ཞིག་དང་འཇིག་གྱིན་པའི་བོད་ཀྱི་རིག་གཞུང་ལས་རིགས།

74.jpg

བཞུད་པའི་ལོ་ཟླ། — རིག་གཞུང་གི་མི་ཚེ་སྙེག་པའི་བཞུད་ལམ་གྱ་གྱུ།

ཁོ་བོ་ནི་བོད་ཤར་མཐའ་ཨ་མདོ་གཅན་ཚའི་རྨེ་རུ་བྱ་བའི་ཡུལ་གྱི་རོང་མ་འབྲོག་གི་ཁྱིམ་གཞིས་ཤིག་ཏུ་སྐྱེས་ཤིང་ནར་སོན་པ་ཡིན་ལ། མི་ལོ་སོ་དྲུག་གི་འཚར་སྐྱེད་བརྒྱུད་རིམ་ཁྲོད། བྱིས་གཞོན་དུས་ཀྱི་ལོ་ཟླ་ནི་ཧ་ལམ་གནའ་བོའི་ཁྱད་ཆོས་མ་ཉམས་པའི་གཞིས་ཀ་དྲོན་མོ་དེ་ལས་སྐྱེལ། དེར་བརྟེན། འདས་སོང་གི་ལོ་ཟླར་ཕྱིར་དྲན་བསམ་མནོ་གཏོང་བའི་སྐབས་ལ། ཁོ་བོའི་བསམ་གཞིག་གི་བྱེའུ་ཆུང་དེ་ནམ་རྒྱུན་རོང་མ་འབྲོག་གི་ཡུལ་གྲོང་ཆུང་ངུ་དེར་འཕུར་འགྲོ།

ཁོ་བོའི་དྲན་སྣང་དུ་འཆར་བ་ནི། རི་གྲོང་ཆུང་ཆུང་དེ་ལྷ་ཡུལ་ལྟ་བུའི་གཞིས་ཁྱིམ་གསོན་ཉམས་ལྡན་པ་ཞིག་ཡིན་ཏེ། དེར་ལྷུན་ཆགས་བརྗིད་ཉམས་ལྡན་པའི་རི་བོའི་དབུ་འཕང་ཡོད་ཅིང་། ལྷན་ནེ་ལྷང་ངེར་ཆགས་པའི་འབྲོག་དགོན་གྱི་སྤང་རྩྭ་མཆིས་ལ། ཤག་ཤག་ཤུགས་ཀྱིས་འཕྱོ་བའི་ཆུ་བོའི་རླབས་ཕྲེང་དང་མུ་བཞིན་བསྟར་ལ་འགྲིག་པའི་ཞིང་ཁའི་རྣང་མའང་ཡོད། དེ་མིན། གཞན་གྱིས་འགྲང་ཆུ་ལྡང་ཞིང་བསྟོད་པའི་མཐེ་བོང་བསྒྲེང་འོངས་པའི་ཁྱད་ཆོས་ཤིག་ལྡན་པ་ནི། ཁྱིམ་གྱི་ཕྱི་སྒོ་བརྒལ་བ་དང་རི་ལུང་ཧྲིལ་གྱིས་ཁེབས་པའི་གདོད་མའི་ནགས་ཚལ་མཐོང་ཐུབ་པ་དེའོ། །

ང་རང་དེ་འདྲའི་བོད་ཀྱི་ཁྱད་ཆོས་ལྡན་པའི་ཕ་གཞིས་དེ་ནས་འཚར་ལོངས་བྱུང་ཞིང་། རི་བོ་རེ་རེ་བརྒལ་ཏེ་ཤེས་བྱའི་ཞིང་ས་བསྙེགས་ཏེ་འོངས། གལ་ཏེ་འདས་སོང་གི་བརྒྱུད་རིམ་ཁྲོད་རང་ལ་དྲན་སྣང་ཆེས་ཟབ་མོ་སྟེར་ཞིང་མདུན་སྐྱོད་ཀྱི་སྒུལ་ཤུགས་ཆེས་ཆེ་བ་དེ་གང་ནས་བྱུང་ཞེས་དྲིས་པ་ཡིན་ན། ཁོ་བོས་འདང་རྒྱག་མེད་པར་དེ་ནི་ཕ་ཡུལ་གྱི་རི་ལུང་ཐང་གསུམ་གྱི་རྒྱ་ཁྱོན་གྱིས་སོ་ཞེས་ལན་འདེབས་ངེས།

བྱིས་པའི་དུས་ཀྱི་ང་རང་གཞན་དང་མི་འདྲ་ས་གཅིག་ཡོད་པ་ནི། ལོ་ན་བཅུ་ཡི་རིང་གི་འཚོ་བ་དེ་ཕྱུགས་རྫི་ཡ་མེད་ཅིག་གི་ཟོལ་གྱིས་སྐྱེལ་བ་དེའོ། །ང་རང་ཆུང་ངུའི་དུས་སུ་རང་གཤིས་གྱོང་བོ་གཞན་གྱིས་སྒུལ་མི་ཚུགས་པ་ཞིག་ཡིན་པའི་སྟེང་། སྤོ་བོ་རྨོ་མོ་ཟུང་གི་མིག་དང་ཕ་མ་སྤུན་མཆེད་དག་གི་སྙིང་བྱས་སྟབས། རང་གི་འདོད་པར་བསྟུན་ཏེ་ལོ་ན་བརྒྱད་པའི་སྟེང་སློབ་གྲྭར་ཉིན་འགར་སོང་བ་མ་གཏོགས། སློབ་གྲྭའི་སྒོ་ཐེམ་དང་རིང་དུ་བཀྱེད་དེ་དབྱར་དུས་རྫ་མགོའི་རས་གུར་དུ་སྤོ་བོ་རྨོ་མོ་དང་ལྷན་དུ་བསིལ་བའི་བདེ་བ་མྱངས་ཤིང་། དགུན་དུས་རོང་གི་གཞིས་ཁྱིམ་དུ་མེ་ཤིང་ཚག་ཚག་འབར་བའི་དྲོད་ཀྱི་བདེ་བར་བསྟབས་ཏེ་བསྡད། དོན་ལ། ཐེངས་དུ་མར་ཕ་མ་གཉིས་ཀྱིས་དབྱུག་པ་བཟུང་ཞིང་སྐད་ཀྱིས་བསྡིགས་ཏེ་སློབ་གྲྭར་བརྫངས་པ་ཡིན་རུང་། ཁོང་གཉིས་ཁྱིམ་ལ་མ་ཐོན་གོང་ང་ཐོན་ཏེ་སྔར་གནས་སུ་ཅི་མི་སྙམ་པར་བསྡད་པ་ཡིན་པས། མཐར་ཁོང་གཉིས་ཀྱང་ཐབས་ཟད་དེ་ང་རང་གང་འདོད་ལ་སྡོད་དུ་བཅུག

བྱིས་པའི་དུས་ཀྱི་ང་ལ་ཁྱད་ཆོས་ཤིག་ཡོད་པ་ནི། སྟོང་བསམ་དཔེ་མེད་རྐྱང་རྐྱང་བྱེད་པ་དེ་ཡིན་ལ། དེ་ལ་བརྟེན་ནས། སྔ་ཕྱིར་གྲོང་མཚེས་ཆུང་གྲོགས་སྐོར་ཞིག་བསྡུ་རུབ་ཀྱིས་རང་གི“གསར་གཏོད”ཀྱི་ལས་ཀ་གང་མང་བསྒྲུབས། དཔེར་ན། སྡེ་བའི་གཡོན་ཟུར་དུ་སྔོན་དུས་འབུམ་ཁང་བརྒྱབ་པའི་ཤུལ་ཞིག་ཡོད་པར། ས་དམར་ཕྱུར་བུར་གཏམས་པ་གང་འདོད་བླངས་ཏེ་དེང་རབས་འཕྲུལ་ཆས་སྣ་ཚོགས་བཟོས་པ་དང་། ཐ་ན་འཁོར་ལོ་བསྐོར་བ་ཙམ་གྱིས་ནང་གི་འཕྲུལ་འཁོར་ཆུང་ངུས་གཅིག་ལ་གཅིག་བརྟེན་བྱས་ཏེ་མདུན་དུ་གེགས་མེད་བསྐྱོད་པའི་ཤུགས་སྒུལ་འཕྲུལ་ཆས་སྟབས་བདེ་ཞིག་ཀྱང་བཟོས་སྟབས། ཡུལ་ལ་འགྲོ་ཐེངས་རེར་གྲོང་པ་ཕོ་མོ་རྒན་གཞོན་དག་གིས་ད་དུང་ཡང་རྒྱུན་དུ་སྐབས་དེའི་གནས་ཚུལ་གླེང་བར་བྱེད། སྡེ་བའི་ཡར་སྟོད་དང་ནགས་མའི་འདབས་ཟུར་དག་ཏུ་ཤིང་སྡོང་ཕྲ་མོ་བཅད་དེ་ཤིང་ཁང་ཆུང་ངུ་སྣ་ཚོགས་བཟོས་པ་དག་ཀྱང་། ངེད་སྡེ་བའི་བྱིས་པ་དག་སྤྲོ་བསང་ལ་བསྐྱོད་སའི་གནས་གཞི་གལ་ཆེན་ཞིག་ཡིན་ལ། དར་ཤུད་སྟེགས་ཆས་ལ་མཚོན་ན་རང་སྡེའི་ནང་ངའི་ཡོ་ཆས་ལས་ལྷག་པ་མེད་ཅིང་། དྲག་རྩལ་འགྲན་བྱེད་རལ་གྲི་སོ་གཉིས་མའང་། ངའི་དེ་ལས་ཉམས་སྣང་ཐོན་པ་ཞིག་མེད་དེ། སྐབས་དེར་སློབ་གྲྭའི་གུང་ཚིགས་སྐབས་ལ་སྡེ་བ་གཞན་གྱི་སློབ་གྲོགས་མང་བོ་རུབ་འཛོམས་ཀྱིས་ང་ལ་སོ་སོའི་ལག་ཆས་བཟོ་བར་སྐུལ་ཞིང་། རྔན་ཆས་ནི། སྲན་མ་ཆུ་བརྔོས་དང་རི་མོའི་ལག་དེབ་ལྟ་བུའོ། །

སྐབས་དེར་ངའི་ཕུ་བོ་རང་སྡེའི་ཆ་ཚང་སློབ་ཆུང་དུ་སློབ་གཉེར་ལ་བསྐྱོད་བཞིན་ཡོད་ཅིང་། སླར་གསོ་བྱས་ནས་ཅང་འགོར་མེད་པའི་སློབ་ཆུང་དེར་མཚོན་ན། དགེ་རྒན་གཉིས་གསུམ་ཞིག་ལས་མེད་རུང་སློབ་གསོའི་ཁ་དབུགས་ནི་དེང་ལས་ལྡབ་བརྒྱ་འགྱུར་གྱིས་ལྷག་གོ། །སྐབས་དེར། ཁོ་བོ་གང་འདོད་བཞིན་ཕུ་བོའི་རྔ་མ་བྱས་ཏེ་སློབ་གྲྭར་སོང་ཆོག་པའི་སྟེང་། སློབ་གསོ་ཅུའུ་ཡི་ཉུལ་དཔྱོད་པ་བཞིན་འཛིན་གྲྭ་མཐོ་དམན་གང་གི་སློབ་ཁང་དུའང་སོག་ཆོག་སྟབས། སློབ་མ་མིན་རུང་ཡི་གེ་རེ་གཉིས་ནི་ཤེས་ཤིང་། ཤེས་འདོད་སྤྲོ་བས་ཀུན་ནས་བརྟས་ཏེ། ནམ་རྒྱུན་ཕུ་བོ་ཁྱིམ་དུ་འབྱོར་བ་དང་རི་མོའི་ལག་དེབ་བཟུང་སྟེ་འདི་གང་རེད་དང་གན་ཅི་ལྟར་འདོན་དགོས་ཞེས་དྲིས་པ་ཡིན། དེ་ལ་ཕུ་བོས་ལན་འདེབས་རྐྱང་བྱེད་བཞིན་ཡོད་ཀྱང་། ཁོ་བོའི་ཕ་མ་གཉིས་ནས་ངས་དྲི་བ་འདྲི་ཐེངས་རེར་གལ་ཏེ་ཁྱོད་རང་ཉིད་སློབ་གྲྭར་སོང་ཡོད་ན་འདི་འདྲ་བ་འདྲི་ག་ལ་དགོས་ཞེས་བརྗོད་པར་བྱེད། དུས་ཚོད་རིང་ཙམ་ཕྱིན་པ་དང་། ང་རང་གཅིག་ནས་ཕ་མ་གཉིས་ཀྱི་སྡུག་དམེ་དེར་སུན་པའམ་སློབ་གྲྭར་སྤྲོ་བ་བྱུང་བ་གང་ལྟར། རང་འགུལ་གྱིས་སློབ་གྲྭར་འགྲོ་རྒྱུ་ཁས་བླངས། ཕྱིས་སུ་ཕ་མས་གསུངས་པ་ལྟར་ན། ཉིན་ཞིག་སྔར་བཞིན་ཕུ་བོར་དྲི་བ་དྲིས་པར་ཁོང་གཉིས་ཀྱིས་ལེ་བདའ་བྱེད་སྒང་ལ་ངས་དལ་བྲེལ་མེད་པར“གལ་ཏེ་ཁྱོད་ཚོས་འདི་ལྟར་ལབ་ན་ངའང་སློབ་གྲྭར་འགྲོ་སྙིང་ཞིག་འདུག”ཅེས་བཤད་སོང་ཟེར་ལ། དེའི་ཕྱི་ཉིན་ནས་སློབ་གྲྭར་འཁྲིད་མ་དགོས་པར་ཕུ་བོའི་རྗེས་འགྲངས་སོང་བའི་སྟེང་། དེ་ནས་བཟུང་ཧ་ལམ་ཉིན་གཅིག་ལའང་ཆད་མེད་ཟེར།

དེ་ལྟར་ང་རང་ལོ་བཅུ་བའི་སྟེང་སློབ་ཆུང་དངོས་སུ་འགྲིམས་པ་ཡིན་ཞིང་། འཛིན་གྲྭའི་ནང་ལོ་ན་ཆེས་ཆེ་བ་དེ་ཡིན་པར་བརྟེན། དགེ་རྒན་གྱིས་ང་ལ་ཁྱོད་ཀྱིས་སྒོ་སམ་སྟེང་གསལ་བཤད་སུམ་ཅུ་ཚེགས་མེད་དུ་འབྲི་ནུས་ན་ལོ་རིམ་དང་པོ་བརྒྱུད་མི་དགོས་པར་གསུངས་པ་བཞིན། ང་རང་སློབ་གྲྭར་སོང་བའི་ཉིན་གསུམ་པར་ལོ་རིམ་གཉིས་པར་འཕར། ཕྱིས་སུ། ལོ་རིམ་གསུམ་པའི་སྨད་ཆའང་བསྐྱུངས་ཏེ་ལོ་རིམ་བཞི་བར་འཕར་ལྡིང་བྱས་སྟབས། ངའི་ལོ་ཚོད་ཀྱང་སློབ་རིམ་ལ་དོ་མཉམ་པ་བྱུང་སྟེ་ལོ་རིམ་ལྔ་བའི་སྐབས་དམའ་འབྲིང་ལ་རྒྱུགས་སྤྲོད་དུས། རང་ལོ་བཅུ་གསུམ་པ་བརྒལ་ཙམ་ལས་མ་བྱུང་། དོན་ལ། སྐབས་དེའི་སློབ་ཆུང་གི་བསླབ་གཞི་དེ་དེང་སང་ལྟ་བུའི་འཐུས་ཚང་ཞིག་མིན་པའི་སྟེང་། དགེ་རྒན་གྱིས་གནས་ཚུལ་ལ་གཞིགས་ཏེ་སློབ་ཁྲིད་བྱེད་པ་ཡིན་པས། མགོ་ནས་མཇུག་བར་སློབ་ཚན་ཁག་ངེས་པར་སློབ་དགོས་པའི་གནས་ཚུལ་ཡང་མེད། དགེ་རྒན་དག་གི་སྐབས་དེའི་དམིགས་གཞི་གཙོ་བོ་ནི། བོད་ཡིག་གི་རྨང་གཞི་ལེགས་པོ་ཞིག་གཟུག་རྒྱུ་དེ་ཡིན་པ་སྟེ། བོད་ཡིག་གི་ཀློག་འདོན་དང་ཚིག་སྒྲིག་རྩོམ་ཡིག་འབྲི་རྒྱུ་དེའོ། །

དགོངས་པ་དེ་ལས་ལག་ལེན་བྱས་པའི་འབྲས་བུར། ང་རང་སློབ་ཆུང་ལོ་རིམ་བཞི་བའི་སྐབས་ལ་ཇི་བཞིན་བརྗོད་པའི་རྩོམ་ཡིག་འབྲི་རྒྱུར་དགའ་བ་ཞིག་ཆགས་སོང་ལ། ནམ་རྒྱུན་དགེ་རྒན་གྱིས་དུས་ཆེན་རེ་རེར་དུས་ཆེན་གང་དེ་ཅི་ལྟར་སྐྱེལ་བའི་སྐོར་གྱི་གསལ་བཤད་དམ་ཇི་བཞིན་བརྗོད་པའི་སྐོར་གྱི་རྩོམ་ཡིག་འབྲི་བར་སྐུལ་དུས། ངས་ཅུང་སླ་མོའི་ངང་ཤོག་ངོས་བཅུ་ཕྲག་ཅན་གྱི་རྩོམ་ཡིག་རེ་འབྲི་ནུས་ལ། དེ་དག་ཁྱིམ་དུ་ངའི་ཕུ་བོས་བཀླགས་ཏེ་ཕ་མ་དག་ལ་གསན་དུའང་འཇུག་བཞིན་ཡོད། སྐབས་ཤིག ངའི་ཕ་ཡི་གྲོགས་པོ་གང་སར་ཉུལ་ལ་དགའ་ཞིག་ཡོད་པ་དེས《སྦྲང་ཆར》དུས་དེབ་གསུམ་ཁྱེར་འོངས་ཏེ་ངེད་ཚང་དུ་བཞག་པ་ལ། ངས་དེ་དག་སྟེང་གི་རྩོམ་ཡིག་རྣམས་ལ་བལྟས་ཏེ་ཡིད་དབང་མེད་དུ་འཕྲོག་ཅིང་། ལྷག་པར་དེའི་སྟེང་རྩོམ་བྱང་གསལ་བོ་མི་དྲན་རུང“འདོད་འཇོའི་བ་མོ”ཞེས་པ་འཁོད་པའི་ཚིགས་བཅད་ལུས་ཀྱི་རྩོམ་ཞིག་ཡོད་པ་དེས་སེམས་ཀྱི་སྤྲོ་བ་བརྐུས་ཏེ་ཡང་དང་བསྐྱར་དུ་བཀླགས་པའི་སྟེང་། ཚིག་རེ་གཉིས་བཅོས་ཏེ་རང་གི་ཡིན་ཁུལ་གྱིས་འབྲི་དེབ་དུ་བཤུས་ཤིང་སློབ་གྲྭར་ངོམས་སོ་བྱས་པ་ནམ་ཡང་བརྗེད་ཐབས་བྲལ། དེ་ནས་བཟུང་། ང་ནི་རྩོམ་ཡིག་བྱ་བའི་ལས་འདིར་སྤྲོ་བ་ཚད་མེད་ཡོད་པའི་མི་ཞིག་ཆགས་སོང་ལ། དམའ་འབྲིང་ལ་ཞུགས་པའི་སྐབས་སུ་ཐོན་པ་ན། ངས་རང་སྦྱོང་གིས་བྲིས་པའི་རྩོམ་ཡིག་འབྲི་དེབ་ཆེན་པོ་དྲུག་ལ་བུད། འོན་ཀྱང་བོད་ཡིག་དང་བསྡུར་ན། ངའི་རྒྱ་ཡིག་ཆུ་ཚད་ནི་ངོས་ཟིན་པ་ཙམ་སྟེ། སྐབས་དེར་སློབ་ཆུང་ལོ་རིམ་ལྔ་བའི་སྐབས་ད་གཟོད་རྒྱ་ཡིག་ཁྲིད་པ་ཡིན་པས། དེའང་སྟབས་བདེའི་སྒྲ་སྦྱོར་ཀློག་བྱེད་སྟངས་ཤེས་པ་ཙམ་མོ། །

ངའི་དམའ་འབྲིང་ནི་སྐབས་དེའི་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་དམའ་འབྲིང་སློབ་སྐོར་ནས་དོན་གཉེར་བྱས་པ་ཡིན་ཞིང་། འཛིན་བདག་བཙན་པོ་ཐོག་འདྲ་ཞིག་འཁེལ་བའི་སྟབས་ཀྱིས། དམའ་འབྲིང་ལོ་ངོ་གསུམ་ནི་དོན་ལ་ཧ་ཅང་བྲེལ་ཟིང་དང་འཚུབ་ལྷོངས་ཀྱི་སྒོ་ནས་ཚར་བ་རེད། ང་ཚོའི་སློབ་གྲྭ་ནི་བོད་ཁུལ་གྱི་བོད་རིགས་སློབ་མ་དང་ཡུལ་དེའི་བོད་སྐད་བཤད་པའི་ཧོས་རིགས་ཁ་ཆེ་བར་གཏད་ནས་གཉེར་བ་ཞིག་ལགས་རྐྱེན། རྒྱ་ཡིག་མ་གཏོགས་བསླབ་གཞི་ཡོད་ཚད་བོད་སྐད་བོད་ཡིག་གི་ལམ་ནས་ཁྲིད་པ་ཡིན་ཞིང་། རྒྱ་ཡིག་ཀྱང་། དོན་ལ་བོད་ཡིག་སྦྱངས་མྱོང་མཁན་རྒྱ་ཡིག་ཆུ་ཚད་ཅུང་ཟད་བཟང་བ་དེ་རིགས་ཀྱིས་ཁྲིད་པ་ཡིན་པས་ན། རྒྱ་ཡིག་གི་ཀློག་འདོན་དང་འབྲི་སྦྱོང་དེ་འདྲ་མ་སྦྱངས་པར་སློབ་ཚན་གྱི་ནང་དོན་བོད་སྐད་ཀྱིས་འཆད་ཐུབ་མིན་དེ་གཙོར་བྱེད་ཀྱིན་ཡོད། སྐབས་དེར་ཁོ་བོ་ཆེས་སྤྲོ་སྣང་ཡོད་པའི་བསླབ་ཚན་ནི་བོད་ཡིག་དང་ལོ་རྒྱུས། ས་ཁམས་བཅས་གསུམ་ཡིན་ཞིང་། དངོས་ལུགས་ལའང་སྤྲོ་བ་ཆེན་པོ་ལྡན། དོན་ལ། གྲངས་རིག་དང་རྫས་འགྱུར་གྱི་སྦྱངས་འབྲས་ཀྱང་མི་ཆོག་རྒྱུ་མེད་དེ། ཨང་རིམ་གསུམ་པའི་ཡན་ལ་རྒྱུན་པར་བསླེབས་པར་བྱེད་མོད། དེ་ནི་བསླབ་ཚན་དེ་གཉིས་ཀྱི་དགེ་རྒན་བཙན་དྲགས་པས་ཡིན་པ་མ་གཏོགས་སྤྲོ་བས་འཇུག་པར་བྱས་པ་ནི་མིན། སྐབས་དེར་ངེད་འཛིན་གྲྭ་ནི་སློབ་གྲྭ་ཡོངས་སུ་སྒྲིག་ལམ་གྱི་ཐད་ནས་སྐད་གྲགས་ཆོད་པ་ཞིག་ཡིན་ཞིང་། ཐེངས་ཤིག་སློབ་གྲྭའི་དགེ་སློབ་འདུ་ཚོགས་ཤིག་ཏུ། སློབ་གཙོས་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་ལོ་རྒྱུས་སྟེང་དུ་ངེད་འཛིན་གྲྭ་ལྟ་བུའི་སྒྲིག་ལམ་གྱི་ཐད་ནས་དམ་ལྷོད་མེད་ཅིང་གཅུན་ཐག་དམ་པ་ཞིག་བྱུང་མ་མྱོང་ཞེས་བརྗོད་མྱོང་བ་ད་དུང་དྲན། སྟབས་བདེ་སྒོས་བརྗོད་ན། འཛིན་བདག་ཁོང་ནམ་རྒྱུན་དགོང་མོ་མལ་སའི་ནང་མ་གཏོགས་ང་ཚོ་དང་འབྱར་འབྱར་ལ་ཡོད་པས་སོ། །

དམའ་འབྲིང་སྐབས་ངའི་སློབ་སྦྱོང་ལ་ཡར་སྐྱེད་ཆེན་པོ་བྱུང་བའི་རྒྱུ་རྐྱེན་ཆེས་གཙོ་བོ་ནི། རང་ཉིད་ལ་རང་རྟོགས་དང་རང་གཅུན་གྱི་ནུས་པ་ཆེ་སོང་བས་མིན་པར། ཁོ་བོས་བསམ་ན་འཛིན་བདག་གི་དམ་ལྷོད་མེད་པའི་གཅུན་སྡོམ་གྱི་བྱས་འབྲས་ཡིན་སྙམ་བཞིན་ཡོད། ཞོགས་པ་ཆུ་ཚོད་ལྔ་བ་ནི་ངེད་འཛིན་གྲྭས་ལོ་ངོ་གསུམ་རིང་ཆད་མེད་དུ་སྤྱད་པའི་ཞོགས་སྦྱོང་འགོ་རྩོམ་པའི་གཅིག་གྱུར་གྱི་དུས་ཚོད་ཡིན་ཞིང་། གློག་གཞུ་ཡོད་མེད་གང་ལྟར། དུས་ཚོད་དེར་ཡར་ལངས་ཀྱིས་རང་སོའི་དཀར་འོད་རེ་བཙལ་ཏེ་འཛིན་བདག་གི་ལྟ་རྟོག་འོག་ཞོགས་སྦྱོང་བྱ་དགོས་ལ། མཚན་མོ་ཡང་། ཉལ་ཁའི་སྔོན་ཉིན་རེར་ཆག་མེད་དུ་འཛིན་བདག་གིས་བོད་ཡིག་ཐད་ནས་བགྲོ་གླེང་གི་དྲི་བ་རེ་མལ་ཁང་རེར་བཀོད་སྒྲིག་བྱས་པ་ཚགས་སུ་ཆུད་པར་བྱས་ཏེ་ཉིས་གཉིས་པར་གྲ་སྒྲིག་བྱེད་དགོས། ལོ་ངོ་གསུམ་ལ་འདི་བཞིན་མུ་རུ་རྒྱུན་བསྐྱངས་ནས་འོངས་ཤིང་། ལོ་ངོ་གསུམ་ལ་འདི་བཞིན་ཚ་གཅུན་དྲག་པོའི་སློབ་སྦྱོང་བྱས་ནས་འོངས། ཁོ་བོར་མཚོན་ན་གཅུན་སྡོམ་དྲག་པོ་དེ་སྤྱིར་བཏང་བཟོད་མ་ཐུབ་པ་མེད་ཀྱང་། གཟའ་འཁོར་གཉིས་རེར་ཡུལ་དུ་ཐེངས་གཅིག་མ་གཏོགས་ལོག་མི་ཆོག་པའི་སྒྲིག་ལམ་དེས་གཟའ་མཇུག་ལ་མལ་ཐུལ་ནང་འཛུལ་ཏེ་ངུས་པ་ཐེངས་གཅིག་མིན། གང་ལྟར། དམའ་འབྲིང་གི་དུས་ཡུན་ལོ་ངོ་གསུམ་རིང་ཁོ་བོའི་སློབ་སྦྱོང་གི་སྐར་འབྲས་འཛིན་གྲྭ་ཡོངས་མ་ཟད། ལོ་རིམ་ཡོངས་ནས་ཨང་བཅུ་བའི་སྔོན་དུ་བུད་བུད་ལ་ཡོད་ཅིང་། ཐེངས་གཅིག་ལ་ཨང་བདུན་པར་ལྷུང་སྟེ་འཛིན་བདག་གིས་དབྱུག་པ་ཚོམ་མེད་དུ་བརྒྱབ་འོངས་པ་དེ་མ་གཏོགས། སློབ་སྐབས་ལྔ་ལ་ལོ་རིམ་ཡོངས་ཀྱི་ཨང་དང་པོའི་མིང་ཐོབ་བླངས། དོན་ལ། ཁོ་བོས་ནམ་རྒྱུན་རེ་སྒུག་དང་རང་ཉིད་ཆོད་སེམས་བརྟན་པོར་གཏོང་བའི་དུས་ཚོད་ཀྱང་སློབ་སྐབས་རེའི་སློབ་མགོའི་གཟབ་རྒྱས་ཆེ་བའི་སློབ་གྲྭའི་གཟེངས་བསྟོད་ཚོགས་ཆེན་དེ་ཡིན་ཞིང་། སྒྲ་སྒམ་ལས་དམའ་གཅིག་དང་པོའི་ཡུལ་ལྷ་ཐར་དང་དམའ་གཉིས་དང་པོའི་ཡུལ་ལྷ་ཐར། དམའ་གསུམ་དང་པོའི་ཡུལ་ལྷ་ཐར་བྱ་དགའ་ལེན་དུ་ཤོག་ཅེས་འབོད་ཐེངས་རེར། དུས་ཡུན་རིང་བོར་ལུས་ངལ་སེམས་ཆད་བྱུང་བའི་སྣང་བ་དེ་སྐད་ཅིག་མའི་དགའ་སྣང་དང་སེམས་འཚབ་འདྲེས་མའི་སེམས་ཚོར་ཁྲོད་གར་སོང་ཆ་མེད་དུ་བུད་འགྲོ།

གཅན་ཚའི་རྫོང་ཐོག་ཏུ་དམའ་འབྲིང་འགྲིམས་པའི་ལོ་ངོ་གསུམ་པོ་དེའི་ཁྲོད། བདག་གི་རིག་ཚན་སྐོར་གྱི་ཆུ་ཚད་ནི་རང་གི་སྤྲོ་བ་དང་དགེ་རྒན་གྱི་མཛུབ་སྟོན་ཟུང་ལ་བརྟེན་ནས་ཡར་སྐྱེད་ཆེན་པོ་བྱུང་ཞིང་། དངོས་ལུགས་ལྟ་བུར་སྤྲོ་བ་ཆེན་པོ་ཡོད་རུང་། དོན་ལ་ཁོ་བོའི་ཁྱད་ཆོས་དངོས་དེ་རིག་ཚན་ཐད་ནས་ཡོད་པ་རང་གིས་ཀྱང་རོབ་ཙམ་རྟོགས། ཁྱད་པར། སློབ་གྲྭའི་སྒོ་སམ་ཚགས་པར་སྟེང་རང་གི་རྩོམ་ཐུང་རེ་གཉིས་བཀོད་པ་དེས་སྐུལ་འདེད་ཆེན་པོ་བྱུང་སྟེ། བོད་ཡིག་རྩོམ་འབྲིའི་ནུས་རྩལ་ལ་མཐོར་འདེགས་གང་འཚམ་བྱུང་། ཐེངས་ཤིག སློབ་གཙོ་གཞོན་པ་སངས་རྒྱས་རིན་ཆེན་ལགས་ནས་ཁོ་བོ་བོས་ཏེ། ཁྱོད་རྩོམ་ལ་དགའ་བ་ངས་ཤེས། གནང་བའི་སྐབས་ལ་རང་གི་ཁྱིམ་ནས་ང་ལ་ནང་སྒོ་བཟོ་བྱེད་ཀྱི་ཤིང་དུམ་འདོམ་གང་ཙམ་ཁྱེར་འོངས་ནུས་ན། ངས་ཁྱོད་ལ་དཔེ་ཆ་མང་བོ་སྟེར་ཆོག་པར་ལབ་པ་བཞིན། ངས་དེ་བཞིན་ཁྱེར་འོངས་པར་དུས་དེབ་ཉེར་གཅིག་གི་སྣང་སྦྱིན་ཐོབ། འདི་ནི་སྐབས་དེའི་ཁོ་བོར་མཚོན་ན་ཡོང་འབབ་བློར་མི་ཤོང་བ་ཞིག་ཡིན་ཏེ། དགའ་བ་འབུམ་གྱིས་མྱོས་པའི་ཞོར་ལ། དུས་དེབ་རེ་རེ་བཞིན་ཡང་དང་བསྐྱར་དུ་བཀླགས། ལྷག་པར་དབྱར་དགུན་གནང་གི་སྐབས་སུ། ང་རང་གི་འགྲོ་གྲོགས་འདུག་གྲོགས་ནི་གཙོ་ཆེར་དུས་དེབ་དེ་དག་ཐེ་བའི་དཔེ་དེབ་དག་གོ །དུས་དེབ་དེ་དག་བཀླགས་པ་ལས། དོན་གྲུབ་རྒྱལ་བྱ་བའི་མིང་དེ་དངོས་སུ་ཐོས་པ་ཡིན་ཞིང་། ལྗང་བུ་བྱ་བ་དེ་སྙན་ངག་རྩོམ་མཁན་ཞིག་ཡིན་པ་ཤེས་ལ། ངེད་ཚོའི་སློབ་གྲྭར་ཡོད་པའི་རྡོ་རྗེ་རིན་ཆེན་ཞེས་པ་དེའང་འབྲོང་བུ་རྡོ་རྗེ་རིན་ཆེན་བྱ་བའི་སྒྲུང་གཏམ་རྩོམ་མཁན་གྲགས་ཆེན་དེ་ཡིན་པ་རྟོགས། བཀླག་ཐེངས་གཅིག་གིས་སྒྲུང་གཏམ་མམ་སྙན་ངག་གང་རུང་ཤར་མར་བློར་སྐྱོར་ནུས་པ་ནི། སྐབས་དེའི་ངའི་ཁྱད་ཆོས་གཞན་ཞིག་གོ །གནས་བབ་དེ་འདྲའི་འོག་ཁོ་བོས་རང་གི་དགའ་མོས་བཞིན་རྩོམ་ལུས་སྣ་ཚོགས་པའི་བོད་རྩོམ་གང་མང་རང་སྦྱོང་གིས་བྲིས་ཤིང་། འཛིན་བདག་གི་རེ་བ་བཞིན་གསར་དུ་བཅོས་པའི་གབ་ཚིག་ཁོ་ནའང་དྲུག་བརྒྱ་ལས་བརྒལ། འོན་ཀྱང་ཡིད་ཕངས་པ་ལ། ད་ལྟ་མ་ཟིན་དེ་དག་དུས་རླུང་གིས་ཁྱེར་དེ་ཡང་བསྐྱར་མཇལ་བའི་གོ་སྐབས་བྲལ།

སྐབས་དེར་སློབ་སྦྱོང་བྱ་བ་དེ་མུ་རུ་རྒྱུན་མཐུད་དགོས་པ་ཞིག་ཡིན་ཚུལ་ཤེས་པ་ལས། ཇི་ལྟར་རྒྱུན་མཐུད་དགོས་པ་དང་རྒྱུན་མཐུད་དེ་ཅི་ཞིག་བྱ་དགོས་པ་སོགས་ནི་རབ་རིབ་མག་མོག་ཅིག་ལས་མ་རྟོགས་མོད། འོན་ཀྱང་སྡེ་བའི་སློབ་གྲོགས་ཚོ་རེ་རེ་བཞིན་སློབ་གྲྭ་ནས་ཕྱིར་འཐེན་བྱས་ཏེ་དམའ་འབྲིང་ལོ་རིམ་གསུམ་པར་རང་ཉིད་གཅིག་པུ་ལུས་པའི་སྐབས་ལའང་། སློབ་གྲྭ་འགྲིམས་མཚམས་འཇོག་དགོས་པའི་སྐོར་ལ་གཏན་ནས་འདང་བརྒྱབ་མ་མྱོང་། དོན་ལ། དམའ་འབྲིང་སློབ་མཐར་ཕྱིན་ཏེ་སྟབས་མ་འགྲིག་པར་འབྲིང་རིམ་ཆེད་ལས་སློབ་གྲྭར་རྒྱུགས་མ་འཕྲོད་པའི་དུས་དེར། ད་གཟོད་ལམ་ཞེས་པ་དེར་བསམ་བློ་བཏང་བ་ཞིག་གོ །

རེབ་དེར་རྨ་ལྷོ་མི་རིགས་འབྲིང་རིམ་དགེ་འོས་སློབ་གྲྭར་གཅན་ཚའི་ཕྱོགས་ནས་སློབ་མ་བདུན་ལས་མ་བསྡུས་པས། ཁོ་བོ་སྐར་མ་གཉིས་ཀྱིས་ཆད་དེ་རྨ་དགེ་སློབ་གྲྭར་འགྲོ་བའི་སྐལ་བ་ཆད། དེ་དུས་མ་ཡུམ་སློབ་གྲྭ་ནས་དགེ་རྒན་འགས་བོས་ཏེ་གཅན་ཚར་མཐོ་འབྲིང་འགྲིམ་པར་སྐུལ་ཞིང་། བཙུགས་ནས་དུས་ཡུན་རིང་བོ་འགོར་མེད་པའི་རྨ་ལྷོ་མི་རིགས་མཐོ་རིམ་སློབ་འབྲིང་ནས་ཀྱང་སློབ་བསྡུའི་བརྡ་ཐོ་འབྱོར། ཅང་མ་འགོར་བར། རྨ་ལྷོ་འཕྲོད་སྟེན་སློབ་གྲྭས་ཀྱང་ཡོང་འདོད་ཡོད་ན་ཆོག་ཅིག་པའི་བརྡ་ཡིག་འབྱོར་སོང་། སྔ་མ་ནི་རང་ཉིད་དུས་ཡུན་ལོ་ངོ་གསུམ་ལ་བསྡད་པའི་སློབ་གྲྭ་ཡིན་པས་དགེ་རྒན་འདང་ཆེན་སྐོར་ཞིག་ཡོད་ཅིང་། ཕྱི་མ་ནི་རྒྱལ་ཁབ་ཀྱི་ལས་བྱེད་པར་འགྱུར་ཤ་སྟག་པའི་སློབ་གྲྭ་ཡིན་པས་འགུག་ཤུགས་ཆེ། སྐབས་དེར་ངས་གཞི་ནས་རང་ཉིད་ཀྱི་མ་འོངས་པ་ཞེས་པ་འདིར་བསམ་བློ་བཏང་བ་ཡིན་ཞིང་། སློབ་ཆེན་ཞེས་པ་དེར་ཡང་རྒྱུས་ལོན་བྱས་པ་ཡིན་ལ། འབྲིང་རིམ་ཆེད་ལས་དང་སློབ་ཆེན་དངོས་གཞི་ཞེས་པ་གཉིས་ལ་ཡང་ཐོག་མའི་བསྡུར་བ་བྱས། མཇུག་མཐར། ངས་སེམས་ཐག་གཙང་བཅད་ཀྱིས་མཐོ་འབྲིང་འགྲིམས་ཏེ་སློབ་ཆེན་པ་བྱ་རྒྱུའི་འདམ་ག་བྱས་པ་ཡིན་ཞིང་། འགྲོ་ཡུལ་ཡང་། ཕ་ཡུལ་དང་ཁད་རིང་བའི་རེབ་གོང་རོང་བོ་ཡུལ་གྱི་རྨ་ལྷོ་མི་རིགས་མཐོ་རིམ་སློབ་འབྲིང་བདམས།

ང་རང་རྨ་ལྷོ་མི་རིགས་མཐོ་རིམ་སློབ་འབྲིང་གི་སྒོ་ཐེམ་འགྲིམས་དུས་ནི་སྤྱི་ལོ1995ལོ་ཡིན། གསར་བ་གསར་རྐྱང་གི་སློབ་གྲྭའི་ཁོར་ཡུག་དང་སློབ་ཁྲིད་ཀྱི་བྱང་ཚད་མཐོ་བའི་དགེ་རྒན་གྱི་དཔུང་སྡེ་དེས། དུས་ཡུན་ཐུང་ངུའི་ནང་ཁོ་བོ་ཚུད་པའི་སློབ་གྲོགས་གང་མང་ཞིག་མགྱོགས་མྱུར་ངང་འཚར་སྐྱེད་བྱུང་། དེའང་སློབ་གྲྭ་དེར་ཐོན་པ་ན་བོད་ཡིག་མ་གཏོགས་པའི་བསླབ་གཞི་ཁག་རྒྱ་ཡིག་རྒྱ་སྐད་ཀྱིས་ཁྲིད་པས་ཐོག་མའི་སྐབས་ལ་དཀའ་ཁག་ཕྲན་ཙམ་བྱུང་མོད། དུས་ཡུན་ཟླ་ངོ་གཅིག་གཉིས་ཕྱིན་མཚམས་ལོབས་པར་གྱུར་ཏེ་སྤྲོ་བའི་འདུན་པ་ཆུས་བསྣུབས་པའི་ཚུལ་ནི་མ་བྱུང་། ཆེད་ལས་ཤེས་བྱས་འདང་ཚེ་སྐད་ཡིག་ཕྱོགས་འགྱུར་བྱེད་པ་དེ་གནད་དོན་ཞིག་མིན་པའི་ངེས་ཤེས་ཀྱང་སྐབས་དེའི་རང་ངོས་ནས་མངོན་སུམ་དུ་སྐྱེས། ཤེས་བྱའི་ཐང་ཡངས་ངང་གིས་གཅོད་པའི་སློབ་ར་གསར་བའི་ཁོར་ཡུག་དེས། ང་ལ་རང་བདག་རང་གཅུན་གྱི་ནུས་པ་རང་བཞིན་གྱིས་འཛོམས་པར་བྱས་པར་མ་ཟད། སློབ་ཆེན་ལ་མྱུར་མོར་སོང་ན་སྙམ་པའི་འདོད་བློའང་བསྟུད་མར་བྱུང་སྟེ། དོན་དེ་འཛིན་བདག་དགེ་རྒན་ལའང་ཞིབ་ཏུ་ཞུས། ཁོ་བོའི་དགེ་རྒན་མཆོག་ནས་མཐོ་འབྲིང་དང་པོ་ནི་རྨང་གཞིའི་དུས་ཡིན་པས་རྨང་གཞི་འཇོག་པ་ལས་གལ་ཆེ་བ་མེད་ཅིང་། གལ་ཏེ་སློབ་ཆེན་ལ་རྒྱུགས་སྤྲོད་འདོད་ཡོད་ན། མཐོ་འབྲིང་གཉིས་པའི་དུས་ལ་ཁོང་གིས་རོགས་བྱས་ཏེ་སྤྲད་ཆོག་པའི་བསླབ་བྱ་ཡིད་ཀྱི་མུན་སེལ་གནང་བྱུང་སྟབས། སེམས་ཤུགས་སྔར་ལས་ཆེ་བ་བྱུང་སྟེ་མཐོ་འབྲིང་ལོ་རིམ་གཉིས་པ་དང་གསུམ་པའི་བསླབ་གཞི་ཁག་རང་སྦྱོང་གིས་སློབ་པའི་ལམ་དུ་ཞུགས། ནམ་ཡང་ཡིད་ནས་ཡལ་ཐབས་བྲལ་བ་ནི། གཟའ་མཇུག་དང་མཚན་མོའི་གློག་སྒྲོན་འོག་ཏུ་ཁོ་བོ་གཅིག་པུས་ཁུ་སིམ་གྱི་ལྷིང་འཇགས་དཀྲོགས་པའི་དུས་སྐབས་རེ་རེ་ཡིན་ཞིང་། དུས་སྐབས་དེ་དག་ལེགས་པར་སྤྱད་པ་ལས། རྫས་འགྱུར་དང་དངོས་ལུགས་མ་གཏོགས་པའི་མཐོ་འབྲིང་གི་བསླབ་དེབ་ཁག་རང་སྦྱོང་ལྟ་བུས་ཐེངས་གཅིག་སྦྱངས་ནས་ཚར། གྲངས་རིག་གི་རྩིས་གཞི་རེ་རེ་ཤོག་ངོར་བརྩིས་ཤིང་སྤྱི་འགྲོས་རེ་རེ་བློ་འཛིན་སྐྱོར་སྦྱོང་བྱས་པ་ནི་བརྗེད་ག་ལ་ཐུབ་སྟེ། དེབ་བཞིའི་བདག་ཉིད་ཅན་གྱི་གྲངས་རིག་བསླབ་གཞི་དེ་ཕྲན་གྱིས་ཐེངས་གཉིས་ལ་ནག་རིས་གདོང་འདེད་ཀྱིས་ཞིབ་སྦྱོང་བྱས་མྱོང་།

མཐོ་འབྲིང་ལོ་རིམ་དང་པོའི་སྐབས་བཀླགས་མྱོང་ཞིང་ཕྲན་ལ་བག་ཆགས་ཆེས་ཟབ་མོ་བཞག་པའི་དཔེ་དེབ་ནི། འབྲོང་བུ་ཚེ་རིང་རྡོ་རྗེ་ལགས་ནས་མཛད་པའི《སྣ་ཚོགས་གངས་རིའི་ཁྲོད་ཀྱི་བསམ་གཞིགས》བྱ་བ་དང་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུམ་རྩོམ་པོད་གསུམ་མ་དེ་གཉིས་ཡིན་ཞིང་། དེབ་དེ་གཉིས་ལ་བལྟས་པ་ལས། ཁོ་བོས་མིའི་རིགས་ཀྱི་བསམ་གཞིག་གི་ཁ་དོག་རིམ་གྱིས་ཚོར་ཅིང་ཤེས་པའི་ཞིང་སའི་འཚོ་བཅུད་ཀྱང་དལ་གྱིས་མྱངས། ཕྱིས་ཀྱི་ཤེས་པའི་བཤུལ་ལམ་རིང་མོར་ཡང་། དེབ་འདི་གཉིས་ཀྱིས་བསྩལ་བའི་དགེ་ཕན་ནི་དཔག་དཀའ་བ་ཞིག་གོ། །

མཐོ་འབྲིང་ལོ་རིམ་དང་པོའི་སློབ་སྐབས་གཉིས་པའི་དུས་དཀྱིལ་དུ། ཁོ་བོ་ཟ་འཕྲུག་ལངས་པ་ལྟ་བུའི་སྡོད་བཟོད་མེད་པའི་ཚོར་བས་སྐུལ་ཏེ། སློབ་ཆེན་ལ་ཚོད་ལྟའི་རྒྱུགས་ཡིག་སྤྲོད་པའི་འདོད་འདུན་ཤུགས་དྲག་བྱུང་སྟབས། འཛིན་བདག་ལ་གསང་སྟེ་དེ་སྔའི་གཅན་ཚ་རྫོང་མི་རིགས་སློབ་འབྲིང་དམའ་འབྲིང་འཛིན་བདག་གི་རོགས་རམ་འོག གཅན་ཚ་མི་རིགས་སློབ་འབྲིང་གི་མིང་ཐོག་ནས་སློབ་ཆེན་ལ་རྒྱུགས་སྤྲད། དོན་ལ། དེ་ཉིད་ཚོད་ལྟའི་ལག་ལེན་ཁོ་ན་ཙམ་དུ་བསམ་པའི་དབང་གིས། ང་ལ་དེ་འདྲའི་གནོན་ཤུགས་ནི་མ་བྱུང་ཞིང་། ཚོད་ལྟ་དེ་ཉིད་ལེགས་པར་གྲུབ་པ་ལས། ཕྱིས་སུ་བྱ་བའི་འགག་སྒོ་གང་ལ་འཕྲད་ཀྱང་ཁོ་བོས་ཚོད་ལྟའི་སེམས་ཁམས་ཁོ་ནར་བརྟེན་ཏེ་གདོང་གཏད་པ་ཡིན།

ལས་བཟང་བ་ལ། སློབ་ཆེན་གྱི་རྒྱུགས་ཚད་བདེ་བླག་གིས་ལོན་སོང་ཞིང་། རྒྱུགས་འབྲས་ཀྱང་། ལོ་དེའི་ཡར་སྔོན་གྱི་གཅན་ཚའི་ཟིན་ཐོ་ལས་བརྒལ་བ་བྱུང་བའི་སྟེང་། རྨ་ལྷོ་ཁུལ་གྱི་ཨང་རིམ་གསུམ་པ་དང་མཚོ་སྔོན་ཞིང་ཆེན་གྱི་ཨང་རིམ་བདུན་པའི་ནང་དུ་ཚུད། དེ་ནི་ང་ལ་མཚོན་ན་བསམ་ཡུལ་ལས་འདས་པ་ཞིག་ཡིན་ལ། ཁོ་བོའི་འཛིན་བདག་དྲིན་ཅན་དེར་མཚོན་ནའང་། ཁོང་གི་བློ་ཡུལ་ལ་དཔག་མ་ཐུབ་པ་ཞིག་རེད། ཁོང་གིས་ཆེད་དུ་ང་ལ་སྐད་བཏང་འོངས་ཏེ། སྐར་གྲངས་ལྟར་ན་ཀྲུང་དབྱང་མི་རིགས་སློབ་ཆེན་གདམ་པའི་ཚད་གཞི་ལོན་འདུག་པས་ངེས་པར་དེ་ཉིད་འདེམ་རོགས་ཞེས་གསུངས་བསྩལ། འོན་ཀྱང་ང་ནི་གཅིག་ན་རེ་འདོད་རེའུ་མིག་སྐོང་བའི་སྐབས་ལ་མཛུབ་སྟོན་བྱེད་མི་མེད་པ་དང་། གཉིས་ན་སེམས་ནང་དངངས་འཚབ་ཀྱང་ཕྲན་བུ་བྱུང་བ་ལྟ་བུས། རེ་འདོད་རེའུ་མིག་ཁ་སྐོང་དུས་གནད་དོན་ཕྲན་བུ་བཟོས་པའམ་ཅི་ཞིག་སྟེ། གང་ལྟར་སློབ་བསྡུའི་བརྡ་སྦྱོར་འབྱོར་དུས་རང་གིས་གདམ་ཀ་བྱས་མེད་པའི་མཚོ་སྔོན་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ཞེས་པ་དེ་རེད་འདུག ཚུལ་དེས་ང་རང་ལ་བློ་ཕམ་ཆེན་པོ་བྱུང་དུ་བཅུག་སོང་ཞིང་། ཡང་བསྐྱར་ཕྱིར་མཐོ་འབྲིང་ལ་ལོག་རྒྱུ་ལས་འོས་མི་འདུག་སྙམ་པའང་བྱུང་།

ང་རང་མཚོ་སྔོན་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭར་འགྲིམས་དགོས་བྱུང་བ་ནི་དོན་ལ་ཁོ་བོའི་སྤོ་བོ་ལགས་ལ་རག་ལས་ཡོད། ངས་ཕྱིར་མཐོ་འབྲིང་དུ་ལོག་རྒྱུའི་དྲན་ཚུལ་བརྗོད་མ་ཐག ཁོ་བོའི་སྤོ་བོ་ལགས་ནས་བཀའ་བཀྱོན་ཆེན་པོ་གནང་སོང་ཞིང་། ཁོང་གི་དགོངས་པར། སློབ་གྲྭ་གང་ཡིན་རུང་ཆོག་གི གཙོ་བོ་སློབ་མཐར་ཕྱིན་རྗེས་བྱ་བའི་ལས་རྐང་ལ་ཞུགས་ཐུབ་པ་ཞིག་ཡིན་ན་འགྲིག་འདུག་བསམ་བཞིན་ཡོད་ལ། དགོངས་ཚུལ་དེས་རྐྱེན་བྱས་ཏེ། ཕ་ལགས་ལ་ལས་བཅོལ་གྱིས་ང་རང་བཙན་གྱིས་སློབ་གྲྭ་དེར་བརྫངས་པ་རེད།

དང་ཐོག ང་རང་ཆ་རྒྱུས་མེད་ཅིང་མོས་པར་མ་མཐུན་པའི་སློབ་གྲྭ་དེ་ལྟ་བུ་ཞིག་ཏུ་བསླེབས་པས་སློབ་སྦྱོང་གི་འདུན་པ་ཞི་བའི་ཚུལ་གྱིས་ལུས་ཤིང་། ཆབ་ཆ་ཞེས་པའི་བོད་ཤར་ཕྱོགས་ཀྱི་གྲོང་བརྡལ་ཆུང་ངུ་དེའི་ཧ་ཅང་སྟབས་བདེ་དྲགས་ལ་མི་གྲངས་ཉུང་ཞིང་གྲོང་ཁྱེར་ཆེན་པོའི་དྲི་ཙམ་ཡང་མི་བྲོ་བའི་སློབ་གླིང་དེས་སེམས་ལ་ཆུ་འཁྱག་བྱོ་འདྲའི་ཚོར་བ་བྱིན། ད་ནི་གནས་ཚུལ་ལ་བལྟ་ཞོར་འགྲོ་རྒྱུ་ལས་འོས་མི་འདུག་སྙམ་ཞིང་། ངེས་པར་དགོས་ངེས་ཀྱི་འཚོ་བའི་ཡོ་བྱད་ཁག་ཀྱང་། སློབ་འགོ་བརྩམས་ནས་ཉིན་མང་པོའི་བར་གཏན་ནས་མ་ཉོས།

མི་ཚེའི་ཁ་ཕྱོགས་ནི་སྐབས་རེར་དུས་ཚོད་ཐུང་ངུའི་ནང་འགྱུར་འགྲོ་ཞེས་ན་མང་མང་གིས་རྣར་འགྲོ་དཀའ་མོད། ང་ལ་མཚོན་ན་དངོས་གནས་དེ་འདྲ་ཞིག་སྟེ། སློབ་གླིང་དེར་དམག་སྦྱོང་གི་འཚོ་བ་བརྒྱུད་རིམ་གྱིས་རྒྱུས་ལོན་བྱས་ཤིང་དངོས་སུ་ཆེད་ལས་སློབ་ཁྲིད་ཀྱི་འགོ་བརྩམས་པ་ན། བདག་གི་ཡི་ཆད་ཀྱི་ན་བུན་དེ་མ་ཁད་དུ་སངས་སོང་ཞིང་། ཁྱད་ཆོས་ཀྱིས་ཕྱུག་ཅིང་བརྗོད་པ་གཙང་ལ་བསམ་བློའི་ལྟ་བ་འདྲ་མིན་གྱིས་ཁྱབ་པའི་སློབ་ཆེན་དགེ་རྒན་དེ་དག་གི་སློབ་ཐུན་ཐོག་མ་དག་བརྒྱུད་པ་ལས། ང་ནི་མཚམས་རེར་སྤྲོ་ཞིང་ལན་རེར་མཚར་ལ་དེ་ནས་སྤོབས་པ་རྒྱས་ཏེ་སློབ་སྦྱོང་ཞེས་པར་བསྐྱར་དུ་གོ་བ་རྙེད་པར་གྱུར། ཆེད་ལས་བསླབ་ཚན་མི་འདྲ་བའི་སློབ་ཁྲིད་རེ་རེ་རིག་གནས་ཀྱི་གསོལ་སྟོན་མི་འདྲ་བར་ཞུགས་པའི་མྱོང་སྣང་ངོ་མ་བྱིན་འདྲ་ཞིག་སྐབས་དེ་ནས་བྱུང་ལ། མི་ཚེའི་བགྲོད་ལམ་གྱི་ཐེམ་སྐས་ངོ་མའི་རྡོག་པའང་དེ་ནས་ད་གཟོད་ཤེས་ནས་སྤོས། སློབ་གླིང་དེར་བཟུང་བའི་ལྟ་ཚུལ་ཉིན་མོ་རེ་རེ་སོང་བ་དང་བསྟུན་ནས་འགྱུར་ལྡོག་བྱུང་ཞིང་། མཚན་མོ་རེ་རེའི་བསམ་གཞིག་ལས་དབྱིབས་དང་ཁ་དོག་སྣ་ཚོགས་རྙེད།

ཁོ་བོའི་ཉམས་སྣང་ལ། ཀུན་གྱིས་པཎ་ཆེན་སློབ་གླིང་ཞེས་འབོད་པའི་སློབ་གླིང་དེར་ཡོད་དུས་ཀྱི་དགེ་རྒན་ཚོ་ནི་སེམས་ཤུགས་ཀྱིས་ཀུན་ནས་ཁེངས་པའི་རིག་གནས་དཔུང་སྡེ་ཆེན་པོ་ཞིག་ཏུ་འདུག་ཅིང་། ཁོང་ཚོའི་ཐུན་མིན་གྱི་བརྟག་གཞིག་དང་ལྷག་བསམ་གྱི་སྤོབས་པ། ཡོད་ཚད་སློབ་བུའི་ཆེད་བསྟིམས་པའི་ཕུགས་བསམ་རྨ་མེད་པ་དེས། ངེད་ཅག་དུས་སྐབས་དེའི་སློབ་བུ་དག་གི་ངར་སེམས་ཀྱང་མེ་རུ་སྦར་བ་རེད། ངས་ནམ་རྒྱུན་ཕྱིན་དྲན་བྱེད་སྐབས་ཚོར་ནུས་པ་ནི། དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུ་བའི་དྲོད་མ་ཡལ་ཞིང་གསོན་ཤུགས་ཀྱིས་ཁེངས་པའི་མཚོ་སྔོན་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ཞེས་པ་དེའི་རིག་གནས་ཁ་དབུགས་ཡིན་ཞིང་། དུས་ད་ལྟ་ལ་ཐུག་གི་བར་དུ། སློབ་གླིང་དེས་ཁོ་བོར་བསྩལ་བའི་སེམས་ཤུགས་དང་མི་རིགས་ཀྱི་ཤེས་རིག་ལ་ཐོབ་ཏུ་བཅུག་པའི་ཡིད་ཆེས་ནི་གང་གིས་ཀྱང་འཇོམས་ཐབས་བྲལ། ཁོར་ཡུག་དེ་ལྟ་བུ་ཞིག་ལས་འཚར་སྐྱེད་བྱུང་བའི་བརྒྱུད་རིམ་གྱིས། ང་ཡི་རིག་གཞུང་གི་མི་ཚེར་སྐྱ་ཐིག་འབྲི་བའི་འགོ་ཡང་གཞི་ནས་བརྩམས།

སློབ་གླིང་དེ་སྐབས་དེར་ཆེད་ཚན་རིམ་པའི་བསླབ་རིམ་དུ་གནས་ཡོད་ཀྱང་། དོན་ལ་དུས་དེའི་མི་རིགས་སློབ་ཆེན་ཁག་གི་དངོས་གཞི་ཚན་པའི་སྒྲིག་གཞི་དང་གཅིག་པར་ཡོད་ལ། དུས་ཡུན་ཡང་མ་གཞིའི་ལོ་ངོ་གསུམ་ཡུན་བསྲིངས་ཏེ་ལོ་ངོ་བཞི་ཡི་བསླབ་དུས་སུ་གཏན་འཁེལ་བྱས་ཡོད། སློབ་སྦྱོང་གི་འགན་ཁུར་ལྕི་ཞིང་འབྲས་བུར་དཔག་སྟེ་སློབ་རིམ་འཕར་བའམ་སློབ་རིམ་ཕབ་པའི་སྒྲིག་ལམ་ནན་མོ་རྣོ་ལྕགས་ལྟ་བུ་ཞིག་གཏན་ལ་ཕབ་ཡོད་སྟབས། དེ་དུས་དེང་སང་གི་སློབ་ཆེན་པ་ནང་བཞིན་དོན་གཞན་ལ་མགོ་གཡེང་བའི་དུས་ཚོད་ནི་མེད། ངེད་འཛིན་གྲྭར་མཚོན་ནའང་། ལོ་ངོ་བཞི་ཡི་དུས་ཡུན་བརྒྱུད་སློབ་མཐར་ཕྱིན་པའི་སྐབས་སུ་ཐོན་པ་ན། དང་ཐོག་གི་མི་སོ་གཉིས་ནས་བཅུ་དགུ་ལས་མ་ལྷག་ཅིང་། དེའང་སློབ་རིམ་ཕབ་པའམ་ཕྱིར་འབུད་བཏང་སྟེ་ཇེ་ཉུང་དུ་སོང་བ་ཞིག་གོ། །

དཔེ་མཛོད་ཁང་ནི་ང་རང་གི་གཟའ་མཇུག་དང་མཚན་མོའི་དུས་ཚོད་བེད་སྤྱོད་སའི་གནས་ཆེས་ལེགས་ཤོས་དེ་ཡིན། ནམ་རྒྱུན་གཟའ་མཇུག་གི་དུས་ཐོན་ཞིང་མཚན་མོའི་རྩིས་བཤེར་མཇུག་རྫོགས་པ་ན། ང་སློབ་གྲྭའི་དཔེ་མཛོད་ཁང་དང་མཚོ་ལྷོའི་མང་ཚོགས་སྒྱུ་རྩལ་དཔེ་མཛོད་ཁང་དུ་འཛུལ་རྐྱང་བྱས་ཏེ་བསྡད་པ་ཡིན་ཞིང་། ད་ལྟ་བསམ་ན། མཚོ་ལྷོའི་མང་ཚོགས་སྒྱུ་རྩལ་དཔེ་མཛོད་ཁང་གི་དྲོ་ལ་བདེ་འབོལ་བའི་རྐུབ་སྟེགས་དེ་ནམ་ཡང་བརྗེད་ཐབས་བྲལ། ངས་རྒྱུན་པར་མལ་ཁང་ནས་བསླབ་ཕྱིའི་འབྲེལ་ཡོད་བསྟན་བཅོས་བཀླགས་ཤིང་སློབ་ཁང་ནས་བསླབ་གཞི་གཙོར་བཟུང་བ་ཡིན་ལ། དཔེ་མཛོད་ཁང་དུ་ང་རང་ཆེས་བཀླག་སྤྲོ་བའི་དཔེ་དེབ་ནི་སྣ་ཁ་མང་ལ་གྱ་ནོམ་པའི་རིག་གཞུང་དུས་དེབ་དེ་དག་ཡིན། ངས《བོད་ལྗོངས་ཞིབ་འཇུག》ནས《ཀྲུང་གོའི་བོད་རིག་པ》བཀླགས་ཤིང་། 《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》ནས《ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》བཀླགས། 《རྩོམ་རིག་དང་ལོ་རྒྱུས། མཚན་ཉིད་རིག་པ》(《文史哲》)བྱ་བའི་རྒྱ་ཡིག་གི་རིག་གཞུང་དུས་དེབ་སྐད་གྲགས་ཅན་དེའང་སྐབས་དེར་བཀླགས་པ་ཡིན། 《སྦྲང་ཆར》དང《གངས་རྒྱན་མེ་ཏོག》ལྟ་བུའི་བོད་ཀྱི་རྩོམ་རིག་ཐད་ཀྱི་དུས་དེབ་དང་ཚགས་པར་དག་ནི། ཧ་ལམ་རེ་རེ་བཞིན་མ་ཤོར་བར་བཀླགས་ཏེ་མ་བལྟས་པའི་དེབ་ཅིག་རྙེད་དཀའ་བའི་ཚོད་དུ་བསླེབས། དྲང་མོར་བཤད་ན། དཔྱད་རྩོམ་མང་ཤོས་ཤིག་དང་ལྷག་པར་རྒྱ་ཡིག་གི་དཔྱད་རྩོམ་གང་མང་ཞིག་ཀློག་ཀྱིན་པ་དངོས་གནས་ཡིན་རུང་། དུས་དེར་ནང་དོན་ཧྲིལ་གྱིས་ལེན་པའི་སྟོབས་ནི་གང་ན་ཡོད་དེ། གོ་བ་ལམ་ཙམ་རྙེད་པ་དེའོ། །དེ་ལྟ་ནའང་། ཁོ་བོའི་རིག་གཞུང་བརྩམས་ཆོས་ཀློག་པའི་གོམས་སྲོལ་དེར་བར་ཆད་བྱུང་མྱོང་མེད།

དེ་དང་མཐུན་པར། ཁོ་བོའི་རྩོམ་རིག་གསར་རྩོམ་གྱི་ལམ་བུ་དངོས་ཀྱང་སློབ་གླིང་དེར་ཚུགས་པ་ཡིན་ཞིང་། སྙན་ངག་གཙོས་པའི་བརྩམས་ཆོས་སྐོར་ཞིག་བར་མ་ཆད་པར་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སྣ་ཚོགས་སྟེང་སྤེལ། 《རྨེ་རུ། ང་ལམ་ལ་ཆས་ས》ཞེས་པ་ནི་ངས་གཞུང་འབྲེལ་ཚགས་ཤོག་སྟེང་སྤེལ་བའི་རྩོམ་ཡིག་ཐོག་མ་བོ་ཡིན་ཞིང་། དེ་དུས་ཀྱི་དགའ་བ་དང་སྤྲོ་སྣང་བརྗོད་མི་ཤེས་པ་དེ་ང་དང་སློབ་གྲོགས་རྩོམ་དགའ་དེ་ཚོས་ད་གཟོད་ཤེས། སློབ་གླིང་དུ《སྐར་ཚོམ》བྱ་བའི་སྙན་ངག་ཚགས་པར་ཞིག་ཡོད་པ་ནི་ང་ཚོའི་རྩོམ་རིག་གི་ཞིང་ས་གཤིན་པོ་ཞིག་ཏུ་གྱུར་ཡོད་ལ། ང་རང་ཡང་ཚགས་པར་དེའི་རྩོམ་པ་པོ་ནས་རྩོམ་སྒྲིག་པ་དང་དེ་ནས་གཙོ་སྒྲིག་པ་རུ་གྱུར་བའི་གོ་རིམ་བརྒྱུད་མྱོང་ཡོད། 《ཞོགས་གསར》ཞེས་པ་དེ་ནི་ངེད་འཛིན་གྲྭས་གཙོ་སྒྲུབ་ཀྱིས་བཏོན་པའི་རྩོམ་རིག་ཚགས་པར་ཡིན་ཞིང་གཙོ་བོ་ང་དང་རྩོམ་གྲོགས་པདྨ་རིག་འཛིན་གཉིས་ཀྱིས་ལོ་ངོ་བཞི་ལ་གཉེར། དེ་མིན། རྒྱ་ཡིག་དགེ་རྒན་ལགས་ནས་མཛུབ་སྟོན་གནང་བ་བཞིན་ང་དང་སློབ་གྲོགས་འགས《ཁ་བའི་གངས་བུ》(《雪蕾》)བྱ་བའི་རྒྱ་ཡིག་གི་རྩོམ་རིག་ཚགས་པར་ཞིག་ཀྱང་བཏོན་པ་དེང་སང་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གིས་སྔར་མུས་བསྐྱངས་ཏེ་གཉེར་གྱིན་ཡོད། ད་ལྟ་བསམ་ན། སྐབས་དེ་ནི་རྩོམ་རིག་གི་དུས་རབས་དང་སློབ་གླིང་གི་སྐར་ཆེན་དག་ཀྱང་སློབ་གླིང་རྩོམ་རིག་པ་དག་གོ། །ངའི་རྩོམ་རིག་གི་ངར་ཤུགས་བསྐྱེད་པའི་རྐྱེན་གཞན་ཞིག་ནི། སྤྱི་ལོ1998ལོ་ཙམ་ལ《མཚོ་སྔོན་ཁྲིམས་ལུགས་ཚགས་པར》ཁང་གིས་སྤེལ་བའི་སྙན་ངག་འགྲན་བསྡུར་ཅིག་ཡིན་ཏེ། དེའི་སྟེང་ཁོ་བོའི་སྙན་ངག་གཉིས་ལ་བྱ་དགའ་ཐོབ་པའི་སྟེང་། གཅིག་ལ་ཨང་གཉིས་པའི་མིང་ཐོབ་རེག་སྟེ་སྙན་ངག་པ་ཞི་བདེ་ཉི་མ་དང་ལྷན་དུ་བྱ་དགའི་བདག་རྐྱེན་ཐོབ་སྟབས། རང་གི་འཇོན་ཐང་ལ་རང་ཉིད་ཡིད་ཚིམས་པའི་སྦལ་བ་ན་ཁུང་གི་དཔེར་སོང་། དེ་ལྟ་ནའང་། ང་རང་གི་རྩོམ་རིག་རྩོམ་འབྲིའི་ལག་ལེན་ལ་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན་པ་ནི་དོན་དངོས་སོ། །

སྙན་ངག་བྲིས་ཤིང་རིག་གཞུང་བརྩམས་ཆོས་བཀླགས་པའི་རྗེས་ལ། ངས་གཞི་ནས་དཔྱད་རྩོམ་བྱ་བའི་ལས་ཀ་ལྗིད་མོ་དེ་པང་དུ་ལེན་འདོད་སྐྱེས། ལོ་གཉིས་པར། ངས་རང་གིས་བལྟས་པའི་དཔྱད་རྩོམ་དག་ལ་ལད་མོ་ཡིས《གླིང་སྒྲུང་གི་དབྱངས་རྟའི་སྐོར་ལ་དཔྱད་པ》ཞེས་པའི་ཕྲན་གྱི་མི་ཚེའི་ཁྲོད་ཀྱི་རིག་གཞུང་དཔྱད་རྩོམ་ཐོག་མ་དེ་བྲིས། དཔྱད་རྩོམ་དེ་དགེ་བའི་བཤེས་གཉེན་དམ་པ་གུ་རུ་རྒྱལ་མཆོག་ལ་སྤྱན་བསྟར་ཞུས་པ་ན། ཁོང་དགའ་མགུས་ཁེངས་ཏེ་ཁོ་བོར་སྐུལ་ལྕག་གི་ངར་བླུད་ཅིང་། འབྲེལ་ཡོད་དཔྱད་ཡིག་འཚོལ་རོགས་དང་བཅོས་འབྲི་མཛུབ་སྟོན་གྱིས་རྫོགས་པར་བགྱིས་པ་མ་ཟད། ཁོང་གི་སྐུ་དྲིན་ལ་བརྟེན་ནས་དཔྱད་རྩོམ་དེ་སྤྱི་ལོ1998ལོའི《མཚོ་སྔོན་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་རིག་གཞུང་དུས་དེབ》བོད་ཡིག་མའི་སྟེང་སྤེལ། དེ་ནི་ང་ལ་མཚོན་ན་རིག་གཞུང་གི་ལམ་བུ་སྙེག་པའི་ལམ་ཚད་རྡོ་རིང་ཞིག་ཡིན་ཏེ། དེ་ནས་བཟུང་། ང་ནི་རིག་གཞུང་གི་ལམ་བུའི་སྟེང་ཕྱིར་མི་ལྡོག་པའི་སློང་མོ་བ་དེར་གྱུར། དེར་མཐུད་ནས། ཁོ་བོས་ཡང་བསྐྱར《གླིང་སྒྲུང<བདུད་ལེའུ>ལས་མངོན་པའི་བོད་ཀྱི་ཤེར་རྟོགས་རིག་པའི་སྣང་ཚུལ》ཞེས་པའི་དཔྱད་རྩོམ་ཞིག་བྲིས་ཤིང་། དེ་ཉིད་སྤོབས་པ་བསྐྱེད་དེ《བོད་ལྗོངས་ཞིབ་འཇུག》དུས་དེབ་དུ་བསྐུར་བར། སྤྱི་ལོ1999ལོར་དངོས་སུ་སྤེལ་ཐུབ་པ་བྱུང་སྟེ་ཁོ་བོ་ནི་བོད་ཀྱི་སློབ་གྲྭ་ཆེན་མོའི་ནང་རིམ་པ་མཐོ་བའི་རིག་གཞུང་དུས་དེབ་སྟེང་དཔྱད་རྩོམ་སྤེལ་མཁན་ཆེས་ཐོག་མའི་སློབ་ཆེན་པར་གྱུར། གལ་ཏེ་སློབ་གྲྭ་ཆེན་མོའི་དུས་སུ་གཞན་ལ་ངོམ་དུ་རི་བ་ཞིག་སྟོན་དགོས་ན་ནི། དོན་འདི་དང་ལོ་ངོ་བཞིའི་རིང་རྒྱུན་མཐུད་པའི་ཨང་དང་པོའི་བསླབ་འབྲས་དེའོ། །

ང་ལ་རང་གི་ཁྱད་ཆོས་སམ་ནུས་པ་ཞིག་ཡོད་པ་ནི། བློ་རྣལ་ལ་ཕབ་སྟེ་བཀླག་པའི་དེབ་ཅིག་ཡིན་ཕྱིན་ཐེངས་གཅིག་གིས་ཆོག་ཅིང་། དེ་ཉིད་བློ་ཡི་ཡོལ་གོ་ལས་ཕྱིར་འབོ་བའི་སྐབས་ཀྱང་མེད། དེའི་སྟབས་ལས། སློབ་གྲོགས་ཚོའང་ཡ་མཚར་ཏེ་ངའི་མིང་ལ“གློག་ཀླད”ཅེས་བཏགས་ཤིང་། དོན་ནི་ཀླད་པར་བླུགས་པ་གང་ཞིག་ནམ་དགོས་དུས་ཅི་འདོད་དུ་བླངས་ཆོག་པ་དེའོ། །དྲང་མོར་བཤད་ན། བཀླག་ཚད་མི་བརྗེད་པའི་གཟུངས་ཤིག་གང་ན་ཡོད་དེ། གཙོ་བོ་གང་བཀླག་པ་དེ་ཉིད་རང་གི་གོ་བའི་སྟོབས་ཀྱིས་རང་ལ་བདག་པའི་ཤེས་བྱར་བྱས་པ་དེ་ཁོ་ན་ལས་གཞན་ཅི།

གང་ལྟར། སློབ་ཆེན་གྱི་སྐབས་སུ་ང་ལ་རང་གི་ཁ་ཕྱོགས་གསལ་ལེ་བ་ཞིག་ཡོད་ཅིང་། ཕུགས་བསམ་ཡིད་སྤྲོ་བ་ཞིག་ཡོད་ལ། བྲེལ་ཟིང་དང་ཉེན་འཚབ་འདུ་ཤེས་ཀྱིས་ཁེངས་པའི་སློབ་གཉེར་ཀྱི་བརྒྱུད་རིམ་ཆ་ཚང་ཞིག་ཀྱང་ཡོད། འདི་ནི་མི་ཞིག་ལ་མཚོན་ན་ཤེས་པའི་རྒྱུ་ནོམ་གྱ་ནོམ་པ་ཞིག་ཅི་ལ་མིན་ཏེ། རང་གི་ལམ་ཁ་རང་གིས་བདམས་པའི་ལམ་བུ་ཕྲ་ལ་རིང་བ་དེའོ། ། སློབ་ཆེན་མཐར་ཕྱིན་རྗེས། ང་རང་བཀོད་སྒྲིག་བཞིན་ཕྱིར་ཕ་ཡུལ་གཅན་ཚའི་པང་དུ་ལོག དུས་དེར་ང་ལ་བསམ་རྒྱུ་གཅིག་ལས་མེད་དེ། དེ་ནི་དེ་སྔ་ཀྲུང་དབྱང་མི་རིགས་སློབ་ཆེན་འགྲིམས་པའི་གོ་སྐབས་ཤོར་བ་སླར་འཕྲོག་རྒྱུ་དེ་ཡིན། དོན་དེ་ངས་སློབ་ཆེན་སྐབས་ལ་ཐེངས་གཅིག་མིན་པར་སློབ་གྲོགས་འདང་ཆེན་ཁག་ཅིག་ལའང་ལབ་མྱོང་ཡོད། དམིགས་ཡུལ་དེའི་ཆེད་ཁོ་བོས་ཐབས་ཤེས་གང་མང་བརྒྱུད་དེ་སློབ་ཆེན་དེའི་ཞིབ་འཇུག་སློབ་མའི་ཆེད་ལས་ལ་རྒྱུས་ལོན་བྱས་ཤིང་། ངོ་ཚ་སྤངས་ཏེ་ཚགས་ཤོག་ཅིག་ལས་པེ་ཅིང་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མའི་རྒྱུགས་ལེན་གསབ་སྦྱོང་ལྟེ་གནས་ཤིག་མཐོང་བར་ཡི་གེ་སྤྲིངས་ཤིང་རིན་མེད་རྒྱུ་ཆ་བསླངས། གཅན་ཚ་རྫོང་དོ་རྒྱ་ཡུལ་ཚོ་ཤ་ངུར་གདོང་སློབ་ཆུང་དུ་བྱ་བའི་ལས་རྐང་ལ་ཞུགས་ནས་དུས་ཡུན་རིང་བོ་མ་འགོར་བར། སྤྱི་ལོ2002ལོར་ཁོ་བོས་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་རབ་འབྱམས་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་སོང་ལ། སློབ་གླིང་དེའི་ཞིབ་འཇུག་ཚན་པར་ཐེངས་དང་པོར་སློབ་གྲྭ་ཕྱི་ནས་རྒྱུགས་སྤྲད་དེ་འཕྲོད་པའི་ཞིབ་འཇུག་སློབ་མ་གཉིས་ཀྱི་ཅིག་ཤོས་སུ་གྱུར།

པེ་ཅིང་གི་སློབ་གཉེར་ཁོར་ཡུག་ནི་གཞན་དང་ཅི་ནས་འདྲ་སྟེ། དེར་ཀྲུང་གོའི་རིག་གཞུང་ལས་རིགས་ཀྱི་མཁས་དགུ་གང་ཡོད་འཛོམས་ཡོད་པའི་སྟེང་། སློབ་ཆེན་སོ་སོའི་རིག་གཞུང་ཁོར་ཡུག་གི་གནས་བབ་ཀྱང་ཉམས་དགའ་ལ་ཡིད་སྤྲོ་བ་ཞིག་ལགས་ཤིང་། ཁོ་བོ་ཡོད་སའི་ཀྲུང་དབྱང་མི་རིགས་སློབ་ཆེན་ལ་མཚོན་ནའང་། ཀྲུང་གོའི་མི་རིགས་རིག་པ་དང་མིའི་རིགས་རིག་པ་ལྟ་བུ་མི་རིགས་དང་འབྲེལ་ཡོད་རིག་ཚན་གྱི་རྟེན་གཞི་རུ་གྱུར་ཡོད་ལ། མི་རིགས་རིག་གནས་ཀྱི་ཁ་དབུགས་ནི་པེ་ཅིང་གི་སློབ་ཆེན་གཞན་གང་གིས་ཀྱང་དོ་ཟླར་མི་ཡོང་། དེར་མ་ཟད། སློབ་གྲྭ་དེའི་ཆགས་གནས་ཡུལ་དབུས་སུ་གྱུར་ཞིང་། ཀྲུང་གོའི་རྒྱལ་གཉེར་དཔེ་མཛོད་ཁང་ཡང་གོམ་པ་འགའི་མཚམས་ཀྱི་ལྷོ་ཕྱོགས་སུ་ཆགས་ཡོད་པར་བརྟེན། དུས་ཚོད་གང་ཡོད་ལ་རང་གི་མོས་པ་བཞིན་དཔེ་མཛོད་ཁང་དེར་ཕྱིན་ཏེ་ཤེས་བྱའི་གཟིངས་ཆེན་ལ་ཅི་དགར་འཇུག་པར་བྱས་ཆོག

ཞིབ་འཇུག་ཆེད་ལས་གདམ་པའི་སྐབས་ལ། སྤྱིར་ན་དང་ཐོག་རྩོམ་རིག་ཁ་ཕྱོགས་ཀྱི་ཆེད་ལས་དེ་འདེམ་རྩིས་ཡོད་མོད། གཞན་གྱི་འོས་སྐུལ་ལ་བརྟེན་ནས་ཡིག་རྙིང་ཆེད་ལས་དེ་བདམས། དེས་ཁོ་བོའི་དམིགས་འབེན་ཁ་ཕྱོགས་ལ་ཚད་རིམ་དགུ་བཅུའི་འགྱུར་བ་འབྱུང་དུ་བཅུག་སྟེ། སྐབས་དེ་ནས་བཟུང་། ང་རང་རྩོམ་རིག་ལ་དགའ་ཞིང་དེ་ཉིད་དོན་གཉེར་བྱེད་པ་ཞིག་ནས་ཡིག་རྙིང་དང་ལོ་རྒྱུས་ལ་རྒྱུས་ལོན་བྱེད་ཅིང་དེར་ཚོད་ལྟས་འཇུག་པའི་ཤེས་པ་འཚོལ་མཁན་ཞིག་ཏུ་གྱུར། ལོ་ཟླའི་དུས་ཡུན་རིམ་གྱིས་འདས་པ་དང་། ངས་རང་སྟེང་ནས་གསར་རྙེད་ཆེན་པོ་ཞིག་བྱུང་བ་ནི། མ་གཞིར་རང་གི་དགའ་ཁ་མོས་པ་དང་ཁྱད་ཆོས་ངོ་མ་དེ་ལོ་རྒྱུས་ཀྱི་ཐད་ན་ཡོད་ལུགས་ཤེས་རྟོགས་བྱུང་བ་དེའོ། །ཕྱིར་དྲན་བགྱིས་ཚེ། དེ་སྔ་ལོ་རྒྱུས་སྐོར་དང་གཏམ་རྒྱུད་སྐོར་ལ་མོས་པ་ཆེ་བ་དེ་གནད་འདིས་ཡིན་འདུག་ཅིང་། དོན་རྐྱེན་དང་གནད་དོན་ལ་དབྱེ་ཞིབ་འདོར་ལེན་དང་ལྟ་སྟངས་འདྲ་མིན་བྱུང་བའང་དོན་འདིས་རེད་འདུག དྲང་མོར་བརྗོད་ན། མི་ཞིག་གི་མི་ཚེའི་ཁ་ཕྱོགས་རྙེད་རྒྱུ་དེ་འདི་བཞིན་དུས་ཡུན་རིང་བོ་བརྒྱུད་དགོས་པ་འདུག་ལ། རྒྱུན་རིང་བོའི་ཚོད་ལྟ་དང་ཟམ་མ་ཆད་པའི་ལག་ལེན་ལས་དངོས་སུ་རྙེད་རྒྱུ་ཞིག་ཡིན་འདུག དེ་ལྟ་མ་གཏོགས། ངའི་རིག་གཞུང་གི་ཁ་ཕྱོགས་འདི་ཡང་ལམ་མ་རྙེད་པའི་བར་དོ་ན་འཁོར་གྱིན་ཡོད་ངེས་པ་ཅི་ལ་མི་རྟོགས།

ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཐོན་ཏེ་སློབ་གཉེར་བྱེད་པའི་སྐབས་དཀའ་ངལ་ཆེན་པོ་ཞིག་ལ་འཕྲད་པ་ནི། དབྱིན་ཡིག་གི་སློབ་སྦྱོང་སྟེ། སྐབས་དེར་སློབ་གྲྭས་ཞིབ་འཇུག་སློབ་མ་གང་ཡིན་ཚང་མས་ཕྱི་སྐད་ཀྱི་ཚད་གཞི་དེ་པེ་ཅིང་ས་ཆའི་ཞིབ་འཇུག་སློབ་མའི་གཅིག་གྱུར་གྱི་ཕྱི་སྐད་བསླབ་གནས་རྒྱུགས་གཞིའི་རེ་བར་ཐོན་དགོས་ཤིང་། དེ་ལྟ་མིན་ཚེ་ཞིབ་འཇུག་སློབ་མའི་མཐར་ཕྱིན་འཛིན་ཡིག་ཡོད་རུང་བསླབ་གནས་དཔང་ཡིག་མེད་པའི་སྒྲིག་སྲོལ་གསར་བ་གཏན་ལ་འཁེལ་ཡོད་པས་སོ། །དེ་འདྲའི་རེ་བ་ནན་མོས་སྐུལ་བ་ལས། ཁོ་བོ་ཐབས་ཟད་དེ་ལོ་རིམ་དང་པོའི་ཆེད་ལས་སློབ་སྦྱོང་གི་དུས་རིམ་མཇུག་རྫོགས་པ་དང་། པེ་ཅིང་ཕྱི་རྒྱལ་སྐད་ཡིག་སློབ་གྲྭ་ཆེན་མོའི་དབྱིན་ཡིག་སློབ་གླིང་དུ་དབྱིན་ཡིག་སློབ་སྦྱོང་ལ་ཕྱིན་པ་ཡིན་ཞིང་། ལོ་ངོ་གཅིག་ཏག་ཏག་ལ། སློབ་གླིང་དེའི་ཟབ་སྦྱོང་ཚན་པར་ཉིན་རེའི་ཐུན་བདུན་རིང་གི་དབྱིན་སྐད་སློབ་ཁྲིད་ལ་ཉན་པ་ཡིན། སློབ་སྦྱོང་ཐེངས་དེས་ངའི་དབྱིན་ཡིག་གི་ཆུ་ཚད་ལ་མཐོར་འདེགས་ཆེན་པོ་བྱུང་སོང་ཞིང་། གོང་སྨོས་རྒྱུགས་ཡིག་དེ་ཅུང་སྟབས་བདེ་སྒོས་འཕྲོད་སོང་བའི་སྟེང་། ཕྱིས་སུ་འབུམ་རམས་པའི་ཕྱི་ཡིག་སྐར་གྲངས་ཀྱང་སློབ་སྦྱོང་ཐེངས་དེའི་རྩོལ་བ་ལས་གེགས་མེད་བདེ་བླག་གིས་བླངས། དྲང་མོར་བཤད་ན། པེ་ཅིང་དུ་སློབ་གཉེར་བྱེད་རིང་གི་དུས་ཚོད་མང་ཆེ་ཤོས་ནི་དབྱིན་སྐད་སློབ་སྦྱོང་ལ་བཀོལ་བ་ཡིན་ཞིང་། དབྱིན་ཡིག་ནི་ཉིན་རེའི་ཟས་ཐུན་བཞིན་རང་གི་མིག་ངོར་བསྣར་བསྣར་ལ་འདུག་ཏུ་བཅུག དེ་ལས་གཞན། རྒྱ་ཡིག་གི་ཆུ་ཚད་ཀྱང་ལོ་ངོ་གསུམ་པོ་དེའི་རིང་ཡར་སྐྱེད་ཆེན་པོ་བྱུང་། ངའི་སྔོན་གྱི་རྒྱ་ཡིག་ཆུ་ཚད་ནི་ལྟ་ཤེས་པ་དེ་ཡིན་རུང་། པེ་ཅིང་དུ་སྡོད་རིང་རྒྱ་ཡིག་གི་རྩོམ་འབྲིའི་ནུས་པ་ཡར་འཕགས་ཏེ་ལྟ་ཤེས་ཤིང་བཀོལ་ནུས་པ་ཞིག་བྱུང་།

པེ་ཅིང་དུ་སློབ་སྦྱོང་བྱེད་རིང་ང་ལ་ཐོབ་པའི་འབྲས་བུ་ཆེས་ཆེ་བ་དེ་གང་ཡིན་ཞེ་ན། དེ་ནི་ངའི་བསམ་བློར་སྔ་ན་མེད་པའི་སྒུལ་སྐྱོམ་བྱུང་ཞིང་དཔེ་ཀློག་གི་མིག་ལ་དོགས་དཔྱོད་དང་རིག་གཞུང་གི་ཁ་དོག་བསྒོས་པ་དེ་ཡིན། ཤེས་དཔལ་འཛོམས་པའི་ཁ་དབུགས་གསར་བས་རང་ལ་སྔ་ན་མེད་པའི་ཡིད་ཆེས་ཐོབ་ཅིང་། བསམ་བློའི་བརྒལ་བརྟག་གི་མེ་ལྕེ་འཚུབ་པའི་རིག་གཞུང་འཆད་ཁྲིད་མི་འདྲ་བས་ཡར་སྔོན་མེད་པའི་བློ་སྐྱེད་བྱུང་ལ། ཡུལ་གཞན་དུ་མཐོང་དཀོན་པའི་དཔེ་དེབ་དང་རིག་གཞུང་གི་བརྡ་འཕྲིན་མང་བོས་ཁོ་བོའི་མཐོང་ཐོས་ཀྱི་མིག་ཡངས་པོར་ཕྱེ། ང་རང་གི་རིག་གཞུང་གི་ལམ་བུ་ངོ་མའང་འདི་ནས་བཟུང་བརྐྱངས་པ་ཡིན་ཞིང་། བོད་ཀྱི་ཤེས་རིག་ལ་སྤྱི་ཁོག་ནས་བསམ་བློ་གཏོང་ཞིང་རིག་གཞུང་གི་བདེན་ཐུབ་རྣམ་འགྱུར་གྱིས་དཔྱད་དཔོག་གཏོང་བའི་སྒྲུབ་སྟངས་ཀྱང་། དོན་ལ་པེ་ཅིང་གི་ལོ་ཟླས་གོམས་སུ་བཅུག པེ་ཅིང་གི་ལོ་ཟླ་འདི་དག་གིས། བདག་ལ་ཉེན་འཚབ་ཀྱི་ཚོར་བ་ཞིག་རྒྱུན་མར་འབྱུང་དུ་འཇུག་ལ། ཉེན་འཚབ་འདུ་ཤེས་དེས་རྐྱེན་བྱས་ཏེ། དམིགས་ཡུལ་ཡོད་ལ་རང་རྟོགས་སྒོས་ཐབས་ཇུས་འཚོལ་བའི་སློབ་སྦྱོང་བྱེད་སྟངས་ཤིག་རང་བཞིན་གྱིས་ཆགས། དཔེར་ན་སྔོན་ཆད་ལྟ་བུར་མོས་པ་ཡོད་པའི་དེབ་ཅིག་ཡིན་ཚེ་མཁོ་མིན་ལ་མི་བལྟ་བར་བམ་ཀློག་གམ་ཞིབ་ཀློག་གང་ལྟར་བལྟས་ནས་ཚར་དུ་འཇུག་པ་ཡིན་མོད། སྐབས་ཤིག་ནས་བཟུང་། ངས་དཔེ་དེབ་འདྲ་མིན་སྣ་ཚོགས་མཐོང་ཐེངས་རེར་ཐོག་མར་རང་གི་རིག་གཞུང་ཁ་ཕྱོགས་ལ་འབྲེལ་མིན་ཐག་གིས་གཅོད་ཅིང་། དེ་ནས་བཀླག་ན་དགོས་པ་ཡོད་མེད་དང་རང་ལ་ཕན་སྐྱེད་ཅི་འདྲ་འབྱུང་མིན་ནས་དཔག་སྟེ་ཀློག་པའི་སྲོལ་ཅིག་ཆགས། སྙན་ངག་དང་སྒྲུང་གཏམ་ལྟ་བུའི་སྔོན་ཆད་ཆེས་ཀློག་སྤྲོ་བའི་རྩོམ་རིག་བརྩམས་ཆོས་དག་ཀྱང་། ཀློག་པའི་སེམས་པ་བྱུང་བའི་སྐད་ཅིག་མར་དེས་རང་གི་རིག་གཞུང་ལམ་བུར་ཤེས་ནུས་ཅི་ཞིག་སྩོལ་བའི་ཚུལ་ལ་བསམ་པར་བྱེད་ཅིང་། སེམས་བྱུང་དེས། རྩོམ་རིག་བརྩམས་ཆོས་ཕལ་མོ་ཆེ་བཀླག་པར་གྱུར་ཚེ་དུས་ཚོད་ཆུད་ཟོས་སུ་གཏོང་གིན་མེད་དམ་སྙམ་པའི་བློ་ནི་ནར་མར་སྐྱེས་འོངས། དེ་ལྟར་ང་རང་རིམ་གྱིས་རྩོམ་རིག་དང་ཁ་ཐག་རིང་དུ་ཕྱིན་ཅིང་། རྩོམ་རིག་དེ་ཀུན་སྐྱོབ་ཀྱི་རིལ་བུར་བལྟ་བའི་སྔོན་གྱི་བློ་ལའང་འགྱུར་ལྡོག་ཆེན་པོ་བྱུང་། དེ་ལྟ་ནའང་། བོད་ཀྱི་རིག་གནས་ཀྱི་བབ་ལ་དཔྱོད་བློས་བོད་ཀྱི་རྩོམ་རིག་ལ་དོ་སྣང་བྱེད་པའི་སྲོལ་ནི་ད་ལྟའི་བར་ཉམས་མེད་ལ། སྙན་ངག་འབྲི་བ་ལྟ་བུ་རང་ཉིད་སྤྲོ་བའི་གསར་རྩོམ་གྱི་ལས་ཀ་དག་ཀྱང་ད་བར་དུ་ཆད་ཆད་མཐུད་མཐུད་ལ་འོངས། ང་ལ་མཚོན་ན། རྩོམ་རིག་ནི་རང་ཉིད་སྒེར་གྱི་ཚོར་བའི་འདུ་བྱེད་ལ་དམ་དུ་བརྒྱུས་པའི་ཡི་གེའི་རོལ་རྩེད་ཅིག་ལགས་ཤིང་། རོལ་རྩེད་དེ་མི་ཚེའི་འཚོ་བའི་ཁྲོད་རེས་གསལ་རེས་ཡིབ་ཀྱིས་མངོན་ཡོང་གི་འདུག་ལ། རིག་གཞུང་ནི་སྤྱི་བའི་ཤེས་རིག་གི་སྒྲོམ་གཞི་བཟོ་བའི་ལག་ལེན་དང་། ཤེས་པའི་སྤྱི་ཚོགས་གསར་འཛུགས་ཀྱི་ལམ་སྲོལ་ཁོ་ན་དེའོ་སྙམ་བཞིན་ཡོད།

ཁོ་བོས་བོད་ཀྱི་ཡིག་རྙིང་ལ་ཅུང་ཆ་ཚང་བར་རྒྱུས་ལོན་དང་དེར་འཇུག་པར་བྱས་པ་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཡིན། བོད་ཀྱི་ཡིག་རྙིང་དེ་ངའི་ཞིབ་འཇུག་ཁ་ཕྱོགས་ལ་བདམས་པར་བྱས་པ་ཡིས། རིག་ཚན་དེར་རང་བཞིན་གྱིས་དོན་གཉེར་བྱས་པ་ཡིན་ཞིང་། དེ་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་ཡིག་ཚང་རིག་པ་དང་ལོ་རྒྱུས་རིག་པ། ཆོས་ལུགས་རིག་པ། མི་རིགས་རིག་པ་སོགས་རིག་ཚན་གཞན་དག་འགའ་ཞིག་ལའང་ཐོས་སྐྱོར་བསླབ་སྦྱངས་མི་དམན་པ་བྱས་པ་ཡིས། བོད་ཀྱི་ཡིག་རྙིང་ལ་འཇུག་དུས་དཔྱོད་བྱེད་ཀྱི་ཐབས་ལ་ཁ་འཁོབ་ལག་འཁོབ་བྱེད་མི་དགོས་པར་གྱུར། གནའ་བོའི་ཡིག་ཆ་རྙིང་བ་དེ་དག་ལ་ཡང་དང་བསྐྱར་དུ་ཞིབ་ཀློག་བགྱིས་སྟབས། ང་ལ་ངེས་ཤེས་འདྲ་མིན་བྱུང་ཞིང་། དེ་དག་རང་གི་གོ་བའི་སྟོབས་དང་རིག་ལམ་གསར་བའི་སྣ་ལ་དྲངས་ཏེ་དཔྱད་རྩོམ་རེ་གཉིས་ཀྱང་སྤེལ། ཡིག་རྙིང་གི་ཐད་ནས་བརྗོད་ན། ངའི་མཛུབ་སྟོན་དགེ་རྒན་ཚེ་དབང་ལྷ་མོ་ལགས་ཀྱི་ཁྱོ་ག་རྒན་ཞུས་ལེ་ཧྭ་ལགས་དང་གོ་ཤུལ་གྲགས་པ་འབྱུང་གནས་རྣམ་གཉིས་ཀྱི་མཛུབ་ཁྲིད་དང་རོགས་རམ་ནི་ཕན་རླབས་ཆེན་པོར་སོང་ཞིང་། ངའི་ཡིག་རྙིང་རིག་པའི་ཆེས་ཐོག་མའི་རིག་ཚན་གྱི་འཇུག་སྒོ་གསར་བའང་ཁོང་གཉིས་ནས་ཕྱེ་བར་མཛད་པ་རེད། དེ་ལ་བརྟེན་ནས། ཞིབ་འཇུག་སློབ་མའི་མཐར་ཕྱིན་དཔྱད་རྩོམ་གྱི་དཔྱད་སྒོ་འབྱེད་པའི་སྙན་ཞུའི་སྟེང་ངས《བོད་ཀྱི་བརྡ་རྙིང་ཡིག་ཆ་རིག་པའི་སྐོར་གྱི་ཐོག་མའི་དཔྱད་པ》ཞེས་པ་དེ་ཁ་བྱང་ལ་གཏན་འཁེལ་བྱས་པ་ཡིན་ལ། ཕྱིས་སུ་དཔྱད་རྩོམ་དེ་རབ་འབྱམས་ཞིབ་འཇུག་སློབ་མའི་མཐར་ཕྱིན་དཔྱད་རྩོམ་དུ་རྩོད་རྒྱུགས་དམ་བཅར་ཕུལ་བ་ལ། བོད་ཀྱི་ཡིག་རྙིང་ཞིབ་འཇུག་ལོ་རྒྱུས་ཐོག་གི་ཡིག་རྙིང་རིག་པའི་གཞུང་ལུགས་ཞིབ་འཇུག་གི་ཆེད་རྩོམ་དང་བོར་གྱུར། དོན་ལ། དཔྱད་རྩོམ་དེས་ཁོ་བོའི་ཡིག་རྙིང་རིག་པའི་རིག་ཚན་འཛུགས་སྐྲུན་ལ་ཐོག་མའི་སྒོ་ཕྱེ་སོང་ཞིང་། ཕྱིས་ཀྱི་ཡིག་རྙིང་རིག་པའི་ལེ་ལག་མང་བོ་ཞིག་དཔྱད་རྩོམ་དེ་ལ་བརྟེན་ནས་བསམ་གཞིག་བཏང་ཞིང་ལེགས་པར་སྨིན།

ལོ་ངོ་གསུམ་གྱི་ཡིག་རྙིང་ཆེད་ལས་ཀྱི་སློབ་སྦྱོང་བརྒྱུད། ང་དང་བོད་ཀྱི་ཡིག་རྙིང་བར་ལ་གཅོད་ཐབས་མེད་པའི་འབྲེལ་བ་འདི་གྲུབ་སོང་ལ། བོད་ཀྱི་ཡིག་རྙིང་འདི་རང་གི་རིག་གཞུང་ཁ་ཕྱོགས་ཀྱི་དམིགས་འབེན་གཙོ་བོར་བྱེད་པའི་འདུན་པའང་རིམ་གྱིས་བྲག་ལ་བརྐོས། དེའི་རྐྱེན་ལས། སྤྱི་ལོ2005ལོར་ཞིབ་འཇུག་སློབ་མཐར་ཕྱིན་སྐབས་ཆེད་དུ་ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་ཏུན་ཧོང་བོད་ཀྱི་བརྡ་རྙིང་ཡིག་ཆ་རིག་པའི་ཆེད་ལས་ཀྱི་འབུམ་རམས་པའི་ཁ་ཕྱོགས་དམིགས་ཀྱིས་བདམས་ཏེ་རྒྱུགས་སྤྲད། ངས་ནུབ་བྱང་དམིགས་ཀྱིས་བདམས་པ་དེ་གཅིག་ན་ཡིག་རྙིང་ཆེད་ལས་ཀྱི་འབུམ་རམས་བསླབ་གནས་ལ་སློབ་གྲྭ་དེ་ག་ལས་མེད་པས་ཡིན་ལ། གཉིས་ན་ང་རང་གི་བསམ་པར་སློབ་གྲྭའི་རིག་གཞུང་ཁོར་ཡུག་བརྗེ་སྤོར་བྱེད་པ་འདི་དོན་གལ་ཆེན་ཞིག་ཏུ་བལྟས་པས་ཡིན།

ནུབ་བྱང་དུ་བསླེབས་རྗེས་ཕྲན་གྱི་དགེ་རྒན་དམ་པ་གཉའ་གོང་དཀོན་མཆོག་ཚེ་བརྟན་མཆོག་ལས་གནས་སྤར་ཏེ་ཀྲུང་ནན་མི་རིགས་སློབ་ཆེན་གྱི་སློབ་གཙོར་འགྲོ་དགོས་བྱུང་སྟབས། ཆེད་ལས་སློབ་ཁྲིད་ནི་གཙོ་བོ་ལོ་རྒྱུས་རིག་གནས་སློབ་གླིང་གི་བོད་ཀྱི་ལོ་རྒྱུས་ཆེད་མཁས་རྒན་ཚེ་རིང་ལགས་དང་། མཁས་པའི་དབང་བོ་དོར་ཞི་རིན་པོ་ཆེ་རྣམ་གཉིས་ཀྱིས་གཙོར་བཟུང་སྟེ་ཁྲིད་བསྐྱངས། རྒན་ཁ་སྒང་བཀྲ་ཤིས་ཚེ་རིང་ལགས་ནས་ཡིག་རྙིང་ཐད་ཀྱི་མཛུབ་སྟོན་དང་རེ་དོགས་གཅོད་གྲོགས་བགྱིས་པའི་སྐབས་ཀྱང་མང་དུ་བྱུང་། ནུབ་བྱང་མི་རིགས་སློབ་ཆེན་དུ་སྡོད་རིང་། ཁོ་བོར་གོང་སྨོས་མཁས་པ་དག་གི་སློབ་ཁྲིད་ལམ་སྲོལ་ཙམ་མ་ཟད། ཁོང་པ་ཅག་གི་རིག་གཞུང་ཞིབ་འཇུག་གི་སྙིང་སྟོབས་དང་ཞིབ་འཇུག་གི་རྣམ་འགྱུར། ཞིབ་འཇུག་བྱེད་ཐབས་སོགས་ཀྱིས་ཀྱང་ཤུགས་རྐྱེན་དང་སྐུལ་མ་ཆེན་པོ་ཐེབས་ཤིང་། རིག་གཞུང་ཞིབ་འཇུག་བྱ་བའི་ལས་ཀར་ཧ་ཅང་གཟབ་ནན་གྱིས་བལྟ་བའི་གོམས་སྲོལ་ཡང་སློབ་གྲྭ་དེ་གར་ད་གཟོད་བརྟན་པོར་ཆགས། ལྷག་པར། རྒན་ཚེ་རིང་ལགས་ཀྱི་ཞིབ་ལ་ནན་པའི་སློབ་ཁྲིད་དང་ཞིབ་འཇུག་གི་སློབ་སྟོན་དེས་བདག་ལ་དུས་ཡུན་ཐུང་ངུའི་ནང་ཡར་སྐྱེད་ཆེན་པོ་བྱུང་ཞིང་། སྐབས་དེའི་ཞིབ་འཇུག་གི་འབྲས་བུ་ཕལ་ཆེར་ཡང་ཧ་ལམ་ཁོང་གི་ཤུགས་རྐྱེན་ལས་མ་འདས། ང་རང་གི་སློབ་སྦྱོང་དང་ཞིབ་འཇུག་ལ་རམ་འདེགས་ཆེན་པོ་བྱུང་བར་བྱས་པའི་དོན་ཞིག་ནི། སློབ་གྲྭ་དེར་ཐོན་ནས་ཅུང་མ་འགོར་བར་རྒྱལ་ཕྱིའི་མི་རིགས་ཡིག་ཚང་ཞིབ་འཇུག་ཁང་བཙུགས་ཤིང་དེའི་ཞིབ་འཇུག་ལས་ཀ་དངོས་ཀྱི་ཁྲོད་ཞུགས་ཏེ་ཏུན་ཧོང་ཡིག་རྙིང་ལ་ཕྱོགས་ཡོངས་ནས་དག་སྒྲིག་དང་དཀར་ཆག་སྒྲིག་སྦྱོར་བྱས་པ་དེ་ཡིན་ཞིང་། ལས་ཀ་དེ་ཁོ་བོ་སློབ་མཐར་ཕྱིན་པའི་བར་མུ་བསྐྱངས་ཏེ་སྒྲུབ་པ་ཡིས། བོད་ཀྱི་ཡིག་རྙིང་འདི་ལ་སྔར་ལས་ལྷག་པའི་གོ་བ་ཟབ་མོ་རྙེད་པར་གྱུར། ངེད་རང་ཞུགས་ཏེ་དག་སྒྲིག་དང་དཀར་ཆག་སྒྲིག་སྦྱོར་བྱས་པའི་ཡིག་ཚང་ཁག་ཕྱིས་སུ་རིམ་པར་ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་ནས་པོད་བསྒྲིགས་ཏེ་པར་བསྐྲུན་ཞུས་ཡོད་ལ། རྨང་གཞིའི་རྒྱུ་ཆ་དག་སྒྲིག་གི་བྱ་བ་འདི་རིག་གཞུང་ཞིབ་འཇུག་གི་ལས་རིམ་ཁྲོད་རྩ་ཆེན་པོར་སོང་བའི་རྒྱུ་རྐྱེན་ཡང་དེ་ནས་ད་གཟོད་ཡང་དག་ཏུ་ཚོར།

ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལས། ངས་རང་གི་འབད་པ་བྱ་ཡུལ་དེ་གཙོ་བོ་ལོ་རྒྱུས་རིག་པ་དང་ཆོས་ལུགས་རིག་པའི་རིག་ཚན་ཁྱབ་ཁོངས་ཟུང་འབྲེལ་གྱི་ལམ་བུ་ཞིག་ཏུ་བལྟས་པ་ཡིན་ཞིང་། དེ་གཉིས་ལ་འབྲེལ་བའི་གཞུང་ལུགས་དང་ཐབས་ཤེས་སྐོར་གྱི་ཆེད་དེབ་དང་དཔྱད་རྩོམ་ལ་ཟུར་ལྟ་སློབ་སྦྱོང་ཡང་རྒྱུན་རིང་བྱས་པ་ཡིན། ལྷག་པར། དེང་རབས་ནུབ་ཕྱོགས་པའི་རིག་གཞུང་ལེ་ལག་མང་བོ་ཞིག་ཞིབ་འཇུག་གི་བྱེད་ཐབས་སྨྲ་བའི་ངོས་ནས་ངོས་འཛིན་བྱས་ཏེ་སློབ་སྦྱོང་བེད་སྤྱོད་བྱེད་པའི་སྦྱོར་བའང་། སྐབས་དེའི་གཞུང་ལུགས་གསར་བ་སློབ་སྦྱོང་གི་གོ་རིམ་ལས་རིམ་གྱིས་ཤེས་རྟོགས་བྱུང་།

ལོ་ངོ་གཉིས་ཀྱི་དུས་ཡུན་སྤྱད་དེ་བྲིས་པའི《བོད་བཙན་པོའི་རྒྱལ་རབས་ཀྱི་ཆབ་སྲིད་ལམ་ལུགས་ཞིབ་འཇུག》བྱ་བའི་འབུམ་རམས་པའི་མཐར་ཕྱིན་ཆེད་རྩོམ་དེ་ནི་ཁོ་བོས་ད་ལྟའི་བར་བྲིས་པའི་ཅུང་ཟད་ཡིད་ཚིམས་པའི་ཞིབ་འཇུག་དཔྱད་འབྲས་ཤིག་ལགས་ལ། ཆེད་རྩོམ་དེ་ཕྱིས་སུ་ལྕགས་པར་དུ་བསྡེབས་ཏེ་པར་བསྐྲུན་བྱས་པ་ལ། རིག་གཞུང་ལས་རིགས་སྟེང་གདེང་འཇོག་ཀྱང་ཆེན་པོ་བྱུང་སྟེ། བོད་བཙན་པོའི་རྒྱལ་རབས་ཀྱི་ཆབ་སྲིད་ལམ་ལུགས་ལ་ཆ་ཚང་གིས་དཔྱོད་པའི་ཆེད་རྩོམ་ཐོག་མ་བོར་གྱུར།

སློབ་མཐར་ཕྱིན་རྗེས། ང་རང་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་ཏུ་བྱ་བའི་ལས་རྐང་ལ་ཞུགས་པ་ཡིན། སློབ་ཆེན་སློབ་ཁྲིད་ཀྱི་བྱ་བའི་ལག་ལེན་དངོས་ལ་ཞུགས་པ་ལས། གཞུང་ལུགས་སློབ་སྦྱོང་གི་གོ་བ་གཏིང་ཟབ་ཏུ་ཕྱིན་པའི་སྟེང་། བྱེ་བྲག་སློབ་ཁྲིད་དང་ཞིབ་འཇུག་ཐད་ལ་སྔར་ལས་ལྷག་པའི་བསམ་གཞིག་གཏོང་སྟངས་ཤིག་དང་ལག་ལེན་གྱི་སྦྱོར་བ་ཞིག་བྱུང་། འདི་ནི་ང་ལ་མཚོན་ན་ཚོད་ལྟ་དང་ལག་ལེན་ནས་གཞུང་ལུགས་གསར་གཏོད་ཀྱི་ལམ་དུ་ཞུགས་པའི་གོ་སྐབས་ཆེས་ཡག་ཤོས་དེ་ཀྱང་རེད་འདུག

སློབ་ཆེན་དུ་སློབ་ཁྲིད་དང་ཞིབ་འཇུག་གི་ལས་ཀ་སྒྲུབ་པ་ནི་ལས་སླ་མོ་ཞིག་ག་ལ་ཡིན་ཏེ། སློབ་ཁྲིད་དང་ཞིབ་འཇུག་གི་ལས་ཀ་གཉིས་པོ་ཇི་ལྟར་ཟུང་འབྲེལ་བྱ་རྒྱུ་ཁོ་ནའི་ཐད་ནས་བརྗོད་ནའང་། དུས་ཡུན་རིང་བོའི་ལག་ལེན་མ་བརྒྱུད་ཚེ་ཐག་གཅོད་ཐབས་ཤེས་ཡག་པོ་ཞིག་རྙེད་དཀའ། ངས་ནི་སློབ་ཁྲིད་དང་ཞིབ་འཇུག་གི་ལས་ཀ་འདི་རིག་ཚན་ཁ་ཕྱོགས་ནས་བཟུང་སྟེ་ཟུང་འབྲེལ་དུ་སྤྱད་པ་ཡིན་ཏེ། ཁྲིད་པར་བྱ་བ་གང་ཡིན་ཞིབ་འཇུག་གི་ལས་སྒོའང་དེ་ལས་འདའ་རུ་མི་འཇུག་ཅིང་། ཞིབ་འཇུག་བྱས་པ་གང་ཞིག་སློབ་ཁྲིད་དུ་བེད་སྤྱོད་ཚོད་ལྟའང་མྱུར་མོར་བྱས་པ་ཡིན། དོན་ལ། སློབ་ཁྲིད་ནི་ཤེས་བྱ་མཁོ་སྤྲོད་དང་གསར་གཏོད་ནུས་པ་སྐྱེད་སྲིང་གི་གཅིག་འདུས་ཅན་ཞིག་ཡིན་ཞིང་། ཤེས་བྱ་མཁོ་སྤྲོད་ཀྱི་ཞོར་ལ་སློབ་མའི་གསར་གཏོད་ནུས་པ་དང་བསམ་གཞིག་ནུས་པ་སྐྱེད་སྲིད་བྱེད་པ་ལ། དགེ་རྒན་གྱི་ཞིབ་འཇུག་གསར་གཏོད་ནི་མེད་ཐབས་མེད་དོ། །ཞིབ་འཇུག་མེད་པའི་སློབ་ཁྲིད་ལ་ནང་དོན་གསར་བས་དབུལ་ངེས་པ་ཆོས་ཉིད་ཡིན་ཞིང་། སློབ་ཁྲིད་ཀྱི་ལག་ལེན་མེད་པའི་ཞིབ་འཇུག་ལ་གཞུང་ལུགས་ཀྱི་ཉམས་སད་ཐེག་དཀའ་བའང་དོན་དངོས་ཡིན་པ་འདི། ཁོ་བོས་སློབ་ཁྲིད་དང་ཞིབ་འཇུག་ཟུང་འབྲེལ་དུ་སྤྱད་པའི་ཐབས་ལས་ཡང་དག་པར་ཤེས་རྟོགས་བྱུང་།

སློབ་ཆེན་གྱི་བྱ་བའི་ལས་རྐང་སྟེང་ཞུགས་རྗེས་གཙོ་བོར་བོད་ཀྱི་ལོ་རྒྱུས་དང་ཡིག་རྙིང་། རིག་གནས་ལོ་རྒྱུས་སོགས་ཐད་ཀྱི་བསླབ་ཚན་སློབ་ཁྲིད་བྱས་པ་ཡིན་ཞིང་། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ཡང་བོད་ཀྱི་ལོ་རྒྱུས་དང་ལོ་རྒྱུས་ཡིག་ཚང་། ཆོས་ལུགས་ལོ་རྒྱུས་སྐོར་བཅས་སུ་གཞོལ་བ་ཡིན། ང་རང་ཡོད་སའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་ནི་བོད་ཀྱི་ཤེས་རིག་སློབ་སའི་ལྟེ་བ་ཞིག་ཏུ་གྱུར་ཡོད་པའི་དབང་གིས། བོད་ཀྱི་ཤེས་རིག་སྐོར་ཅུང་ཟད་འཐུས་ཚང་གིས་སློབ་ཁྲིད་བྱེད་བཞིན་ཡོད་མོད། ཆེད་ལས་སྒྲིག་བཀོད་དང་སློབ་ཆེན་སྒྲིག་གཞིའི་རྐྱེན་ལས། རིག་ཚན་འཛུགས་སྐྲུན་དེ་གཙོ་བོར་སྐད་ཡིག་རྩོམ་རིག་ལས་ཆེན་པོར་འདའ་ཐུབ་ཀྱིན་མེད། ཁོ་བོ་ནི་ལོ་རྒྱུས་རིག་གཞུང་ལ་འཇུག་པ་ཅུང་ཟད་བྱས་ཁུལ་ཡིན་ཞིང་། སློབ་ཆེན་དུ་ཡང་དེ་ཉིད་གཙོར་བཟུང་གིས་ཁྲིད་སྐྱོང་གིན་ཡོད་པས་ན། རིག་ཚན་འཛུགས་སྐྲུན་ཕྱོགས་ནས་ཆེར་བསྐྱེད་དུས་བོད་ཡིག་སྡེ་ཁག་གི་རྨང་གཞིའི་ཆེད་ལས་སྒྲིག་བཀོད་དེ་ང་རང་གི་ཆེད་ལས་དང་དེ་འདྲ་མི་མཐུན་པའི་སྣང་བ་བྱུང་། ཅུང་མ་འགོར་བར། ངེད་སློབ་གྲྭའི་མི་གཞུང་སློབ་གླིང་ལོ་རྒྱུས་སྡེ་ཁག་གི་གཙོ་སྐྱོང་བས་ང་རང་བཙལ་འོངས་ཏེ། གཅིག་ན་ང་རང་གི་ཆེད་ལས་ལོ་རྒྱུས་སུ་གཞོལ་ཆེ་བ་དང་། གཉིས་ན་ཁོ་ཚོར་བོད་ཀྱི་ལོ་རྒྱུས་ཤེས་པའི་ཆེད་ལས་མི་སྣ་ཞིག་དགོས་པ་ལ་དམིགས་ཏེ་ང་ཁོང་ཚོའི་ཞིབ་འཇུག་དཔུང་སྡེ་ཁྲོད་ཞུགས་པའི་རེ་བ་བཏོན་བྱུང་། སྐབས་དེ་ནི་ངེད་སློབ་གྲྭས་ལོ་རྒྱུས་རིག་པའི་འབུམ་རམས་པའི་བསླབ་གནས་བརྩོན་ལེན་བྱེད་བཞིན་པའི་དུས་སུ་འཁེལ་སྟབས། སློབ་གྲྭ་གཞུང་ཕྱོགས་ནས་ལོ་རྒྱུས་རིག་པའི་རིག་ཚན་སྐོར་ལ་གཞོལ་ཤུགས་ཆེ་ཞིང་། ང་ཡང་ལམ་བུ་དེར་ངང་གིས་འགྲིག་པ་བཅས། སློབ་ཆེན་དུ་ཡོང་བའི་ལོ་གཉིས་པ་སྟེ་སྤྱི་ལོ2009ལོ་ནས་བཟུང་མི་གཞུང་སློབ་གླིང་གི་མདོ་དབུས་མཐོ་སྒང་མི་རིགས་ཆོས་ལུགས་དང་སྤྱི་ཚོགས་ལོ་རྒྱུས་ཞིབ་འཇུག་ལྟེ་གནས་སུ་ལས་ཞོར་ཞིབ་འཇུག་བགྱིས་པ་ཡིན། ལས་ཀ་དེས་རྐྱེན་བྱས་ཏེ། སྐབས་དེ་ཤེད་ནས་རྒྱ་ཡིག་གི་ལམ་ནས་བོད་ཀྱི་ལོ་རྒྱུས་སྐོར་ལ་ཞིབ་འཇུག་རྩོམ་ཡིག་འབྲི་བའི་འགོ་བརྩམས་ཤིང་། བོད་ཀྱི་ཡིག་ཆར་བརྟེན་ཏེ་རྒྱ་ཡིག་གི་ལམ་ནས་ལོ་རྒྱུས་རིག་གཞུང་གི་ཞིང་ས་ཆེན་པོར་རིམ་གྱིས་ཞུགས་པ་ལ། རང་ལ་ཡར་སྐྱེད་ཆེན་པོ་བྱུང་བའི་སྟེང་རྒྱ་ཡིག་མ་ལག་གི་བོད་རིག་པའི་ཞིབ་འཇུག་སྡེའི་མཁས་པ་འགའ་ཞིག་དང་རིག་གཞུང་བགྲོ་གླེང་ཡང་བྱུང་སྟེ། ཁོ་བོ་རང་ཉིད་དེ་ནས་བཟུང་བོད་རྒྱ་ཡིག་ཚང་ཞིབ་བསྡུར་དང་ཕན་ཚུན་ཁ་སྣོན་ཞིབ་འཇུག་བྱེད་པའི་ལམ་དུ་བསྐྱོད། ང་རང་གི་ངོས་ནས་བརྗོད་ན། ལས་འདི་དངོས་གནས་གལ་ཆེན་པོར་བསམ་བཞིན་ཡོད་དེ། དེང་སང་རྒྱ་རིགས་བོད་ཀྱི་རིག་གནས་དང་ལོ་རྒྱུས་སྐོར་ལ་ཞིབ་འཇུག་བྱེད་མཁན་དེ་དག་བོད་ཀྱི་སྐད་ཡིག་རིག་གནས་སྐོར་ལ་འདྲིས་ཆ་ཆེན་པོ་མེད་པ་དང་། བོད་རིགས་ཞིབ་འཇུག་པ་ཚོས་ཀྱང་། མ་གཞིར་རྒྱ་རིགས་ཞིབ་འཇུག་པའི་ཞིབ་འཇུག་འབྲས་བུ་དེ་འདྲ་དང་ལེན་བྱེད་བཞིན་མེད་པའི་སྟེང་། རྒྱ་ཡིག་གི་ཞིབ་འཇུག་འབྲས་བུར་ཟུར་ལྟ་དང་རྒྱུས་ལོན་ཡང་ཆེར་མི་བྱེད་པས་ན། ད་ལྟ་རིག་གཞུང་ལས་རིགས་སྟེང་གི་བོད་རྒྱ་མི་རིགས་གཉིས་པོའི་ཉམས་ཞིབ་པ་ཚོའི་ལྟ་དགོངས་ལ་བར་ཁྱད་ཆེན་པོ་འབྱུང་གིན་འདུག་ཅིང་། ཕན་ཚུན་རིག་གཞུང་བགྲོ་གླེང་གི་རྣམ་པ་མེད་པར་ཆགས་བཞིན་པའི་ཉམས་སྣང་སྟེར། གལ་ཏེ་སྣང་ཚུལ་འདི་ཆེ་རུ་རྒྱས་པ་ཡིན་ན། མ་འོངས་པའི་དུས་སུ་གནོད་བྱེད་གཙོ་བོ་ནི་སྔར་བཞིན་བོད་ཀྱི་ཤེས་རིག་ལ་འབབ་བོ། །དྲན་ཚུལ་འདིས་ང་རང་ནམ་ཡང་བདེ་ལ་འབབ་ཐབས་བྲལ་ཞིང་། མི་ནུས་བཞིན་དུ་བོད་ཡིག་དང་རྒྱ་ཡིག་ཡིག་ལམ་གཉིས་ནས་བོད་ཀྱི་ལོ་རྒྱུས་རིག་གཞུང་སྐོར་ལ་འཇུག་ཐབས་བྱེད་ཀྱིན་ཡོད། འོན་ཀྱང་། ང་རང་ངོས་ནས་བོད་རྒྱ་མི་རིགས་གཉིས་པོའི་ཡིག་རིགས་ལ་འཁོད་པའི་རྒྱུ་ཆ་ཁག་ཁ་གསབ་ཀྱིས་ཞིབ་འཇུག་བགྱི་བཞིན་པ་མ་གཏོགས། བོད་ཀྱི་རིག་གཞུང་མཚོན་པའི་བསྟན་བཅོས་ཁག་རྒྱ་ཡིག་ལྟ་བུར་བསྒྱུར་འཇོག་བྱེད་པའི་ལས་ལ་དེ་འདྲ་དགའ་བོ་མེད།

རིག་གཞུང་གི་ལམ་ཁ་ཇེ་ཡངས་དང་རང་གི་དམིགས་ཡུལ་ཇེ་གསལ་ཇེ་ཞིབ་ཏུ་སོང་བ་དང་བསྟུན། ངས་ཆེད་དམིགས་ཞིབ་འཇུག་ལ་དད་དོད་ཆེན་པོ་བྱས་པ་ཡིན་ཏེ། སྔ་ཕྱིར་འཆར་གཞི་ཡོད་པའི་སྒོ་ནས་བཙན་པོའི་རྒྱལ་རབས་ཀྱི་སྲིད་དོན་ལམ་ལུགས་དང་། བཙན་པོའི་རྒྱལ་རབས་དུས་ཀྱི་ལོ་རྒྱུས་ས་ཁམས། བོད་ཀྱི་ལོ་རྒྱུས་ཡིག་ཚང་རིག་པ། བོད་ཀྱི་ཡིག་རྙིང་རིག་པ་སོགས་ལ་ཉམས་ཞིབ་བྱེད་ཁུལ་བྱས་པ་ཡིན་ཞིང་། དེ་དག་ལ་འབྲེལ་བའི་རིག་གཞུང་དཔྱད་རྩོམ་དང་ཆེད་དེབ་ཁག་ཀྱང་རིམ་པར་ཐོན། དེ་ཡང་མདོ་ཁམས་ཡུལ་གྱི་བོད་མིའི་ལོ་རྒྱུས་རིག་གནས་སྐོར་དག་བོད་ཀྱི་ལོ་རྒྱུས་རིག་གཞུང་ཁྲོད་ཧ་ཅང་ཉམས་དམའ་བར་ཡོད་པའི་ཚུལ་ལ་དམིགས་ཏེ། སྤྱི་ལོ2010ལོར། ཁོ་བོས་ཧྲའན་ཞི་དགེ་འོས་སློབ་ཆེན་ནུབ་བྱང་མི་རིགས་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེན་མོ་དང་། ཀྲུང་གོའི་མི་རིགས་ལོ་རྒྱུས་ཀྱི་ཞིབ་འཇུག་པ་གྲགས་ཅན་ཀྲོའུ་ཝེ་ཀྲོ་ལགས་ཆེད་བཙལ་གྱིས་ཞིབ་འཇུག་སྙན་ཞུ་ཞིག་ཕུལ་བ་ཡིན་ཞིང་། ཁོང་གི་དགོངས་པ་འཁྲོལ་བར་བརྟེན་ནས་ལོ་དེར་ཧྲའན་ཞི་དགེ་འོས་སློབ་ཆེན་འཛམ་གླིང་ལོ་རྒྱུས་རིག་ཚན་གྱི་འབུམ་རམས་པ་ཕྱི་ཚར་གྱི་ཞིབ་འཇུག་རྟེན་གཞིར་འབུམ་རམས་ཕྱི་ཚར་བའི་ཞིབ་འཇུག་ལས་གཉེར་ལ་ཕྱིན་པ་ཡིན། སློབ་གྲྭ་དེར་ཡོད་རིང་ཕྲན་གྱིས་མདོ་ཁམས་བོད་རིགས་ཀྱི་བྱུང་འཕེལ་ལོ་རྒྱུས་སྐོར་ལ་དོ་སྣང་དང་ཞིབ་འཇུག་བྱས་པར་མ་ཟད། མདོ་ཁམས་བོད་ཁུལ་དང་བོད་དབུས་གཙང་བར་གྱི་འབྲེལ་བའི་སྐོར་ལའང་རྒྱུས་ལོན་ཉམས་ཞིབ་བྱས་པ་ཡིན་ཞིང་། ད་ལྟ་ད་དུང་མུ་མཐུད་ཞིབ་འཇུག་ལས་གཞི་འདིའི་མཇུག་སྐྱོང་གིན་ཡོད། སློབ་དཔོན་ཆེན་མོ་ཀྲོའུ་ཝེ་ཀྲོ་ལགས་ཀྱི་མདུན་སར་རིག་གཞུང་སྦྱོང་བརྡར་དང་སློབ་སྦྱོང་བྱས་པ་ལས། ང་ལ་སྔ་ན་མེད་པའི་ཞིབ་འཇུག་ཐད་ཀྱི་བློ་སྐྱེད་བྱུང་ཞིང་། ལོ་རྒྱུས་རིག་པ་དང་ཆོས་ལུགས་རིག་པའི་ཞིབ་འཇུག་ཐབས་ལམ་དང་ལག་ལེན་ཕྱོགས་ལ་སྦྱོང་བརྡར་ཆེན་པོ་ཐོབ། ལྷག་པར་སློབ་ཆེན་དེའི་རིག་གཞུང་ཁ་དབུགས་ཀྱིས་བསྐྱེད་ཅིང་བསྲིང་བ་ལ་བརྟེན། སློབ་ཆེན་རིག་གཞུང་གི་སྐོར་ལ་རང་ངོས་ནས་གོ་བ་ལེན་སྟངས་གསར་བའང་བྱུང་། མི་རིགས་གང་ཞིག་གི་ལོ་རྒྱུས་ལ་འཇུག་པར་ཐོག་མར་མི་རིགས་གང་དེའི་ལོ་རྒྱུས་ཡིག་ཚང་ལ་སློབ་སྦྱོང་ཉམས་དཔྱོད་བྱེད་པ་ནས་རྩོམ་དགོས་པ་ལོ་རྒྱུས་རིག་པའི་ཆོས་ཉིད་དུ་ཡོད་པར་འདུག་ལ། ལོ་རྒྱུས་ཡིག་ཚང་རིག་པའི་གཞུང་ལུགས་དང་ལག་ལེན་ལ་དབང་འབྱོར་ཚེ། ལོ་རྒྱུས་རིག་གཞུང་གི་མཁའ་དབྱིངས་སུ་ཅི་དགར་ལྡིང་སྐོར་བརྒྱབ་ཆོག་པའང་ངེས་པར་སྲིད་པས་ན། སྤྱི་ལོ2011ལོ་ནས་ཁོ་བོས་མཚོ་སྔོན་དགེ་འོས་སློབ་ཆེན་མི་གཞུང་སློབ་གླིང་དུ་བོད་ཀྱི་ལོ་རྒྱུས་ཡིག་ཚང་རིག་པའི་རབ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་རྟེན་གཞི་བརྩོན་ལེན་བྱས་པ་ཡིན་ཞིང་། བོད་ཀྱི་ལོ་རྒྱུས་ཡིག་ཚང་རིག་པ་དང་ཡིག་ཚང་རིག་པ། བོན་འབྲེལ་ལོ་རྒྱུས་ཡིག་ཚང་། བོད་ཀྱི་ལོ་རྒྱུས་ཆེད་དོན་དབྱེ་ཞིབ། བོད་ཀྱི་ཤེས་རིག་ལོ་རྒྱུས། བོད་ཀྱི་ཡིག་རྙིང་། བོད་ཀྱི་དཀར་ཆག་རིག་པ་དང་པར་གཞི་རིག་པ་སོགས་གཙོར་བཅས་ཀྱིས་སློབ་ཁྲིད་བྱེད་ཀྱིན་ཡོད། གལ་ཏེ་ནམ་ཞིག་བོད་ཀྱི་ལོ་རྒྱུས་ཡིག་ཚང་ལ་འཇུག་པ་ཡངས་པའི་སློབ་བུ་གང་མང་ནར་སོན་གྱིས་ཐོན་པ་ཡིན་ཚེ། བོད་ཀྱི་ལོ་རྒྱུས་རིག་གཞུང་ཞིབ་འཇུག་གི་དུས་རབས་གསར་བ་ཞིག་ཀྱང་ཞར་ལ་འབྱུང་ངེས་སྙམ་པའང་ཁོ་བོའི་ཐོག་མའི་ཀུན་སློང་ངོ་། །

ལོ་འདི་གའི་རིག་གཞུང་ཉམས་ཞིབ་ཀྱི་ལག་ལེན་ལས། ཁོ་བོར་མཚོན་ན་དྲན་ཚུལ་གསར་བ་དང་ཁྱབ་ཁོངས་གསར་བའི་ཞིབ་འཇུག་སྤྲོ་སྣང་ནི་རྒྱུན་མར་འབྱུང་བར་བྱེད་ཅིང་། རིག་གཞུང་དཔྱད་ཞིབ་ཀྱི་རིན་ཐང་སྐོར་ནས་དཔག་སྟེ་ཉམས་ཞན་འཁོས་ཆུང་གི་ཞིབ་འཇུག་ལས་སྒོའི་སྐོར་ལ་ཆེད་དུ་དོ་སྣང་གིས་ཁ་གསབ་ཞིབ་འཇུག་བྱེད་རྒྱུ་དེ་རང་གི་འགན་འཁྲིར་བལྟས་པ་ཡིན། གྲུབ་ཟིན་པའི“བོད་གནའ་རབས་ཀྱི་ལོ་རྒྱུས་རིག་གཞུང་དང་ལོ་རྒྱུས་དཔྱད་བརྗོད་སྐོར་གྱི་ཤུལ་བཞག་ཡིག་ཚང་དག་སྒྲིག་ཞིབ་འཇུག”དང་སྔ་ཕྱིར་དཔྱད་ཞིབ་བྱེད་མགོ་བརྩམས་ཟིན་པའི“བོད་ཀྱི་གནའ་རབས་རིག་གཞུང་ལོ་རྒྱུས་ཞིབ་འཇུག”དང“ཏུན་ཧོང་བོད་ཀྱི་ཤེས་རིག་གི་རིག་གཞུང་ལོ་རྒྱུས་ཞིབ་འཇུག”ལྟ་བུའི་ཞིབ་འཇུག་ལས་གཞི་ཁག་ཀྱང་། དོན་ལ་བསམ་གཞིག་འདི་ལྟ་བུ་ཞིག་གི་ངོས་ནས་ལག་ལེན་ལ་སྤྱད་པ་ཞིག་གོ །

འདས་པའི་དུས་ཀྱི་མི་ལོ་བཅུ་ལྷག་གི་རིག་གཞུང་མི་ཚེར་ཕྱིར་མིག་ཅིག་འཕངས་ཚེ། ང་རང་གི་རིག་གཞུང་མི་ཚེ་ནི་ད་ལྟ་གཞི་ནས་རྨང་གདན་ཙམ་བཏིང་བའི་ཚོད་རེད་ལ། རང་གི་དམིགས་པ་གཏད་པའི་ཞིབ་འཇུག་ལས་སྒོར་འཛུལ་མ་ཐག་པ་ཞིག་ཀྱང་རེད། འགྲོ་བ་མིའི་རིགས་ཀྱི་བྱ་བའི་ལས་ཆོད་ལ་ཚད་ཡོད་པའི་རྐྱེན་ལས། ཁོ་བོས་ད་སྔ་ཡན་ཆོད་ལ་སྒྲུབ་ཟིན་ཅིང་འགྲུབ་ཀྱིན་པའི་རིག་གཞུང་ལས་ཀ་ཁག་ཀྱང་དོན་ལ་རང་གི་ནུས་པའི་བབ་ལ་བསྟུན་པའི་ལས་ཀ་ཞེ་གཅིག་ཡིན་ལ། རང་གི་ལམ་བུ་རང་གིས་བཙལ་ཅིང་བཏོད་པའི་རིག་གཞུང་མི་ཚེའི་ལམ་བུ་ཞིག་ཀྱང་ཡིན། ལམ་བུ་འདིའི་མཐའ་སྣེ་གང་ན་ཡོད་ལུགས་ཁོ་བོས་མི་རྟོགས་རུང་། དམིགས་པའི་ཡུལ་ལ་ཐབས་ཀྱི་སྐྱོར་མ་ཡོད་ཅིང་། བྱས་པའི་ལས་ལ་ལྷག་བསམ་གྱི་གཞོགས་འདེགས་ཡོད་པར་གྱུར་ཚེ། མཚར་སྡུག་འོད་སྟོང་འབར་བའི་ལམ་ཆེན་ཞིག་གིས་སྒུག་ངེས་པར་བརྗོད་ག་ལ་བཏུབ་ཀྱང་རྔུལ་ཆུའི་ཐོད་པར་སྤྲོ་བའི་འཛུམ་ཀོང་ཞིག་ནི་ལོས་ཡོད་སྙམ་ཞིང་འདོད་དོ། ། ། །

2015ལོའི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དེབ3པ་ལས་བཤུས།


ཞིག་དང་འཇིག་གྱིན་པའི་བོད་ཀྱི་རིག་གཞུང་ལས་རིགས།

76.jpg

ལོ་འདི་དག་གི་གནས་ཚུལ་ལ་བལྟས་བསྡད་ཚེ།  བོད་ཀྱི་རིག་གཞུང་ནི་ཁ་ཤོ་སྣ་རལ་གྱི་དཀར་ཡོལ་ཚེས་རིས་མར་གྱུར་ཡོད་པའི་སྟེང།  ད་སྐབས་མིས་བཟོས་གཏོར་སྐྱོན་ཕོག་སྟེ་བཅོམ་ཆག་སྐྱ་ཉིལ་ལ་གཏོང་ཞིང་།  རང་ཁེ་ཁོ་ན་བསམ་ནས་རིག་གཞུང་ཞེས་པ་སྒེར་གྱི་འཚོ་ཚིས་སྒྲུབ་བྱེད་ཙམ་མ་ཟད།  རང་གི་མཚན་སྙན་བཟོ་བྱེད་དང་ཁེ་གྲགས་གཉེར་བྱེད།  ཨ་མ་ནང་སྐོར་གྱི་ཚོགས་མིའི་བདེ་སྐྱིད་སྲུང་བྱེད་རྐྱང་ལ་བྱེད་པའི་སྣང་ཚུལ་མཐོང་ཐུབ།

དོན་དངོས་སྟེང་།  རིག་གཞུང་ནི་ཤེས་རིག་གི་དྭངས་མ་སྲུང་བྱེད་དང་བདེན་པ་བརྡར་བྱེད།  བློ་རིག་འབྱེད་བྱེད།  དྲང་ལམ་སྟོན་བྱེད།  མ་གཞི་གསལ་བྱེད།  བསམ་གཞིག་འཕྲོ་བྱེད་བཅས་ཡིན་ཞིང་།  འདིས་ཤེས་པའི་གནས་ལུགས་ཤིག་སྟོན་པ་ལས་སྒེར་གྱི་ཕན་ཁེ་མི་གཉེར་བས་ན།  རིག་གཞུང་ལ་བརྟེན་ནས་སྒེར་བའི་དོན་སྣ་བསྒྲུབ་སྙམ་པ་ནི་སྐབས་སུ་ལམ་འགྲོ་ཡིན་མོད་ཕུགས་ལ་རྫོབ་བྱེད་ཡིན་ནོ།  །ཡིན་ནའང་ཤེས་དགོས་པ་ལ།  རིག་གཞུང་གིས་ཁེ་གྲགས་གཉེར་མི་ཐུབ་མོད་མཚན་སྙན་བསྐྲུན་ངེས་པ་དང་།  ཕྱུག་པོར་གཏོང་མི་ཐུབ་མོད་བདེ་སྐྱིད་སྲུང་ངེས་པ་དང་།  དབང་ཆ་འབྱོར་མི་སྲིད་མོད་ཁ་ཕྱོགས་ལ་དབང་བྱེད་ངེས་སོ།  །

ཡང་དཔྱད་བསྐྱར་དཔྱད་བྱས་ཚེ།  བོད་ཀྱི་རིག་གཞུང་ལ་ཆག་འཇིག་གོད་ཁ་འབྱུང་གིན་པ་ནི་བོད་ལ་རིག་གཞུང་སྲོལ་རྒྱུན་མེད་པས་མིན་ཞིང་རྒྱུ་ཆ་ཐོན་ཁུངས་མེད་པས་མིན་ལ།  ཀུན་གྱིས་བཤད་ཀྱིན་པའི་དེང་གི་རིག་གཞུང་ཐབས་ལམ་མེད་པ་དེས་ཀྱང་མིན་པར།  དོན་ལ་རིག་གཞུང་ལས་ཀ་སྒྲུབ་མཁན་བདག་པོ་ཚོ་རང་ཉིད་ནས་བསླད་ཀྱིན་པས་རེད།  ཅི་ལྟར་བསླད་ཀྱིན་འདུག་ཅེ་ན།  རིག་གཞུང་རྩེད་སྤྱད་བྱེད་པ་དང་ལག་ཐབས་བྱེད་པ་དང་སྐབས་འཕྲལ་གྱི་དོན་སྒྲུབ་བྱེད་ལ་སྤྱོད་པ་ཕུད།  དེ་འདྲའི་དོན་བྱ་འགྲུབ་ཆེད་སྐྲག་རྒྱུ་འཇིགས་རྒྱུ་མེད་པའི"དཔའ་བོ་དཔའ་མོར"གྱུར་ཏེ།  ཐབས་ཤེས་རྫོབ་ཏོ་དང་ལག་ལེན་མཚར་པོ།  སྤྱང་གྲུང་གྲིམ་པོ་བཅས་ཀྱིས་རང་གི་འདོད་དོན་མཐའ་དག་གྲུབ་པར་བགྱིས་འགྲོ་བ་དེ་རེད།  དེ་བཞིན།  བོད་ཀྱི་རིག་གཞུང་འདི་ཕྲན་ལྟ་བུ་ནུས་མེད་འཁོས་ཞན་གྱི་གཞོན་རབས་ཚོས་ཤེས་འཇོན་ནུས་གསུམ་གྱིས་མ་ལོངས་བ་ཙམ་མ་ཟད།  མཁས་ཆེན་དེད་དཔོན་དུ་གྲགས་པའི་ཁྲོད་རིག་གཞུང་གང་ཉིད་སྒེར་ཚོགས་བསོག་པར་སྤྱོད་དུས་བྱ་བྱེད་ཐབས་གསུམ་བྱིས་གཞོན་ལས་ཀྱང་བཙོག་པ་མང་དུ་མཆིས་པས་རེད།

གནས་བབ་འདི་ལ་གཞིགས་ན།  བོད་ཀྱི་རིག་གཞུང་གི་ཁ་དབུགས་ཡངས་མོར་ཆགས་ཤིང་རིག་གཞུང་ཆོས་ཉིད་ལ་མཐུན་པར་སྤྱོད་པ་དང་།  ཧྲིལ་པོ་ཐུན་མོང་གི་རིག་གཞུང་ལམ་སྲོལ་ལ་ངང་གིས་ཞུགས་ཏེ་ལམ་ཁ་གཙང་མར་ཆགས་པ་དང་།  བོད་མིའི་ཤེས་རིག་གི་སྒུལ་བྱེད་དངོས་ལ་གྱུར་ཏེ་རིག་ཚན་དྭངས་མོ་ཆུ་བཞག་ཏུ་འགྲོ་བ་ལ།  ད་དུང་ཡང་ལམ་ཁ་ཀྱག་ཀྱོག་རྐང་ལམ་ཕྲ་མོ་ལས་ཀྱང་རིང་བ་ཞིག་འདེད་དགོས་པ་རྟོགས་ཐུབ་ཀྱིན་འདུག

2017.8.24    ཟི་ལིང་།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།