་བཤད་པ་བཞིན་ནོ།།

གཉིས་པ། ཀུན་མཁྱེན་འཇམ་དབྱངས་བཞད་པས་ཡིག་ཆ་གསར་པ་བརྩམས་ཚུལ།

     དེ་ཡང་དུས་རབས་བཅུ་བདུན་པའི་དུས་དཀྱིལ་ཏེ་པཎ་ཆེན་བསོད་ནམས་གྲགས་པ་སྐུ་མྱ་ངན་ལས་འདས་ནས་ལོ་གྲངས་དགུ་བཅུ་གོ་ལྔ་འདས་པ་རབ་བྱུང་བཅུ་གཅིག་པའི་ཀུན་འཛིན་ཅེས་པ་ས་ཕོ་བྱི་སྟེ་སྤྱི་ལོ༡༦༤༨ལོ་ལ། སྲིད་གསུམ་མཁས་པའི་གཙུག་རྒྱན་གྲུབ་པའི་དབང་ཕྱུག་ཆེན་པོ་སྒོ་མང་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེ་ངག་དབང་བརྩོན་འགྲུས་ཞེས་པ་མདོ་སྨད་དབལ་ཤུལ་དུ་སྐུ་འཁྲུངས། དགུང་ལོ་ལྔའི་སྟེང་གོང་ས་རྒྱལ་དབང་ལྔ་བར་མཇལ་ཞིང་། བཅུ་གསུམ་ལ་བུད་ཚེ་འདུལ་འཛིན་ཡེ་ཤེས་རྒྱ་མཚོའི་དྲུང་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་ཉེར་གཅིག་པར་དབུས་སུ་བྱོན་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་བསྟེན་ནས་གཞུང་ལུགས་ལ་སྦྱངས་པ་མཐར་ཕྱིན་པར་མཛད་དེ་དགུང་ལོ་ཉེར་དྲུག་པ་ཆུ་གླང་ལ་གསང་ཕུར་རབ་འབྱམས་པའི་གྲྭ་སྐོར་མཛད། ཉེར་བདུན་པར་གོང་ས་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོའི་ཞལ་སྔ་ནས་ཕོ་བྲང་པོ་ཏ་ལར་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ཉེར་དགུ་བ་མེ་འབྲུག་ལ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་བྱོན་ཏེ་རྡོ་རྗེ་འཛིན་པ་བློ་གྲོས་རྒྱ་མཚོ་བསྟེན་ནས་གསང་ཆེན་ཆོས་ཀྱི་གན་མཛོད་བདག་གིར་བཞེས། དགུང་ལོ་སོ་གསུམ་བཞེས་པ་ན་འབྲས་སྤུངས་རྒྱབ་རི་དགེ་འཕེལ་རི་ཁྲོད་དུ་སྒྲུབ་པ་མཛད་ཚེ་བླ་མ་ལྷག་པའི་ལྷ་མང་བོའི་བསྙེན་པ་མཛད་དེ་མངོན་པར་རྟོགས་པའི་ཡོན་ཏན་གྱི་ཀློང་བརྡོལ། སྒོ་མང་གི་ཡིག་ཆ་གསར་མ་ཕལ་ཆེར་དང་། སྙན་ངག་གི་བསྟན་བཅོས་དབྱངས་ཅན་ཞལ་ལུང་ཉི་མ་འབུམ་གྱི་འོད་ཅན། བསྟན་རྩིས་ཚེགས་ཆུང་རྟོགས་བྱེད་གསེར་གྱི་ཉི་མའི་འོད་ཟེར་རེའུ་མིག །[1]འཇིགས་བྱེད་ཆོས་འབྱུང་སོགས་སྔ་རྟིང་དུ་བརྩམས། དགུང་ལོ་ང་གསུམ་ཐོག་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཞལ་ནས། ད་ལམ་ཁྱེད་སྒོ་མང་བླ་མ་ཅིས་ཀྱང་གནང་དགོས་ཞེས་གསུངས་པ་ཟློག་མ་ནུས་པས་ཞལ་གྱིས་བཞེས་ཏེ་བཀྲ་ཤིས་སྒོ་མང་གི་ཆོས་ཀྱི་ཁྲི་ལ་ཕེབས་ནས་འཆད་མཉན་གྱི་གདུགས་དཀར་སྲིད་པའི་རྩེ་མོར་བསྒྲེངས།

དེ་ནས་དགུང་ལོ་རེ་གཉིས་པ་ས་གླང་ལོར་ཨེར་ཏི་ནི་ཇུ་ནང་གིས་གདན་དྲངས་ཏེ་མདོ་སྨད་དུ་ཕེབས་པའི་ཕྱི་ལོ་སྟེ་སྤྱི་ལོ༡༧༠༩ལོར་བཤད་སྒྲུབ་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་པ་དེ་འདེབས་པར་མཛད། གསུང་སྐྱེས་ཀྱི་སློབ་མའང་གུང་ཐང་རིན་པོ་ཆེའི་སྐུ་ཕྲེང་ཐོག་མ་ཁྲི་ཆེན་དགེ་འདུན་ཕུན་ཚོགས། ཁྲི་ཆེན་ངག་དབང་མཆོག་ལྡན། འཇམ་དབྱངས་བདེ་བའི་རྡོ་རྗེ། བསེ་ངག་དབང་བཀྲ་ཤིས། ཞོག་དོན་ཡོད་མཁས་གྲུབ། སུམ་པ་ཡེ་ཤེས་དཔལ་འབྱོར་སོགས་འཆད་རྩོད་རྩོམ་གསུམ་ལ་མངའ་བརྙེས་ཏེ་མཁས་པའི་རྒྱལ་ཐབས་ཟིན་པ་ཤིན་ཏུ་མང་པོ་བསྐྲུན། དེ་ནས་དགུང་ལོ་དོན་བཞི་བཞེས་པ་ལྕགས་གླང་སྟེ་སྤྱི་ལོ༡༧༢༡ལོའི་ཧོར་ཟླ་གཉིས་པའི་ཚེས་ལྔ་ལ་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ཏེ་དགོངས་པ་ཆོས་དབྱིངས་སུ་ཐིམ། སྐུ་གདུང་རིལ་བོ་ད་ལྟ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྟེན་གཙོར་བཞུགས་ནས་འགྲོ་བའི་བསོད་ནམས་བསོག་པའི་བགོ་སྐལ་དུ་ཆེའོ།།

གསུམ་པ།  སྒོ་མང་ཡིག་ཆ་གསར་པའི་བརྩམས་ཆོས།

དེ་ཡང་ཐོག་མར་ཚད་མའི་གཞུང་གི་ཡིག་ཆ་ལ་རྗེ་འཇམ་དབྱངས་བཞད་པ་རང་ཉིད་ཀྱིས་མཛད་པའི་བསྡུས་གཞུང་ཁ་དོག་དཀར་དམར་ཞེས་པ་དང་། བསྡུས་གྲྭའི་རྣམ་གཞག་ལེགས་བཤད། ཐལ་འགྱུར་ཆེ་བའི་རྣམ་གཞག་མདོར་བསྡུས། རྣམ་འགྲེལ་ལེའུ་གཉིས་པའི་ཚད་མའི་དཀའ་གནད་ཀྱི་ཟུར་བཀོད་མདོར་བསྡུས། བསྡུས་གྲྭའི་མཐའ་དཔྱོད། བསྡུས་སྦྱོར་གྱི་རྩ་ཚིག་ཅེས་པ་སོགས་ཤིན་ཏུ་མང་ཡང་འགའ་ཞིག་ཆ་མི་ཚང་བ་དང་ཐལ་ཕྲེང་གི་ལུགས་སུ་མི་བཞུགས་པ་སོགས་ཀྱི་རྐྱེན་ལས་སློབ་གཉེར་པ་དག་གིས་ཞར་ལ་བལྟ་བ་ལས་འཆད་མཉན་གྱི་ཡིག་ཆ་དངོས་སུ་མི་བྱའོ།། དེ་བས་ཁོང་གི་གསུང་རྒྱུན་ལྟར་བསྡུས་གྲྭའི་ཡིག་ཆ་ལ་ཐུགས་སྲས་ཁྲི་ཆེན་བསེ་ངག་དབང་བཀྲ་ཤིས་པས་མཛད་པའི་བསྡུས་གཞུང་སྟེ། ཚད་མ་རྣམ་འགྲེལ་གྱི་དོན་ཕྱོགས་གཅིག་ཏུ་དྲིལ་བ་བློ་རབ་འབྲིང་ཐ་གསུམ་ལ་སྟོན་པ་སྐལ་བཟང་རེ་བ་ཀུན་སྐོང་ཞེས་བྱ་བ་གཙོ་བོ་བྱས་ནས་འཆད་མཉན་བྱ་ཞིང་བརྩི་བཞག་ཏུ་འཛིན། རྗེ་དེས་དངོས་སུ་བརྩམས་པའི་བསྡུས་གྲྭའི་རྩོམ་འཕྲོ་ཞེས་པའི་སྔོན་མེད་ལེགས་བཤད་རིགས་པའི་བང་མཛོད་ལྟ་བུ་དང་རྭ་བསོད་ནམས་དབང་རྒྱལ་གྱིས་མཛད་པའི་བསྡུས་གཞུང་ལེགས་བཤད་ཉི་མའི་འོད་ཟེར་སོགས་ལའང་བལྟ་དགོས། དེ་ནས་ཀུན་མཁྱེན་གྱིས་མཛད་པའི་རྟགས་རིགས་མཐའ་དཔྱོད། བློ་རིག་མཐའ་དཔྱོད་གཉིས་ཡིག་ཆ་བྱས་ཏེ་སྦྱང་ངོ་།།

ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་ཀྱིས་མཛད་པའི་བློ་རྟགས་གཉིས་ཀྱི་སྡོམ་དེ་བློ་འཛིན་དུ་བྱེད། དེ་ནས་རྣམ་འགྲེལ་ལ་ཀུན་མཁྱེན་རང་གིས་མཛད་པའི་རྣམ་འགྲེལ་མཐའ་དཔྱོད་ཐར་ལམ་རབ་གསལ་ཚད་མའི་འོད་བརྒྱ་འབར་བ་ཞེས་པ་ལས་ལེའུ་དང་པོ་དང་གཉིས་པ་གསུམ་པའི་མཐའ་དཔྱོད་བློ་གསལ་མགུལ་རྒྱན་སྐལ་བཟང་འཇུག་ངོགས་ཞེས་པའི་སྟེང་ནས་འཆད་མཉན་དང་བརྒལ་བརྟག་བྱའོ།།

དབུ་ཕར་གཉིས་ཀྱི་གཞུང་རང་ལ་སྤྱི་དོན་གྱི་ཚུལ་དུ་ཀུན་མཁྱེན་བླ་མ་རང་གིས་མཛད་པའི་བསྟན་བཅོས་རང་རྐྱ་བ་དངོས་སུ་མེད་ཀྱང་། དེའི་ཚབ་ཏུ་རྗེའི་ལེགས་བཤད་གསེར་ཕྲེང་དང་གྲུབ་མཐའི་རྣམ་གཞག་ཀུན་བཟང་ཞིང་གི་ཉི་མ་ཞེས་པ་གཉིས་ཀྱིས་འཐུས་པ་ཡིན་པར་དགེ་བའི་བཤེས་གཉེན་དག་གི་གསུང་སྒྲོས་དང་ཀུན་མཁྱེན་རང་གི་གསུང་འབུམ་ཁྲོད་ཀྱི་ཆབ་ཤོག་དག་ན་གསལ།[2] ཕར་ཕྱིན་སྐབས་དང་པོ་ནས་བརྒྱད་པའི་བར་གྱི་མཐའ་དཔྱོད་དང་སྐབས་བརྒྱད་པའི་མཐའ་དཔྱོད་བསམ་འཕེལ་ཡིད་བཞིན་ནོར་བུ་རྣམས་ཡིག་ཆ་ཉག་གཅིག་ཏུ་བྱ། ཁྱད་པར་དུ་ཕར་ཕྱིན་སྐབས་བརྒྱད་པ་ལ་ཐོག་མར་གསེར་ཕྲེང་གི་གསུང་ཟིན་གཞིར་བཞག་ནས་བརྩམས་པའི་མཐའ་དཔྱོད་འཁྲུལ་སེལ་གངྒའི་ཆུ་རྒྱུན་མི་ཕམ་ཞལ་ལུང་ཞེས་པ་དང་། དེ་ནས་དགོས་དབང་གིས་རྣམ་བཤད་སྙིང་པོ་རྒྱན་གྱི་གསུང་རིས་ཇི་བཞིན་སྙིང་པོ་མཛད་དེ་མཐའ་དཔྱོད་བསམ་འཕེལ་ཡིད་བཞིན་ནོར་བུ་ཞེས་པ་གཉིས་སྔ་ཕྱིར་བརྩམས་པ་ལ་སྐབས་བརྒྱད་པའི་མཐའ་དཔྱོད་རྒྱས་བསྡུས་གཉིས་ཞེས་གྲགས་སོ།། དྲང་ངེས་ཆེན་མོ་བེཌཱུརྱ་དཀར་པོའི་གན་མཛོད། བསམ་གཟུགས་ཆེན་མོ་ཐུབ་བསྟན་མཛེས་རྒྱན་ལུང་རིགས་རྒྱ་མཚོ་སྐལ་བཟང་དགའ་བྱེད། བསེ་ངག་དབང་བཀྲ་ཤིས་ཀྱིས་མཛད་པའི་རྟེན་འབྲེལ་མཐའ་དཔྱོད་ཆེན་མོ། དགེ་འདུན་ཉི་ཤུའི་མཐའ་དཔྱོད་རྒྱས་བསྡུས་གཉིས། གུང་ཐང་འཇམ་པའི་དབྱངས་བསྟན་པའི་སྒྲོན་མེས་མཛད་པའི་རྟེན་འབྲེལ་ལུང་རིགས་བང་མཛོད། ཡིད་དང་ཀུན་གཞིའི་དཀའ་འགྲེལ་ཆེན་མོ། མདོ་རྒྱན་སྦྱར་པའི་གཟབ་བཤད་ཟིན་བྲིས་སྦས་དོན་གསལ་སྒྲོན་དང་། གུང་ཐང་བསྟན་པའི་སྒྲོན་མེས་སྐབས་བཞི་བའི་སྡོམ་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ལ་གནང་བ་དང་། ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ཀྱི་མཆན་འགྲེལ་རྩོམ་འཕྲོ་མ་དང་། ཀུན་མཁྱེན་འཇིགས་མེད་དབང་བོའི་གསུང་རྩོམ་གྲུབ་མཐའ་རིན་ཆེན་ཕྲེང་བ།བསམ་གཟུགས་ལེགས་བཤད་བུམ་བཟང་། དོན་བདུན་ཅུའི་རྣམ་གཞག མཁྱེན་གསུམ་པད་དཀར་འཁྲི་ཤིང་། རྗེ་གུང་ཐང་བློ་གྲོས་རྒྱ་མཚོས་མཛད་པའི་ཕར་ཕྱིན་མཐའ་དཔྱོད་སྐལ་བཟང་འཇུག་ངོགས་དང་འགྲེལ་པ་དོན་གསལ་གྱི་མཆན་འགྲེལ་ཀུན་བཟང་ཞིང་གི་ཉི་མ། སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་བརྩམས་ཆོས་དོན་བདུན་ཅུའི་གྲངས་འདྲེན་དཔག་བསམ་མྱུ་གུ་དང་། ཕར་ཕྱིན་སྤྱི་དོན་བློ་གསལ་མགུལ་རྒྱན། དགེ་འདུན་ཉི་ཤུའི་སྤྱི་དོན་རྣམས་བློ་གསལ་དོན་གཉེར་ཅན་ལ་གཞན་འགྲན་མེད་པའི་ལེགས་བཤད་དུ་གྱུར་པས་ཚུལ་འདི་ལ་འཇུག་པ་དག་གིས་ངེས་པར་མཇལ་དགོས་པ་ཉིད་དོ།། 

དབུ་མ་ལ་ཀུན་མཁྱེན་བླ་མ་རང་གིས་མཛད་པའི་དབུ་མ་ལ་འཇུག་པའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ཟབ་དོན་ཀུན་གསལ་སྐལ་བཟང་འཇུག་ངོགས་ཞེས་པ་སྔོན་སྒོ་མང་པ་ཀུན་གྱིས་ཡིག་ཆར་བྱ་ཞིང་།ཕྱིས་སུ་བཀྲ་ཤིས་འཁྱིལ་དུ་ཡིག་ཆ་དེ་ཉིད་ལེགས་བཤད་མི་ཟད་པའི་གཏེར་དུ་འདུག་མོད། ཚིག་གི་སྤྲོས་པ་རྒྱས་དྲགས་པས་འཆད་མཉན་དང་འཛིན་སྐྱོར་རྔོ་མ་ཐོགས་ཙ་ན་ཀུན་མཁྱེན་སྐུ་ཕྲེང་གཉིས་པ་རྗེ་འཇིགས་མེད་དབང་པོས།ཀུན་མཁྱེན་ཆེན་པོའི་མཁྱེན་དགོངས་ནོར་འཛིན་གཞིར། །ལེགས་པར་འཁྱིལ་པའི་བསྟན་བཅོས་ཆུ་གཏེར་ཆེ།།ངོ་མཚར་བཤད་པའི་རླབས་ཕྲེང་འབུམ་གཡོ་བ། །བློ་དམན་ཚོགས་རྣམས་སྒྱིད་ལུག་བསྟེན་པར་གྱུར།།དེ་ཕྱིར་མགོན་དེའི་ལེགས་གསུང་རོལ་པའི་མཚོ། །རྣམ་དཔྱོད་ཀླུ་དབང་གིས་བཟུང་བསྲུབས་པ་ལས།།ལེགས་བཤད་བདུད་རྩིའི་བུམ་པ་ཉེར་བླངས་ནས། །སྐལ་བཟང་མཁར་ཉལ་ཚོགས་ལ་ཁོ་བོས་སྦྱིན། །[3]ཞེས་གསུངས་པ་ལྟར།བསྟན་བཅོས་ཆེན་མོ་དབུ་མ་ལ་འཇུག་པའི་མཐའ་དཔྱོད་ལུང་རིགས་སྒྲོན་མེ་ཞེས་རྒྱས་བསྡུས་འཚམས་པའི་ལེགས་པར་བཤད་པ་བརྩམས་ཏེ་མཐའ་དབུས་ཀུན་ཏུ་ཁྱབ་པར་བྱས།ལེགས་བཤད་འདི་ལ་རྗེ་བཙུན་པའི་ཡིག་ཆའི་རྗེས་འཇུག་པ་ཟླ་མེད་པའི་མཁས་གྲུབ་ཆེན་པོ་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་གིས།བསྟན་བཅོས་འདི་མཉམ་མེད་རི་བོ་དགེ་ལུགས་པའི་རྗེས་འཇུག་གི་དབུ་མའི་ཡིག་ཆ་ཀུན་ལས་སྤྱི་དོན་ཐལ་ཕྲེང་འབྲེལ་ནས་བཤད་པས་བོད་ཀྱི་ཐལ་ཕྲེང་དབུ་མ་ཐམས་ཅད་ལས་གོ་བདེ་བ་ཞིག་འདུག་ཅེས[4]རྒྱས་བསྡུས་འཚམ་པར་གསུངས་ནས་མཆོག་ཏུ་བསྔགས་ཡོད་ཕྱིར་རང་ཅག་ཕྱི་རབས་པ་རྣམས་ཀྱིས་ཕྱོགས་རིས་དང་རང་ལྟ་མཆོག་འཛིན་གྱི་ལྟ་བ་རིང་དུ་དོར་ཏེ་གཅེས་སུ་བཟུང་བའི་སྒོ་ནས་བསླབ་པར་བྱ་འོས་པ་ཉིད་དོ།།

མཛོད་ལ་ཀུན་མཁྱེན་རང་གིས་མཛད་པའི་དམ་ཆོས་མངོན་པ་མཛོད་ཀྱི་དགོངས་འགྲེལ་ཐུབ་བསྟན་ནོར་བུའི་གཏེར་མཛོད་དུས་གསུམ་རྒྱལ་བའི་བཞེད་དོན་ཀུན་གསལ་ཞེས་བྱ་བའི་སྟེང་ནས་འཆད་རྩོད་གཅིག་འཐུས་བྱ་ཞིང་། ཞར་ལ་གུང་ཐང་བསྟན་པའི་སྒྲོན་མེ་ཡིས་མཛད་པའི་མངོན་པ་མཛོད་ཀྱི་བསྡུས་དོན་འཛིན་སྐྱོར་དང་ཁྱབ་མཐའ་མུ་བཞིའི་སྒོ་ནས་རྩོད་པ་སྨར། རིགས་པ་འདི་ལ་རྗེ་བཙུན་ཤེས་རབ་རྒྱ་མཚོས། མཛོད་ཀྱི་འཆད་རྩོད་ཀྱི་རྒྱུན་འདི་ལྟ་བུ་རྒྱ་དཀར་ནག་གང་དུའང་མ་བྱུང་བར་གསུངས་པ་ལྟར་ངོ་མཚར་རིགས་པའི་འཕྲུལ་གྱིས་བརྒལ་བརྟག་བྱ།

འདུལ་པ་ལ་ཀུན་མཁྱེན་རང་གིས་མཛད་པའི་འདུལ་པའི་དཀའ་གནད་རྣམ་པར་དཔྱད་པ་འཁྲུལ་སྤོང་བློ་གསལ་མགུལ་རྒྱན་ཙིན་ཏ་མ་ཎིའི་ཕྲེང་མཛེས་སྐལ་བཟང་རེ་བ་ཀུན་སྐོང་ཞེས་པ་གཞི་བྱས་ནས་སྦྱོང་ཞིང་། ཞར་ལ་རྗེ་གུང་ཐང་པ་བསྟན་པའི་སྒྲོན་མེས་མཛད་པའི་འདུལ་པ་རྒྱ་མཚོའི་དཀའ་གནད་མདོར་བསྡུས་ནོར་བུའི་ཕྲེང་བ་ཞེས་པ་སྟེ་འདུལ་སྡོམ་དུ་གྲགས་པ་འཛིན་སྐྱོར་དང་འཆད་མཉན་རྐང་ཚུགས་པར་བྱའོ།།

    བཞི་པ། ཡིག་ཆ་ཕན་ཚུན་བར་གྱི་འགལ་མཚམས་དང་འཕེལ་རྒྱས།

ཡིག་ཆ་གང་ལ་བསླབས་ན་རང་རང་གི་གོ་རིག་མི་འདྲ་པའི་དབང་གིས་རང་གི་བློ་ངོར་མི་བདེ་བའམ་ཡང་ན་དེ་ཉིད་རྗེ་ཙོང་ཁ་པ་ཡབ་སྲས་ཀྱི་ཡིག་ཆའི་སྒྲས་ཟིན་གྱི་བཞེད་དགོངས་ལ་གནས་མི་འདུག་དགོངས་པ་རྣམས་ལ། ཡིག་ཆའི་བྱེད་པོ་རང་རང་གི་མཚན་ནས་དངོས་སུ་བཟུང་སྟེ་བཀག་མི་འདུག་ན་ཡང་དེ་དག་གི་རང་ལུགས་སམ་བཤད་པ་རྣམས་རང་གཞུང་དུ་དྲངས་ཏེ་མཐར་ཆགས་སུ་ཕྱོགས་སྔ་རུ་བླངས་ནས་དངོས་སུ་བཀག་ཡོད། དཔེར་ན། སྒོ་མང་ཕར་ཕྱིན་མཐའ་དཔྱོད་ཀྱི་ཡིག་ཆ་ལས་ཆོས་འཁོར་གྱི་མཚན་ཉིད་འཇོག་པའི་སྐབས་སུ།ཡང་ཁ་ཅིག་གིས། སངས་རྒྱས་ཀྱི་བཀའ་དང་ལམ་ཞུགས་ཀྱི་མངོན་རྟོགས་གང་རུང་གིས་བསྡུས་པའི་དམ་ཆོས་དེ། ཆོས་འཁོར་གྱི་མཚན་ཉིད།སངས་རྒྱས་ཀྱི་བཀས་བསྡུས་པའི་དམ་ཆོས་དེ་ལུང་གི་ཆོས་འཁོར་གྱི་མཚན་ཉིད། ལམ་ཞུགས་མངོན་རྟོགས་ཀྱིས་བསྡུས་པའི་དམ་ཆོས་དེ་རྟོགས་པའི་ཆོས་འཁོར་གྱི་མཚན་ཉིད་ཟེར་ན།[5]ཞེས་རྗེ་བཙུན་པའི་ཡིག་ཆའི་ཕར་ཕྱིན་སྤྱི་དོན་རོལ་མཚོ་ཕྱོགས་སྔར་དངོས་སུ་བླངས་ཏེ་བཀག་ཡོད་པ་དང་། སྐྱབས་གསུམ་གྱི་མཚན་ཉིད་འཇོག་པའི་སྐབས་སུ་སྔོན་མའི་ཡིག་ཆ་ཕལ་མོ་ཆེའི་ཚིག་ཟིན་ལ། འདུས་མ་བྱས་སོགས་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་མཐར་ཐུག་གི་སྐྱབས་གནས་སངས་རྒྱས་དཀོན་མཆོག་གི་མཚན་ཉིད་དུ་བཞག་པ་ལ། ཡིག་ཆ་འདི་ལས་མཚན་ཉིད་དེ་དངོས་སུ་བཀག་ཡོད།[6]རང་ལུགས་སྐབས་སུ་འདུས་མ་བྱས་སོགས་ཡོན་ཏན་བརྒྱད་དང་ལྡན་པའི་སྐྱབས་གནས་མཐར་ཐུག་དེ་སངས་རྒྱས་དཀོན་མཆོག་གི་མཚན་ཉིད་དུ་བཞག། སངས་རྒྱས་དཀོན་མཆོག་ཡིན་ན་ཡོན་ཏན་དེ་བརྒྱད་ཀ་དང་ལྡན་པས་ཁྱབ་པར་བསྒྲུབས་ཏེ་གོང་གི་ཡིག་ཆ་གཞན་པ་དེ་དག་གིས་སྐྱབས་གསུམ་གྱི་མཚན་ཉིད་ཀྱི་ཟུར་དུ་གང་རུང་སྦྱར་པ་ལ་དགོས་པ་མེད་ཚུལ་སོགས་ལུང་རིགས་ཀྱི་གནོད་བྱེད་མང་པོ་བཏང་སྟེ་ཞིབ་ཆ་བཏོན་ཡོད་པ་བཞིན་ནོ།།

ཡང་རྒྱན་རྩོམ་པ་པོ་རྗེ་བཙུན་བྱམས་པ་དེ་སངས་རྒྱས་ཡིན་མིན་གྱི་ཁས་ལེན་ལ་ཡང་རྗེ་བཙུན་པའི་ཕར་ཕྱིན་ཡིག་ཆའི་གསུང་ཟིན་ལ་རྗེ་བཙུན་བྱམས་པ་ཡིན་ན་སངས་རྒྱས་ཡིན་པས་ཁྱབ་པ་དང་། བློ་གསལ་གླིང་གི་ཕར་ཕྱིན་ཡིག་ཆའི་ཚིག་ཟིན་ལྟར་ན་དེ་ཡིན་ན་བྱང་སེམས་འཕགས་པ་ཡིན་པས་ཁྱབ་པར་བཞེད། དེ་དག་གི་རྗེས་སུ་སྒོ་མང་ཕར་ཕྱིན་ཡིག་ཆར་གོང་གི་ཡིག་ཆ་གཉིས་ཀྱི་སྒྲས་ཟིན་ལ་ཞིབ་འཇུག་དཔྱད་བསྡུར་གྱི་དོན་རྡོར་རྗེ་བཙུན་བྱམས་པ་ཡིན་ན་སངས་རྒྱས་ཡིན་པས་མ་ཁྱབ་སྟེ། ཉེ་བའི་སྲས་ཆེན་བརྒྱད་ཀྱི་ནང་གསེས་སུ་གྱུར་པའི་བྱམས་པ་དེ་བྱང་སེམས་ཡིན་པ་ལས་སངས་རྒྱས་མ་ཡིན། རྒྱན་རྩོམ་པ་པོའི་བྱམས་པ་དེ་སངས་རྒྱས་ཡིན་པ་ལས་བྱང་སེམས་མ་ཡིན་པར་འདོད་པས། ཡིག་ཆའི་ཁས་ལེན་ལ་རྗེ་བཙུན་བྱམས་པ་ཡིན་ན་སངས་རྒྱས་ཡིན་པས་ཀྱང་མ་ཁྱབ། དེ་ཡིན་ན་བྱང་སེམས་ཡིན་པས་ཀྱང་མ་ཁྱབ་པར་ཁས་ལེན་ནོ། ། ཚུལ་འདི་ལ་བརྟེན་ནས་སྔོན་དུས་བློ་གླིང་ཡིག་ཆའི་རྗེས་འབྲང་གི་དགེ་བཤེས་ཤིག་གིས་སྒོ་མང་པ་ཞིག་ལ་ཁྱེད་ཚོས་ཆོས་གྲྭའི་རྩོད་རྒྱུན་གྱི་ཁས་ལེན་ལ་རྗེ་བཙུན་བྱམས་པ་དེ་དོན་ངོ་མར་སངས་རྒྱས་ཡིན་པར་ཁས་ལེན་ནམ། བྱང་སེམས་ཡིན་པར་ཁས་ལེན་ཞེས་ཟུར་ཟའི་དྲི་བ་བཏོན་པར་སྒོ་མང་པ་དེས། ངེད་ཅག་གིས་རང་ཉིད་ཀྱི་སེམས་ཁམས་དྭངས་དུས་རྗེ་བཙུན་བྱམས་པ་དེ་སངས་རྒྱས་སུ་ཁས་ལེན། སེམས་ཁམས་མི་སྐྱིད་མི་དགའ་བའི་སྐབས་སུ་དེ་ཉིད་བྱང་སེམས་སུ་ཁས་ལེན་ཞེས་པའི་གཏམ་རྒྱུད་དགོད་བྲོ་བ་ཡང་བྱུང་མྱོང་ངོ་།།

ལར་ཡིག་ཆ་ཕྱི་མས་ཡིག་ཆ་སྔོན་མ་དག་གི་ལེགས་བཤད་ཀྱི་ཆ་མང་པོ་བསྡུ་ལེན་བྱས་ཡོད་པས་ཡིག་ཆ་རྗེས་མ་རྣམས་ལ་སྦྱངས་ན་སྔོན་མ་དག་གི་ཡིག་ཆར་ཡང་སྦྱངས་གོ་ཆོད་པ་སོགས་ཁྱད་ཆོས་དུ་མས་ཕྱུག་པ་གོང་གི་དགག་བཞག་དག་གིས་ཤེས་དགོས། ཡིན་ཡང་མཐའ་གཅིག་ཏུ་རྗེས་མར་བརྩམས་པའི་ཡིག་ཆ་ཡིན་ན་ཡིག་ཆ་མཆོག་ཏུ་འགྱུར་བའི་ངེས་པའང་མི་སྣང་སྟེ།ད་ལྟའི་ཕྱི་ནང་གི་གྲྭ་ས་ཁག་ན་ཡིག་ཆར་གྲགས་པ་འགའ་རེ་བྱུང་ཡོད་པ་དག་མིག་མདུན་གྱི་བགོ་སྐལ་དུ་འབྱུང་བ་ཕལ་མོ་ཆེ་ནི་གོང་གི་ཡིག་ཆ་དག་ལས་འཕེལ་འགྱུར་བྱུང་བ་ལྟ་ཅི། ད་དུང་ངོ་བཤུས་དང་ཕབ་ལེན་མིན་ཙམ་དུ་ཟད་པས་དོན་གྱིས་བསྐྱར་ཟློས་ཁོ་ན་ཡིན་པའི་སྣང་པ་སྟེར་པའི་ཕྱིར་རོ།།

ཡིག་ཆ་འདི་ལ་གྲུབ་མཐའ་རྩ་འགྲེལ་གྱི་ཟིན་བྲིས་ཀུན་བཟང་ཉིན་བྱེད་སྣང་བ་ལས། འདིར་རྣམ་པའི་འདོད་ཚུལ་ལ་སྣ་ཚོགས་རིམ་འབྱུང་བའམ། སྣ་ཚོགས་རིམ་འཛིན་པ་བཞག་པ་ཀུན་མཁྱེན་ལས་གཞན་གྱིས་མ་ཐོན་པའི་ལེགས་བཤད་དུ་དབལ་མང་རིན་པོ་ཆེས་གསུངས། སྤྱིར་ཀུན་མཁྱེན་གྱི་ཡིག་ཆ་རྣམས་སུ་དུམ་ཆོད་དང་མ་འབྲེལ་པ་ལྟ་བུ་མང་ཡང་ཡིག་ཆ་གཞན་ལ་བལྟས་ནས་ཕྱིར་འཁོར་ན་རབ་འབྱམས་གསུང་རབ་ཀུན་ལ་བལྟ་བའི་མིག་ཏུ་ཡོད་ཅེས་གུང་ཐང་རིན་པོ་ཆེས་གསུངས་པ་དོན་གནས་ཡིན།[7]ཞེས་མྱོང་ཚོར་དངོས་ཀྱི་སྐྱོན་ཡོན་ཕྱོགས་ལྷུང་མེད་པའི་གདེང་འཇོག་དྲང་མོ་གནང་འདུག་ཅིང་། ཐུའུ་བཀྭན་ཆོས་ཀྱི་ཉི་མའི་གྲུབ་མཐའ་ཤེལ་གྱི་མེ་ལོང་ལས་ཀྱང་། དུས་ཕྱིས་འཇམ་དབྱངས་བཞད་པའི་རྡོ་རྗེ་ཞེས་རྒྱ་གར་གྱི་འཛམ་གླིང་མཛེས་རྒྱན་རྣམས་དང་མཚུངས་པའི་མཁས་གྲུབ་ཆེན་པོ་དེས་མདོ་སྔགས་ཐམས་ཅད་དང་། ཁྱད་པར་དུ་པོ་ཏི་ལྔ་ག་ལ་མཐའ་དཔྱོད་ཀྱི་ཡིག་ཆ་སྔོན་མེད་ལེགས་བཤད་ཀྱི་གཏེར་དུ་གྱུར་པ་མཛད་པས་དེང་སང་སྒོ་མང་གི་འཛིན་ཆོས་ཀྱང་འཇམ་དབྱངས་བཞད་པའི་ཡིག་ཆ་ཁོ་ན་བྱེད་ལ། སྒོ་མང་བར་མ་ཟད་མཐའ་དབུས་ཀྱི་རིགས་པ་སྨྲ་བ་མཐའ་དག་གི་ཐོས་བསམ་གྱི་གཞིར་བྱེད་པར་བརྟེན། ཡིག་ཆ་གཞན་ཕལ་ཆེར་ངལ་གསོ་མཛད་པར་སྣང་ངོ་། །[8]ཞེས་པ་ནི་ཐུགས་གཟུ་བོར་གནས་པའི་སྨྲ་བའི་སེང་གེའི་ངར་སྐད་དང་། སྨྲ་བའི་སེང་གེ་སྒིས་རྟིང་བློ་བཟང་དཔལ་ལྡན་གྱིས་གསུངས་པ་རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས་བརྗེད་བྱང་དུ་བཀོད་པ་ལས། ཁམས་གོང་མའི་སས་བསྡུས་དང་ཁམས་གོང་མའི་སེམས་དང་། མཉམ་པར་བཞག་པའི་ས་པའི་སེམས་དང་མཉམ་པར་མ་བཞག་པའི་སེམས་མིན་པར་གསུངས་པ་ནི་མཁས་པའི་ཡིད་འཕྲོག་པའི་ལེགས་བཤད་དུ་ཆེ་བ་ལོ་རྒྱུས་དང་བཅས་པ་ལྟར་རོ།།[9]རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་ཞལ་ནས་ཀྱང་། གསུང་རྩོམ་ཐམས་ཅད་ལས་རྗེའི་གསུང་འབུམ་དང་ཡིག་ཆ་ཀུན་ལས་སྒོ་མང་ཡིག་ཆ་མཆོག་སྟེ། དེ་གཉིས་ཀྱི་ནང་དུ་སྔ་རབས་ལེགས་བཤད་ཀུན་གྱི་བཅུད་དང་ཡིག་ཆ་སྔོན་མ་དག་གི་སྙིང་པོ་བསྡུས་ཡོད་པས་སོ་ཞེས་རང་གི་ཐུགས་སྲས་དམ་པ་མཁས་མཆོག་ཚེ་ཏན་ཞབས་དྲུང་གིས་དཔེ་ཁྲིད་ཀྱི་འཕྲོས་སུ་གསུངས་པར་དུས་ཀྱི་སྨྲ་དབང་དམ་པ་ཨ་ཁུ་འཇིགས་མེད་ཐེག་མཆོག་ལགས་ཀྱིས་ཁོ་བོ་ལ་དངོས་སུ་གསུངས།དེའི་ཕྱིར་དེ་ཉིད་ནི་བརྒྱུད་ལྡན་མཁས་པའི་བཞེད་ཚིག་ཡིན་པས་ཁུངས་དག་ཅིང་ཐུགས་གཟུ་བོའི་རང་བཞིན་བརྗོད་པའི་གཏམ་དུ་མ་ཟད་རིགས་པའི་གཞུང་ལུགས་ཀྱི་ཡིག་ཆ་རྣམས་རིམ་བཞིན་ཚགས་ཇེ་དམ་དང་དོན་ཇེ་ཞིབ་ཏུ་སོང་བ་ལྟར་ཡིག་ཆའི་འཕེལ་འགྱུར་གྱི་གོ་རིམ་ཡང་གསལ་བར་འདི་དག་གིས་མཚོན་ཐུབ་པ་ཡིན་ནོ།།

གཞན་ཡང་རྒྱལ་མཆོག་ལྔ་བ་ཆེན་མོས་བོད་ཀྱི་གྲྭ་སའི་ཡིག་ཆ་འདི་དག་ཕལ་མོ་ཆེ་ནི་ངག་འཁྱལ་མིན་ཙམ་ཡིན་ཞེས་གསུང་སྒྲོས་ལས་འབྱུང་བར་བདེན་བཞིའི་རྩོད་ཡིག་སོགས་ལས་འབྱུང་པ་རེ་ཞིག་ཅུང་ཟད་བློ་ཁོག་ཏུ་ཆུད་དཀའ་བར་སྣང་བས་དེ་ཡང་དགོངས་གཞི་དགོས་དབང་དྲང་དོན་གྱི་གསུང་དུ་འཛིན་པ་ལས་ངེས་དོན་གྱི་གནས་ལུགས་ཤིག་རྙེད་དཀའ་བར་སེམས་ཏེ་དཔྱོད་ལྡན་དག་གིས་བརྟག་པར་འོས་སོ།།

        ལྔ་པ། ཡིག་ཆའི་འབྱུང་འགྱུར་བགྲོད་ལམ་གྱི་བསམ་འཆར།

དེང་གི་དུས་འདིར་རྩོད་པའི་རིགས་པ་རང་རྒྱལ་གཞན་ཕམ་གྱི་ཆགས་སྡང་གི་དབང་དུ་གྱུར་ནས་རང་གི་སྐབས་སུ་བབ་པའི་ལག་སྣེའི་ཡིག་ཆ་ཁོ་ན་བསྲུང་སྟེ་གྲུབ་མཐའ་གཞན་དང་ཡིག་ཆ་གཞན་པ་ཐམས་ཅད་ལ་བལྟ་ཙམ་ཡང་མི་བྱ་བ་མ་ཟད།ད་དུང་དེ་དག་ལ་འོས་མིན་གྱི་དམོད་པ་ལྷུར་ལེན་ཅིང་གད་སྙིགས་ལྟར་འདོར་པ་ནི་རིགས་པའི་ཚུལ་དང་འགལ་བར་སེམས་ཏེ། ཡིག་ཆའི་འདོད་ཚུལ་མི་མཐུན་པ་རྣམས་ཤེས་ན་རང་ཉིད་ལ་བློ་སྒོ་འབྱེད་པ་དང་རིགས་པ་རྒྱ་བསྐྱེད་གཏོང་བྱེད་དུ་འགྱུར་བར་གོང་དུ་བསྒྲུབས་ཟིན། ཡིག་ཆ་འདི་ཉིད་ལ་མཚོན་ནའང་མཁས་པ་ལྕང་སྐྱ་རོལ་པའི་རྡོ་རྗེ། པྲ་སྟི་དགེ་བཤེས་ཆེ་ཆུང་། བྱང་རྩེ་སྦྱིན་པ་དར་རྒྱས་སོགས་རྗེ་བཙུན་དང་བློ་གསལ་གླིང་སོགས་ཀྱི་ཡིག་ཆའི་རྗེས་འབྲང་རྣམས་དང་། ཧལ་ཧ་ངག་དབང་དཔལ་ལྡན། ཧོར་ཆེན་ཡེ་ཤེས་རྒྱ་མཚོ། ཀུན་མཁྱེན་འཇིགས་མེད་དབང་བོ། གུང་ཐང་བསྟན་པའི་སྒྲོན་མེ།སྤྲུལ་སྐུ་ཆེན་ཀུ་ཙིག་ཐུ། སྒེའུ་སྟེང་བློ་བཟང་དཔལ་ལྡན། མར་ནང་འཇིགས་མེད་དམ་ཆོས་རྒྱ་མཚོ། རྡོ་བྲག་དགེ་འདུན་ཆོས་འཕེལ་སོགས་སྒོ་མང་ཕྱོགས་ཀྱི་ཡིག་ཆའི་རྗེས་འབྲང་རྣམས་ཀྱིས་སྒོ་མང་ཡིག་ཆ་ལས་རྗེ་ཡབ་སྲས་ཀྱི་བཞེད་དགོངས་དང་འགལ་འདུག་དགོངས་པའམ་ཚིག་རིས་ཆུ་མི་ཐུབ་པའི་བཤད་པ་མང་པོ་ཞིག་ལ་ལུང་དང་རིགས་པའི་སྒོ་ནས་དགག་བཞག་དང་ཞིབ་ཆ་གནང་ཡོད་པ་ཡང་ཡིག་ཆ་འདིའི་གསལ་བྱེད་ཉིད་ལས་སྒྲིབ་བྱེད་དུ་ག་ལ་འགྱུར། དཔེར་ན། ལྕང་སྐྱ་གྲུབ་མཐའ་རུ། སྒོ་མང་གྲུབ་མཐའ་ཆེན་མོ་ལས་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་ལ་སློབ་དཔོན་སངས་རྒྱས་བསྐྱངས་བཞག་པ་དགག་ནས་དཔལ་ལྡན་ཟླ་གྲགས་དེར་འཇོག་པ་ལྟ་བུ་སོགས་ལ་རྗེ་གུང་ཐང་བློ་གྲོས་རྒྱ་མཚོས་ཕར་ཕྱིན་མཐའ་དཔྱོད་ལས་དགག་ལན་གནང་བ་བཞིན་ནོ།།

ཧལ་ཧ་ངག་དབང་དཔལ་ལྡན་གྱི་སྒོ་མང་གྲུབ་མཐའ་ཆེན་མོའི་མཆན་དུ། སྒོ་མང་པས་རྒྱ་གར་གྱི་སློབ་དཔོན་སེང་གེ་བཟང་པོ་དང་ཛེ་ཏཱ་རི་རྣམ་གཉིས་སེམས་ཙམ་རྣམ་བརྫུན་པ་དང་མཐུན་པའི་དབུ་མ་བར་བཞེད་པ་མི་འཐད་པར་རྩལ་བཏོན་ནས་དགག་པ་ལྟ་བུ་སོགས་ལ་རྗེ་བླ་ཁོ་འཇིགས་མེད་འཕྲིན་ལས་རྒྱ་མཚོས་དགག་ལན་གནང་བ་དང་། སྒེའུ་སྟེང་ཡོངས་འཛིན་བློ་བཟང་དཔལ་ལྡན་ཡབ་སྲས་ཀྱིས་སྒོ་མང་ཡིག་ཆ་ལས་འཁོར་བ་ལ་ནང་གི་སྡུག་བདེན་གྱིས་ཁྱབ་པར་བཤད་པ་མི་འཐད་པར་དགག་ཅིང་། སྤྱིར་སྡུག་བསྔལ་གྱི་བདེན་པ་ཡིན་ན་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པས་ཁྱབ་པ་དང་། མ་དག་པའི་སྣོད་བཅུད་གང་རུང་ཡིན་ན་འཁོར་བ་ཡིན་པས་ཁྱབ་པར་འདོད་ནས་རྩོད་ཡིག་རིགས་པའི་གད་རྒྱངས་སོགས་བརྩམས་པ་ལ་རྗེ་ཤེས་རབ་རྒྱ་མཚོ་དང་དགེ་བཤེས་བསང་ཁོག་འཇིགས་མེད་སོགས་ཀྱིས་དགག་ལན་བསྐལ་པའི་མེ་དཔུང་དང་རྡོ་རྗེ་གཟེགས་མ་ཞེས་པ་བརྩམས་ཏེ་སྒོ་མང་ཡིག་ཆའི་བཤད་པ་རྣམས་བདེན་པ་ཡང་དག་དང་འཛམ་གླིང་རྒྱན་དྲུག་དང་རྗེ་ཙོང་ཁ་པའི་བཞེད་དགོངས་སུ་བསྒྲུབས་ཡོད་པ་སྔ་དེང་ཀུན་ཏུ་གྲགས་པ་ལྟ་བུའོ།།

ཁྱད་པར་དུ་དགེ་ཆོས་མཆོག་གིས་བོད་སྔ་རབས་པའི་ལྟ་བ་དང་རིགས་པའི་འགྲོས་ལ་དོན་གྱིས་འཁྲིལ། དགེ་ལུགས་པའི་ལྟ་དགོངས་ལས་ཐ་སྙད་དུ་ཚད་མས་གྲུབ་པ་སོགས་ལས་ཐོད་རྒལ་གྱི་སྒོ་ནས་སྒོ་མང་ཡིག་ཆ་ཕར་ཟད། རྗེ་ཙོང་ཁ་པས་གསར་གཏོད་གནང་བའི་དབུ་མའི་གཞུང་གི་དགོངས་པ་ལའང་དོགས་སློང་དང་དགག་སྒྲུབ་གནང་སྟེ་བོད་གནའ་རབས་ཀྱི་དབུ་མའི་ལྟ་དགོངས་དེ་ཉིད་ཡང་དག་ཡིན་ཚུལ་དཔྱད་སྒོ་བཏོན་པའི་རྟགས་གསལ་ཡ་མཚན་ཞིང་སྙིང་རྗེ་བོ་མང་པོ་བཀོད་པ་ལ་རྡོ་སྦིས་དགེ་བཤེས་རྗེ་ཤེས་རབ་རྒྱ་མཚོ་དང་སྨྲ་དབང་རོང་བོ་དགེ་འདུན་བསྟན་འཛིན་སོགས་མང་པོས་དགག་པ་བསྐྱོན་ཏེ་རྗེ་ཙོང་ཁ་པའི་དགོངས་པ་ཡང་དག་ཏུ་བསྒྲུབས་པའི་རིགས་པའི་རྩེ་དགའ་རྣམས་དུས་ད་ལྟའང་རྒྱུན་མ་ཆད་པར་དར་སྤེལ་གྱི་བ་དན་དགུང་ལ་གཡོ་ཞིང་རླུང་ལྟར་གྲགས་པ་བཞིན་ནོ།།

ཁོང་པ་ཅག་ཀྱང་མདོར་ན་ངེད་ཅག་སློབ་གཉེར་པ་དག་ལ་མཚོན་ན་རིགས་ལམ་སྣ་ཚོགས་ཀྱི་སྒོ་མོ་ཡངས་པོར་འབྱེད་པ་དང་དགག་སྒྲུབ་ཀྱི་སྙིང་སྟོབས་མཐོ་རུ་འདེགས་པ། དཔྱད་པ་ཞིབ་འཇུག་གི་སྲོལ་ལ་འཛུད་པར་བྱེད་པ། རིགས་པའི་གཞུང་ལུགས་ལ་དག་འདོན་པར་དགོངས་པ་ཡིན་པ་ལས་ཆགས་སྡང་གི་དམོད་འཛིང་དང་བྱིས་ཆུང་གི་རོལ་རྩེད་ལྟ་བུ་མིན་པ་ཐོས་བསམ་སྦྱང་བརྩོན་གྱི་ཉམས་མྱོང་གི་སྟེང་ནས་ཤེས་འོངས། རྒྱུ་མཚན་འདིའི་དབང་གིས་གོང་གསལ་གྱི་མཁས་པ་རྣམས་ཀྱིས་རང་གི་ཡིག་ཆ་གཅིག་པུ་ཁོ་ན་ལ་ཕྱོགས་རིས་མཛད་པ་ལྟ་ཅི། རང་གཞན་གྱི་ཡིག་ཆ་ཀུན་ལ་གཤིབ་བསྡུར་གྱིས་གང་ཞིག་དངོས་པོའི་ཆོས་ཉིད་ཀྱི་རང་བཞིན་དང་མཐུན་ཤས་ཆེ་ཚུལ་དང་རིགས་པའི་གཞུང་ལུགས་ཀྱི་བབ་ལ་འབྲེལ་ཚབས་ཆེ་ཚུལ། ཇི་ལྟར་ཁས་ལེན་བསྐྱངས་ན་རང་བློའི་འཛིན་ཚུལ་ལ་བདེ་བ་ལྟར་བཟུང་ཞིང་སྔོན་མེད་ཀྱི་བསྟན་བཅོས་ཀྱང་བརྩམས་ཡོད། ཚུལ་དེ་ནི་ད་ལྟའི་དུས་རབས་ཀྱི་འགྲོས་ཏེ་གསར་གཏོད་ཀྱི་སྤོབས་པ་དང་དགག་བཞག་གི་སྙིང་སྟོབས་གཉིས་དང་ཡང་མཐུན་པ་ཤ་སྟག་ཡིན་པས་ཕྱི་རབས་པ་དག་གིས་སྲོལ་རྒྱུན་གྱི་བསམ་བློ་ལས་ཨུ་ཚུགས་དང་མཁྲེགས་འཛིན་གྱི་ལྟ་བ་དེ་ཉིད་དོར་ཏེ་ཡིག་ཆ་ཚད་ལྡན་གང་ཡང་རུང་བ་ཞིག་བསླབ་གཞིར་གཅེས་པར་བཟུང་། དེའི་སྟེང་ལ་རིས་མེད་མཁས་པའི་གཞུང་སྤྱི་དང་། བན་བོན་སྔགས་གསུམ་གྱི་གྲུབ་མཐའ། ས་བཀའ་ཇོ་རྙིང་གི་རྗེས་འབྲང་བའི་ཡིག་ཆ།སྒྲ་སྙན་སྨན་རྩིས། རིག་གསར་དང་ལོ་རྒྱུས། མིའི་རིགས་རིག་པ་དང་ནུབ་གླིང་མཚན་ཉིད་རིག་པ་དག་ལ་རིས་སུ་མ་ཆད་ཕྱོགས་སུ་མ་ལྷུང་བའི་སྒོ་ནས་སྦྱངས། དུས་ཀྱི་འགྲོས་དང་འཚམ་པ། བདེན་པའི་གནས་ལུགས་ལྡན་པ།དངོས་པོའི་གནས་ཚོད་ལ་མཐུན་པ། ལེགས་ལམ་འཚོ་བའི་བདེ་སྐྱིད་ཀྱི་འོད་སྣང་དངོས་བརྒྱུད་ཅི་རིགས་ནས་འདྲེན་པར་བྱ་བའི་དྲི་མ་མེད་པའི་ལམ་ལ་འབད་པས་བགྲོད་པར་བྱ་བ་ནི་ངེད་ཅག་བོད་རིག་པ་འཕེལ་རྒྱས་ཀྱི་ཐེམ་སྐས་བསྙོན་དུ་མེད་པ་ཁོ་ནར་གོའོ།།

 དཔྱད་མཆན།


[1]འདི་ནི་ཉེ་དུས་ཀྱི་མཁས་པའི་དབང་པོ་ཚེ་ཏན་ཞབས་དྲུང་མཆོག་གིས་མཛད་པའི་བསྟན་རྩིས་མཐོང་ཚད་ཀུན་བཏུས་ལས། མཁས་པའི་དབང་པོ་ཧ་ས་བཛྲ་ཡི། །བསྟན་རྩིས་རེའུ་མིག་རྒྱས་པར་གྲགས་པ་སོགས།།བོད་གཞུང་ལག་ཏུ་ཆུད་ཚད་བསྟན་རྩིས་ལས། །ཕལ་ཆེར་གཅིག་ཀྱང་ལུས་པ་མེད་པར་བཀོད།། ཅེས་གསུངས་ཏེ་གཞིར་མཛད་པ་དེའོ། །

[2]ཀུན་མཁྱེན་གསུང་འབུམ་པོད༼ཀ༽པ།དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་། ཤོག་ངོས200-201ན་གསལ་ལོ། །

[3]ཀུན་མཁྱེན་འཇིགས་མེད་དབང་པོས་མཛད། དབུ་མའི་མཐའ་དཔྱོད་ལུང་རིགས་སྒྲོན་མེ། བླ་བྲང་ཤིང་པར། ཤོག་གྲངས2པ་ན་གསལ།

[4]ཀློང་རྡོལ་བླ་མ་ངག་དབང་བློ་བཟང་གིས་མཛད། ཀློང་རྡོལ་བླ་མ་ངག་དབང་བློ་བཟང་གི་གསུང་འབུམ་པོད་གཉིས་པ་ལས།བཀའ་གདམས་པ་དང་དགེ་ལུགས་པའི་བླ་མ་རགས་རིམ་གྱི་གསུང་འབུམ་དཀར་ཆག་བཞུགས་སོ།  །བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས584ན་གསལ།

[5]ཀུན་མཁྱེན་འཇམ་དབྱངས་བཞད་པས་མཛད། སྒོ་མང་ཕར་ཕྱིན་མཐའ་དཔྱོད། སྟོད་ཆ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས115ན་གསལ།

[6]ཀུན་མཁྱེན་འཇམ་དབྱངས་བཞད་པས་མཛད། སྒོ་མང་ཕར་ཕྱིན་མཐའ་དཔྱོད།བླ་བྲང་དགོན་པའི་ཤིང་པར།ཕར་ཕྱིན་མཐའ་དཔྱོད་སྐབས་དང་པོའི་ཤོག་ངོས་བརྒྱ་དང་དོན་བརྒྱད་ཀྱི་སྲིབ་ཐིག་གཉིས་པར་གསལ།

[7]རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོས་བརྩམས། གྲུབ་མཐའ་རྩ་འགྲེལ་གྱི་ཟིན་བྲིས་མུན་སེལ་ཉིན་བྱེད་སྣང་པ།ནང་བསྟན་ནོར་བུའི་དཔེ་ཚོགས་ཀྱི་དེབ་ཕྲེང་བཞི་པ། ཤོག་ངོས24ན་གསལ།

[8]ཐུའུ་བཀྭན་ཆོས་ཀྱི་ཉི་མས་བརྩམས། གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་ཞེས་བྱ་བ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།ཤོག་ངོས322ན་གསལ།

[9]ཚེ་ཏན་ཞབས་དྲུང་གིས་བརྩམས། རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་གཉིས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས240ན་གསལ།


       ཁྱུང་ཕྲུག་བློ་བཟང་དར་རྒྱས་ཞེས་འབོད་པ་ནི།   མདོ་སྨད་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་སྨད་པ་ཁྱུང་བོ་གསེར་གཤོང་ཁུག་ནས་སྤྱི་ལོ༡༩༦༨ལོར་ལྟེ་ཁྲག་བོ་བར་བྱས།  ཆུང་དུས་ནས་སློབ་གྲྭར་འགྲིམས།  ལོ་བཅུ་བཞིའི་སྟེང་དམའ་འབྲིང་མཐར་ཕྱིན།   རྒྱ་ཡིག་གི་འཕྲོད་སྟེན་སློབ་གྲྭ་བཏོན།  དེ་ནས་རིག་གནས་སྦྱང་འདོད་ཀྱིས་རབ་ཏུ་བྱུང་སྟེ་སྤེན་དཀར་ཐང་ཕུན་ཚོགས་དར་རྒྱས་གླིང་དུ་ཞུགས།  མདོ་སྔགས་ཀྱི་ཆོ་ག་ཆོས་སྤྱོད་བསླབས།   བླ་བྲང་དང་རོང་བོ།  འགར་རྩེ་སོགས་ཀྱི་ཆོས་སྡེར་ཕྱིན་ནས་བཤེས་གཉེན་ཞོ་སྤུངས་བསམ་གཏན་རྒྱ་མཚོ། སྤེན་ཐང་བློ་བཟང་བསྟན་འཛིན།  ལྷ་སྡེ་དགེ་འདུན་བསྟན་འཛིན།  བྱ་ཁྱུང་ཁོང་ཚུལ་ཁྲིམས།  བླ་བྲང་འཇིགས་མེད་དཔལ་ལྡན་རྒྱ་མཚོ་སོགས་སྨྲ་དབང་ཉི་ཟླ་འདྲ་བ་བཅུ་ཕྲག་ལྷག་གི་ཞབས་ལ་ལོ་ངོ་བཅོ་ལྔའི་རིང་སྔ་གཞུག་ཏུ་བསྟེན་ཏེ་བསྡུས་གྲྭ།  བློ་རྟགས།  གྲུབ་མཐའ། རྣམ་འགྲེལ། ཕར་ཕྱིན། དབུ་མ། མངོན་པ་གོང་འོག །འདུལ་བ། སྔགས་སྤྱི། ལེགས་སྦྱར་སྒྲ། བོད་ཀྱི་བརྡ་སྤྲོད། སྙན་ངག །སྨན་གཞུང༌། རྩིས་དཀར་ནག  །དཀྱིལ་འཁོར་དང་མཆོད་རྟེན་ཐིག་རྩ་སོགས་བོད་རིག་པའི་གནས་ཕལ་མོ་ཆེ་ལ་གང་ལྕོགས་ཀྱིས་ཐོས་བསམ་ལྷོད་མེད་བྱས།    

        ༡༩༩༩ལོར་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཞུགས་ནས་དགེ་རྒན་ཆེན་མོ་ཀླུ་རྒྱལ་འབུམ་དང་། རྒན་བློ་བཟང་ཆོས་གྲགས། ཨ་ཁུ་བདེ་མཆོག ཨ་ཁུ་འཇམ་དབྱངས་གྲགས་པ་ཚང་སོགས་བསྟེན་ཏེ་བོད་གནའ་དེང་གི་རྩོམ་རིག རྒྱའི་རྩོམ་རིག ནུབ་གླིང་གི་མཚན་ཉིད་རིག་པ་རྣམས་ལ་ཆེད་དུ་སྦྱངས། མཐར་ཕྱིན་ནས་རབ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་བླངས།  དེ་ནས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་དགེ་རྒན་གྱི་ལས་ཀ་བསྐྱངས།  དཔེ་ཁྲིད་གཙོ་བོ་ཚད་མ་དང་ནང་དོན་རིག་པ། རྒྱ་བོད་ཀྱི་བརྡ་སྤྲོད་རིག་པ།  གནའ་བོའི་རྩོམ་རིག་རྣམས་འཁུར།  སློབ་དཔོན་ཆེན་མོའི་ལས་ཐོབ་བླངས། ༢༠༡༦ལོར་བོད་བརྒྱུད་ནང་བསྟན་མཚན་ཉིད་རིག་པའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་སློབ་དཔོན་གྱི་མིང་ཐོབ། ༢༠༡༠ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་སློབ་དཔོན་ཆེན་མོ་བཀྲ་ཤིས་ཚེ་རིང༌དང་། ཨ་ལགས་དོར་ཞི་ཚང་། རྒན་དཀོན་མཆོག་ཚེ་བརྟན་སོགས་བསྟེན་ནས་ཏུན་ཧོང་གཏེར་ཡིག་ཞིབ་འཇུག་འབུམ་རམས་པའི་སློབ་གཉེར་གྱི་ཞར་ལ༼  ཏུན་ཧོང་གཏེར་ཡིགP.t116ལས་ཧྭ་ཤང་མ་ཧཱ་ཡ་ནའི་དབུ་མའི་ལྟ་དགོངས་ལ་དཔྱད་པ༽  ཞེས་པའི་ཀྲུང་དབྱང་མཐོ་རིམ་སློབ་གྲྭའི་ཐེབས་རྩའི་ལས་གཞི་དང༌།༼  ཧྭ་ཤང་མ་ཧཱ་ཡ་ནའི་དབུ་མའི་ལྟ་དགོངས་ཀྱིས་བོད་རྒྱལ་བསྟན་ལ་ཤན་ཞུགས་པར་དཔྱད་པ༽  དང་། ༼  བོད་རྒྱ་སཾ་གསུམ་གྱི་ནང་རིག་ཞི་ལྷག་གི་ཡིག་ཆ་སྐོར་ལ་དཔྱད་པ༽  ཞེས་པའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩ་ཚོགས་པའི་ལས་གཞི་གསུམ་ལ་ཆོག་མཆན་ཐོབ་པ་ལྟར་ཞིབ་འཇུག་གི་ལས་ཀ་བསྒྲུབས་དང་སྒྲུབ་མུས།   སྔ་རྗེས་སུ་བརྩམས་ཆོས༼  བོད་རིག་པའི་དཔྱད་གླེང་གྲོག་ཆུ་ཕྲ་མོའི་སྟངས་སྟབས༽༼   རྗེ་ཙོང་ཁ་པའི་དབུ་མའི་ལྟ་བའི་དཔྱད་གླེང་སྨྲ་སེང་ཤེས་རབ༽༼   ལྷ་རི་བསམ་གཏན་གླིང་གི་ལོ་རྒྱུས་འཕྲིན་ལས་འོད་དཀར༽༼   བསམ་ཡས་ཆོས་རྩོད་སྐོར་གྱི་དཔྱད་པ་བྱིས་པ་དགོད་པའི་རྫུན་རྐོང༽  ཞེས་པ་རྣམས་པར་དུ་བསྐྲུན། ཡང༼  ནང་རིག་སྤྱི་དོན་སྨྲ་སེང་ཞལ་རླངས༽༼  རིག་པའི་དཔྱད་གླེང་བུ་ཆུང་རྒྱགས་པའི་ཞོ་གཉེར༽  ཞེས་པ་གཉིས་པར་དུ་བསྐྲུན་ལ་ཉེ། ཡང་སྐར་རྩིས་ཀྱི་གཞུང༼  ཧ་ནུ་མན་ཐའི་མཆོང་གར༽  ཞེས་པ་ཞིག་ཀྱང་བྲིས་ནས་སྣུམ་པར་དུ་བཀྲམས་མྱོང༌། དཔྱད་རྩོམ་ལ༼   སྡེ་སྲིད་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ་གཉིས་ཀྱི་འབྲེལ་བའི་སྐོར་གླེང་པ༽༼   གོ་བོ་རབ་འབྱམས་པ་དང་རྗེ་ཙོང་ཁ་པ་གཉིས་ཀྱི་དབུ་མའི་ལྟ་དགོངས་ཀྱི་ཁྱད་པར་གླེང་སྟེ་འབྱུང་འགྱུར་ལྟ་བའི་འཕེལ་ཕྱོགས་ལ་དཔྱད་པ༽༼ དམ་ཆོས་དང་དངོས་ཡོད་སྤྱི་ཚོགས་གཉིས་ཀྱི་འགལ་འབྲེལ་སྐོར་གླེང་པ༽  དང༌།  ཁྱད་པར་དུ༼  མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རིག་གནས་བསམ་བློའི་འབྱུང་རྩར་དཔྱད་པ༽  ཞེས་པ་སོགས་དགེ་ཆོས་ཞིབ་འཇུག་སྐོར་གྱི་ཆེད་རྩོམ་ཉི་ཤུར་ཉེ་བ་བརྩམས་པ་དང༌།    བརྙན་གཟུགས་ཆ་འཕྲིན་གྱི་ལམ་ནས་རྗེ་ཤེས་རབ་རྒྱ་མཚོའི་དགག་བཞག་གསུང་རྩོམ་སྐོར་དང་། དགེ་ཆོས་རིག་གཞུང་བསམ་བློའི་ཞིབ་འཇུག་སོགས་གླེང་མོལ་ཐེངས་དུ་མར་བྱས་པ་བཅས་ཁྱོན་བསྡོམས་དེབ་པོད་བདུན་དང་དཔྱད་གླེང་རྩོམ་ཡིག་ལྔ་བཅུ་ལྷག་ཚད་ལྡན་དུས་དེབ་ཏུ་སྤེལ་མྱོང་བ་བཅས་སོ། །ད་ལམ་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་དུ་འཆད་ཁྲིད་ཀྱི་ལས་ཀ་སྐྱོང་མུས་ཡིན་ནོ།  །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།