བོད་ཀྱི་བརྡ་རྙིང་ཡིག་ཆ་ཁག་ལས་བྱུང་བའི་ནི་སྒྲའི་ཕྲད་ལ་རགས་ཙམ་བཤད་པ།

གཅིག བརྡ་རྙིང་ལས་བསྟན་བཅོས་དང་ཁྲིམས་ལུགས། བཀའ་གཙིགས་ཡི་གེ་ལས་བྱུང་བའི་ནི་སྒྲའི་ཕྲད་བཤད་པ།

སྤྱིར་བོད་བཙན་པོའི་སྐབས་ཀྱི་བརྡ་རྙིང་ཡིག་ཆ་ཁག་སྐད་ཆའི་ངོས་ནས་དབྱེ་ན་བསྟན་བཅོས་ཀྱི་སྐད་ཆ་དང་ཡུལ་སྲོལ་ངག་རྩོམ་གྱི་སྐད་ཆ། སྒྱུ་རྩལ་རྩོམ་རིག་གི་སྐད་ཆ་གསུམ་དུ་བགོས་ཆོག་པར་སྙམ། དེས་ན་བསྟན་བཅོས་ཀྱི་སྐད་ཆའི་ཁྲོད་ནི་སྒྲའི་ཕྲད་ཀྱི་གྲུབ་ཚུལ་དང་སྦྱོར་ཚུལ་ཇི་ལྟར་ཡིན་ཚུལ་སྐོར་མདོ་ཙམ་བཤད་ན། ནི་སྒྲའི་ཕྲད་དེ་བརྡ་སྤྲོད་ཀྱི་གཞུང་ལས།“གང་མང་མཐའ་དང་མཐུན་པ་ཡི། །བཞི་པ་ལ་ནི་ཨི་སྦྱར་བ། །དགར་དང་བརྣན་པའི་ཚིག་ཏུ་འགྱུར། །” ཞེས་པ་ལྟར། ནི་སྒྲ་དགར་བ་དང་བརྣན་པའི་ཚིག་ཏུ་འགྱུར་པ་དང་དགར་པ་ལ་མཆོག་ཏུ་དགར་བ་དང་དམན་པར་དགར་བ། ཐ་དད་པ་ཙམ་དུ་དགར་བ་སོགས་ཡོད་པར་བཤད་ཡོད་ལ། བརྡ་རྙིང་ཡིག་ཆ་ཁག་གི་ནང་བཀོད་པའི་ནི་སྒྲའི་སྦྱོར་ལུགས་ལས་ཀྱང་དེ་དག་མ་ལུས་ཡོངས་སུ་མཚོན་ནས་ཡོད། ཞོལ་རྡོ་རིང་ཕྱི་མ་ལས།“བཙན་ཕོ་སྲས་ཁྲྀ་སྲོང་ལྡེ་བརྩན་གྱི་སྐུ་ལ་ནི་དར་དུ་ཉེ། བོད་མགོ་ནག་པོའི་སྲིད་ནྀ་འཁྲུག་དུ”ཞེས་པ་ལ་མཚོན་ན་ནི་སྒྲ་གཉིས་ཀ་བརྣན་པའི་ཚིག་ལ་འཇུག་པ་དང་། བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་ལས།“གཙྀགས:གྱྀ:ཡི་གེ་ཞྀབ་མོ་གཅྀག་ནི་གུད་ན་མཆིས་སོ”ལྟ་བུ་ཡང་བརྣན་པ་དང་ཁ་སྐོང་ལ་འཇུག་གོ། །རྒྱལ་སྡེ་སྐར་ཆུང་ལྷ་ཁང་གི་རྡོ་རིང་ལས། “གཙིགས་བརྣནད་པའྀ་ཡྀ་གེ་ཞིབ་མོ་ནི། །ཡབ་ཀྱྀ་རིང་ལ་གཙྀགས་ཀྱྀ་ཡི་གེ་བྲིས་པའི་ཟླ་བཞག་གོ།  །”ལྟ་བུ་ལ་མཚོན་ན་ཡང་ཁ་སྐོང་གི་ཚུལ་གྱིས་འཇུག་ཡོད་ལ། དོན་གྱིས་ཡྀ་གེ་ཞིབ་མོ་ནི་ཞེས་བརྣན་པ་ལ་འཇུག་པ་ཡིན། དབོན་ཞང་རྡོ་རིང་ལས། “སྩེ་ཞུང་ཆེག་དུ་རྒྱ་དང་ཕྲད་པ་མན་ཅད་ནྀ་རྒྱས་ཕུ་དུད་བྱ། །”ལྟ་བུ་ལ་མཚོན་ན་ནི་སྒྲ་དགར་བ་ལ་འཇུག་པ་ཡིན། བོད་ཀྱི་དམག་ཁྲིམས་ཡི་གེ་ལས“བཀའ:ཐང:བཞིན:དུ:བདག:གི:འོག:གི:རུ:ལས:ནི། །མ:བཏུས:གྱྀ། །”ཟེར་བ་ལྟ་བུ་ནི་ནི་སྒྲ་དགར་བ་ལ་འཇུག་པ་ཡིན།

ང་ཚོས་གོང་གསལ་ལྟར་རེ་རེ་བཞིན་དཔེ་དྲངས་ཚེ་ཅུང་ཤེས་ཐུབ་པ་ནི་བཙན་པོའི་རྒྱལ་རབས་སྐབས་ཀྱི་བརྡ་རྙིང་ཡིག་ཆ་ཁག་གི་ནང་དུ་ཡང་བོད་ཡིག་གི་བརྡ་སྤྲོད་ལ་རྣམ་གཞག་ངེས་ཅན་ཞིག་ཡོད་པ་ཤེས་ཐུབ་པ་ཡིན། ཕྱིས་ཀྱི་བརྡ་སྤྲོད་བསྟན་བཅོས་སྨྲ་སྒོ་མཚོན་ཆ་ནས་རིམ་བཞིན་པྲ་སྟི་དང་སི་ཏུ་སོགས་ཀྱི་སུམ་རྟགས་གཞུང་ལས་བཤད་པའི་ནི་སྒྲའི་ཕྲད་ཀྱི་འཇུག་ཚུལ་མ་ལུས་བརྡ་རྙིང་ཡིག་ཆ་ཁག་ལས་ཀྱང་ཐོན་ཡོད་པ་གསལ་པོ་ཡིན་མོད། ཕྲད་ལ་ཤས་ཤིག་སྔར་བཞིན་དེང་གི་བརྡ་སྤྲོད་གཞུང་དང་མཐུན་པོ་མེད་པ་ནི་སྐབས་དེའི་སུམ་རྟགས་ཀྱི་གཞུང་དེ་ཐོག་མའི་དུས་རིམ་ན་ཡོད་པས་ད་ལྟའི་གཞུང་ལུགས་ཀྱི་འགྲོ་རིམ་དེ་ལྟ་བུའི་འཕེལ་རྒྱས་སུ་ཕྱིན་མེད་སྙམ།

ཉེ་ལམ་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པས་ལག་རྙེད་བྱུང་བའི་བརྡ་རྙིང་གི་ཡིག་ཆ་ཁག་གཞིར་བཟུང་ནས་དཔྱད་ན། དམིགས་བསལ་ཞིག་ཡོད་པ་ནི་ནི་སྒྲའི་ཕྲད་འདི་བསྟན་བཅོས་དང་ཁྲིམས་སྲོལ་ཡིག་ཆ་ཁག་གི་ནང་དུ་བཀོལ་སྤྱོད་བྱས་པ་ཅུང་ཉུང་བའི་སྣང་ཚུལ་ཞིག་བྱུང་ཡོད། ལྷག་པར་ཁྲིམས་སྲོལ་ཡིག་ཆ་ཁག་ལ་མཚོན་ན་སྐད་ཆའི་བབ་དང་ངག་གི་ཁྲོལ་ལུགས་སོགས་གང་གི་ངོས་ནས་བལྟས་ཀྱང་ཅུང་ཚད་ལྡན་དང་། ཚིག་འབྲུ་རེ་རེ་ལས་ཡིག་གེ་དང་སྐད་ཆ་ལྷག་མ་མེད་ཅིང་། ཐ་སྙད་རེ་རེ་ལ་གོ་དོན་རེ་རེ་ཡོད་ཅིང་། སྒྲིག་གཞི་ཚགས་དམ་ལ། སྐད་ཆ་ཅུང་བསྡུས་ཤིང་ཉིང་བཅུད་ལྟ་བུའི་ཚུལ་གྱིས་བཀོད་ཡོད། དེ་བཞིན་རྒྱལ་པོའི་བཀའ་གཙིགས་ཀྱི་ཡི་གེ་དག་ལས་ཀྱང་འདི་ལྟ་བུའི་ཁྱད་ཆོས་ཤིག་རྨང་ནས་ཐོན་གྱིན་གདའ། དེ་བས་ནི་སྒྲ་ལ་མཚོན་ན་བརྣན་པ་དང་ཁ་སྐོང་གི་ཚུལ་གྱིས་འཇུག་པས་ན། ཉིང་བསྡུས་དང་ཚགས་དམ་པའི་སྐད་ཆའི་ངག་གི་བརྗོད་ལུགས་སུ་བཀོལ་དུས་ཅུང་འཚམ་པོ་མེད་པའི་རྐྱེན་གྱིས་ཡིན་ཡང་སྲིད་པར་སྙམ། དེ་མིན་བཀའ་གཙིགས་ཡི་གེ་སྐོར་ཞིག་ལ་ཕལ་སྐད་ཀྱི་སྐད་ཆའི་སྒྲ་འབྱིན་སྟངས་ཤིག་བྱུང་ཡོད་ལ། ཡུལ་སྐད་ཀྱི་ཁྲོད་ན་ནི་སྒྲ་ནི་ཅུང་རྒྱུགས་ཆེ་ཞིང་རྒྱུན་འབྱུང་གི་ཐ་སྙད་ཅིག་མིན་པ་དེང་གི་ཨ་མདོའི་ཁ་སྐད་ལས་ཀྱང་གསལ་བོར་ཤེས་ཐུབ། དེང་སྐབས་ཨ་མདོའི་ཁ་སྐད་ཀྱི་ནང་དུ་མི་ག་གེ་མོ་ནི་ཞེས་པའམ་ཡང་ན་སྡེ་དཔོན་ནི་་་་་ཟེར་བ་ལྟ་བུའི་ནི་སྒྲ་སྤྱོད་སྲོལ་ཡོད་པ་མ་རེད། ཨ་མདོའི་ཁ་སྐད་དང་ཁམས་ཀྱི་ཡུལ་སྐད་སོགས་སུ་སྐད་གསར་བཅད་མ་བྱས་གོང་གི་བརྡ་རྙིང་མང་པོ་ཡོད་པ་ཀུན་གྱིས་མཁྱེན་གསལ་རེད། དེ་བས་བསྟན་བཅོས་དང་བཀའ་གཙིགས་ཡི་གེ། ཁྲིམས་ལུགས་སོགས་ཀྱི་བརྗོད་པའི་ནང་ནི་སྒྲ་མེད་པ་ནི་དེ་དག་སྐབས་དེའི་ཡུལ་སྐད་ལ་ཅུང་གཞོལ་བའི་རྒྱུ་རྐྱེན་ཡང་ཨེ་ཡིན་སྙམ་པ་ཞིག་བྱུང་མོད། ཞིབ་ཏུ་ད་དུང་དཔྱད་པའི་གནས་སུ་འཁུམས་སོ། །

བཙན་པོའི་བཀའ་གཙིགས་ཀྱི་ཡི་གེ་ལས་ཞོལ་རྡོ་རིང་གི་ཡི་གེ་ནི་བྱང་ངོས་ཀྱི་ཡིག་ཕྲེང་རེ་བརྒྱད་དང་ཤར་ངོས་ཀྱི་ཡིག་ཕྲེང་བཅུ་དྲུག ལྷོ་ངོས་ཀྱི་ཡིག་ཕྲེང་དོན་བཞི་བསྣན་ན་ཡིག་ཕྲེང་བརྒྱ་དང་ང་བརྒྱད་ཡོད་མོད། དེའི་ནང་དུ་ནི་སྒྲའི་ཕྲད་ནི་ཐེངས་གསུམ་ལྷག་མ་གཏོགས་བྱུང་མེད། བསམ་ཡས་ཀྱི་རྡོ་རིང་ཡི་གེ་ལ་ཡིག་ཕྲེང་ཉེར་གཅིག་ཡོད་ལ། དེའི་ནང་ནི་སྒྲའི་ཕྲད་གཅིག་ཙམ་ལས་མེད། ཏུན་ཧོང་ཡིག་རྙིང་ལས་བཏོན་པའི་ཡིག་རྙིང་གི་ཆ་ཤས་ཤོག་གྲངས་P.T. 1071དང་ P.T. 1073ལས་བཤུས་པའི་སྲོག་སྟོང་གི་ཁྲིམས་ཡིག་ཅེས་པ་ལ་ཡིག་ཕྲེང་བརྒྱ་དང་དགུ་བཅུ་ལྷག་ཡོད་མོད། དེའི་ནང་ནི་སྒྲའི་ཕྲད་སྦྱར་བ་བཅུ་གཅིག་མ་གཏོགས་མི་འདུག ཁྲི་སྲོང་ལྡེའུ་བཙན་གྱི་རིང་ཆོས་མི་བསྣུབ་པའི་ཕྱིར་རྗེ་བློན་མནས་བསྒགས་པའི་བཀའ་གཙིགས་དང་པོའི་ཡི་གེ་ཞེས་པ་ལ་ཡིག་ཕྲེང་སོ་བརྒྱད་ནང་དུ་ནི་སྒྲའི་ཕྲད་བཞི་ཙམ་ལས་མེད། དེ་ལས་ང་ཚོས་ནི་སྒྲའི་ཕྲད་དེ་བཀའ་གཙིགས་དང་ཁྲིམས་ལུགས་ཡིག་ཚང་ཁག་གི་ནང་དུ་བཀོལ་བ་ཅུང་ཉུང་བའི་སྣང་ཚུལ་ཞིག་མཐོང་ཐུབ། འབྲེལ་སྒྲའི་ཕྲད་གྱི་སོགས་ལྟ་བུར་མཚོན་ན་ཐིག་ཕྲེང་གཉིས་ཀྱི་ནང་དུ་ཐེངས་གསུམ་བཞི་རེ་མཐོང་རྒྱུ་ཡོད་པ་རྒྱུན་ལྡན་ཡིན་པ་རེད།

བརྡ་རྙིང་ཡིག་ཆ་ཁག་གི་ནང་དུ་ནི་སྒྲའི་ཕྲད་སྦྱོར་དུས་གུག་གུ་ཕྱིར་ལོག་པ་དང་མ་ལོག་པ་ཅི་རིགས་ཤིག་འདུག་མོད། ཁ་ཤས་ཀྱིས་གནའ་ཡིག་ལས་གུག་གུ་ཕྱིར་ལོག་མིན་དེ་སྒྲའི་འབྱིན་སྟངས་ཀྱི་གྲིམ་ལྷོད་དབང་གིས་ཕྱེས་པ་ཡིན་ཟེར་བར་བདེན་པའི་ངེས་པ་མེད་སྙམ་སྟེ། དེ་ལ་སྒྲའི་འབྱིན་སྟངས་ཀྱི་ཁྱད་པར་ཞིག་ཡོད་པ་མཐོང་མི་ཐུབ་པོ། །དཔེར་ན་ཚིག་འབྲུ་དང་བརྗོད་པའི་ནང་དོན་སོགས་ཚང་མ་གཅིག་ཡིན་རུང་། དོན་ཚན་གཅིག་གི་ནང་དུ་གུག་གུ་ཕྱིར་ལོག་མེད་རུང་། དོན་ཚན་གཞན་ཞིག་ལས་ཕྱིར་ལོག་པའི་སྣང་ཚུལ་འབྱུང་གི་འདུག

གཉིས། བརྡ་རྙིང་ཡིག་ཆའི་ཁྲོད་ནི་སྒྲའི་ཕྲད་ཀྱིས་རྩོམ་རིག་ལ་ཐོན་པའི་ནུས་པ།

ང་ཚོས་བོད་ཀྱི་བརྡ་རྙིང་ཡིག་ཆ་ཁག་ལ་མཇལ་ཚེ་རྩོམ་རིག་སྐོར་གྱི་རྒྱུ་ཆ་ཡང་མི་དམན་པ་ཞིག་མཐོང་རྒྱུ་ཡོད། དེ་དག་ལ་ཞིབ་ཏུ་བལྟས་ན། བཙན་པོའི་དུས་ཀྱི་རྩོམ་རིག་ཁྲོད་དུ་ནི་སྒྲའི་ཕྲད་ཀྱིས་ཐོན་པའི་ནུས་པ་ནི་ཅུང་མངོན་གསལ་ཡིན་ལ། དེ་ནི་གོང་དུ་བཤད་པའི་བརྡ་རྙིང་ཡིག་ཆའི་ཁྲོད་ཀྱི་བསྟན་བཅོས་དང་བཀའ་གཙིགས་ཁག་ལ་ཐེབས་པའི་ཤུགས་རྐྱེན་ལས་ཀྱང་ལྡབ་འགྱུར་གྱིས་ཆེ་བའི་ཚོར་བ་ཞིག་ང་ཚོར་བྱིན་འོང་།

བོད་བཙན་པོའི་སྐབས་ཀྱི་མགུར་གླུ་དག་གི་ཁྲོད་དུ་ནི་སྒྲ་ནི་མེད་དུ་མི་རུང་བའམ། ནི་སྒྲའི་ཕྲད་ཀྱི་སྦྱོར་བས་མགུར་མའི་སྙན་རྩོམ་ཧྲིལ་པོ་ལ་རྩོམ་རིག་གི་སྐད་ཆའི་མཛེས་རྟོག་གི་མྱོང་གྲུབ་ཅིག་རང་བཞིན་གྱིས་སྤྲས་ཡོད། དེ་ནི་གཙོ་བོ་ནི་སྒྲའི་ཕྲད་དེ་མགུར་མའི་ཁྲོད་དུ་སྦྱར་བ་ལས་ཁ་སྐོང་གི་ནུས་པ་ཞིག་ཐོན་ཡོད་ལ། ཁ་སྐོང་གི་ནུས་པ་ནི་དོན་ལ་བརྣན་པའི་ཚུལ་གྱིས་འཇུག་པ་ཡིན་ཚུལ་ཀརྨ་སི་ཏུས་གསུངས།

སྲོང་བཙན་སྒམ་པོ་དང་དབས་དབྱི་ཚབ་གཉིས་ཀྱིས་བླངས་པའི་མགུར་མཆིད་ལས།“ཡར་མོ་ནི་ཆུ་ཐུངས་ཀྱིས། །མདོ་ནས་ནྀ་རྩང་དུ་བསྲིང་། །ཡར་མོ་ནི་ཞེང་ཆུངས་ཀྱིས། །ལྷོ་ནས་ནྀ་བྱང་དུ་བསྐྱེད། །”ཅེས་པ་འདི་ནི་ཚེག་བར་དྲུག་ཅན་གྱི་མགུར་མ་ཞིག་རེད་ལ། བཙན་པོའི་དུས་ཀྱི་མགུར་མ་མང་ཆེ་ཤོས་ནི་ཚེག་བར་དྲུག་མ་རེད། ཚེག་བར་དྲུག་མའི་ནང་དུ་ཚིག་གི་ནང་གི་བྱེད་པ་པོའམ། ཡང་ན་དོན་གྱི་བྱེད་ནུས་གཙོ་བོ་སྟོན་ཡུལ་གྱི་མིང་བརྡ་ག་གེ་མོ་ཟུང་གི་རྗེས་སུ་ནི་སྒྲའི་ཕྲད་སྦྱར་ནས་བརྣན་པའི་ཚུལ་དུ་འཇུག་པར་བྱས་ཤིང་། ཕྲད་དེས་བརྣན་པའི་ཚུལ་ཁོ་ན་ལས་རིང་དུ་འགོངས་ཏེ་ཚིག་རྒྱན་གྱི་ནུས་པ་ཐོན་ཡོད། ཚིག་རྒྱན་གྱི་ནུས་པ་དེ་ནི་གཙོ་བོ་ཎི་སྒྲའི་ཕྲད་རང་ངོས་ནས་སྒྲ་གདངས་ཀྱི་ཡང་ལྕི་ལྟར་དབྱེ་ན་གསལ་བྱེད་ན་ནི་ཤིན་ཏུ་མོ་ཡིན་པས་སྒྲ་གདངས་དམན་པའམ་ཉམས་པའི་ཚུལ་གྱིས་ཀློག་པར་བྱེད་པ་རེད་ལ། ཚེག་བར་དྲུག་གི་སྒྲིག་གཞི་དེ་ཆ་ཡའི་རྣམ་པ་ལྟར་དབྱེ་ཞིབ་ཅིག་བྱས་ན། ཆ་ཡ། ཆ་ཡའི་རྣམ་པའི་གྲུབ་སྟངས་ལས་ཐོག་མའི་ཆ“ཡར་མོ”དང་ཡ“ནི”། ཡང་ཆ“ཆུ་ཐུངས”། དེ་ནས་མཇུག་གི་ཡ“ཀྱིས”བཅས་ཡིན་ལ། ཐོག་མའི་ཆ་ཡི་ཡི་གེ་གཉིས་ཀྱི་རྗེས་སུ་སྒྲ་གདངས་ཞན་པའི་ཕྲད་ནི་སྦྱར་ན་སྒྲའི་དོ་མཉམ་གྱི་རང་བཞིན་ཡོང་ལ། ཚེག་བར་ཧྲིལ་པོའི་སྒྲ་གདངས་ཀྱི་དྲག་ཞན་རན་གསུམ་གྱི་ངག་གི་ཁྲོལ་ལུགས་དེས་མགུར་མའི་དབྱངས་འགྲོས་ལ་རོལ་དབྱངས་རང་བཞིན་གྱི་ཉམས་ཐོན་ཡོད་པ་རེད།

དེ་ལས་གཞན་མགུར་མ་ཚིག་རྐང་རེ་རེ་ཡི་གནས་ཐིག་གཏན་འཁེལ་གྱིས་ནི་སྒྲ་རེ་སྦྱར་བ་དེས་རྗེས་ཁྲིད་ཀྱི་རྣམ་པས་སོང་ཡོད་ལ། ཡང་དང་བསྐྱར་དུ་ནི་སྒྲའི་ཕྲད་ཀྱི་སྐྱེ་གནས་ལ་རེག་ནས་བཀླགས་ན་སྒྲ་རྒྱན་གྱི་ཉམས་ཤིག་ཐོན་ཡོད། མགུར་གླུའི་ཁྱད་ཆོས་གཙོ་བོ་ནི་ཐོལ་བྱུང་གི་དོན་བྱ་གང་ཞིག་ཅིག་ཅར་གླུ་རུ་བཞེངས་པ་དེ་རེད་ལ། གླུ་རུ་བཞེངས་པའི་སྐད་ཅིག་མའི་ཚིག་གི་ལྷུ་ལག་རེ་རེ་ངག་གི་བརྗོད་པ་ལ་འདྲེན་དུས་དོན་གྱི་རུ་མ་མ་ལུས་ཚིག་གི་ལོ་མའི་ཁུལ་དུ་གཅུད་ནས་ཡོད་པས་སྙན་ངག་གི་རོ་བྲོ་མ་ལུས་ཕུན་སུམ་ཚོགས་པའི་ངང་ལྡན་སོང་བ་རེད། སྒྲ་རྒྱན་གྱི་ཉམས་འདོན་སྟངས་དེ་ཡང་གཙོ་བོ་ནི་སྒྲའི་ཕྲད་ཀྱིས་ཚིག་རྐང་རེ་རེ་ན་སྒྲ་ཞན་པའི་ཚུལ་གྱིས་འདེགས་འཇོག་གི་ནུས་པ་ཐོན་ཞིང་། འདེགས་འཇོག་གི་སྒྲ་དེ་ཚིག་རྐང་རེ་རེ་ནས་ཡང་དང་བསྐྱར་དུ་བཟློས་པའི་ཚུལ་གྱིས་གནས་པས་ན་རྩོམ་རིག་གི་སྐད་ཆའི་མཛེས་ཉམས་ལས་རོལ་དབྱངས་ཀྱི་འདེགས་འཇོག་ཅིག་གྲུབ་ཡོད། དེ་ལྟ་བུའི་སྣང་ཚུལ་ནི་བཙན་པོའི་རྒྱལ་རབས་དུས་ཀྱི་མགུར་རྩོམ་སྤྱི་ལ་ཁྱབ་པའི་སྣང་ཚུལ་ཡིན་པ་བརྡ་རྙིང་ལ་ཆ་རྒྱུས་ཨེན་ཙམ་ཡོད་མཁན་ཞིག་གིས་མི་ཤེས་མཁན་མེད་པས། རེ་རེ་བཞིན་ལུང་དང་དཔེ་དྲངས་ན་མང་བར་དོགས་ནས་མ་སྤྲོས་སོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།