སྦྲང་རྒྱལ།

ཐེངས་ཤིག་རྒྱལ་སྲས་གཉིས་རྒྱལ་ཁམས་བསྐོར་དུ་ཕྱིན་ཏེ།བག་མེད་བྱུང་རྒྱལ་གྱིས་འཚོ་བར་རོལ་ནས་རང་ཁྱིམ་དུ་ཡེ་ནས་མ་ལོག་པ་ལ། ཀུན་གྱིས“སྲས་གླེན་པར” འབོད་པའི་རྒྱལ་སྲས་ཐ་ཆུང་དེ་རང་གི་གཅེན་པོ་གཉིས་བཙལ་དུ་སོང་ཞིང་། སོང་སོང་མཐར་གཞི་ནས་དེ་གཉིས་རྙེད་ཀྱང་། གཅེན་པོ་གཉིས་ཀྱིས་ཁོ་ལ་ངེད་གཉིས་སྤྱང་གྲུང་འདི་འདྲ་འཛོམས་པས་མི་ཡོང་བ་ལ་ཁྱོད་གླེན་པ་ཞིག་གིས་ཀྱང་རྒྱལ་ཁམས་བསྐོར་འདོད་འདུག་ཨང་ཟེར་ནས་འཕྱ་སྨོད་བྱས་པ་དང་། དེ་ནས་སྤུན་གསུམ་པོ་མཉམ་དུ་ཕྱིན་ཏེ་གྲོག་མཁར་ཞིག་གི་མདུན་དུ་སླེབས། གཅེན་པོ་གཉིས་ཀྱིས་གྲོག་མ་ཆུང་ཆུང་རྣམས་ཀྱིས་གྲོག་ཚང་དབོར་འདྲེན་བྱེད་པའི་ཚུལ་ལ་ལྟ་འདོད་སྐྱེས་ཏེ་གྲོག་ཁུང་འབྲུ་བར་རྩོམ་པ་ན། སྲས་གླེན་པ་ན་རེ། གྲོག་མ་ཆུང་ཆུང་རྣམས་བདེ་བར་འདུག་ཏུ་འཇུག་རོགས། ངས་ཁྱེད་གཉིས་ཀྱིས་ཁོ་ཚོ་ལ་སུན་པོ་བཟོ་བར་བཟོད་ཐབས་ཡེ་ནས་མེད་ཅེས་བཤད་དེ་བཀག་འགོག་བྱས། ཡང་ཁོ་ཚོ་མུ་མཐུད་དུ་ཕྱིན་ནས་མཚེའུ་ཞིག་གི་འགྲམ་དུ་སླེབས་པ་ན། མཚེའུ་ཡི་ཁར་བྱ་གག་མང་པོ་རྐྱལ་གྱིན་ཡོད་པ་མཐོང་བས་གཅེན་པོ་གཉིས་ཀྱིས་བྱ་གག་འགའ་བཟུང་ནས་བྱ་ཤ་སྲེག་མ་ཟ་འདོད་ཀྱང་སྲས་གླེན་པས་མོས་མཐུན་མ་བྱས་པར། བྱ་གག་ཆུང་ཆུང་རྣམས་བདེ་བར་རྐྱལ་དུ་འཇུག་རོགས། ངས་ཁྱེད་གཉིས་ཀྱིས་འདི་དག་གི་སྲོག་འཕྲོག་པར་བཟོད་ཐབས་ཡེ་ནས་མེད་ཅེས་བཤད། དེ་ནས་ཁོ་ཚོ་སྦྲང་ཚང་ཞིག་གི་འགྲམ་དུ་སླེབས་ཤིང་། དེར་སྦྲང་རྩི་མང་དྲགས་ནས་སྡོང་པོའི་ཡལ་ག་བརྒྱུད་དེ་མར་བཞུར་གྱིན་ཡོད་པར། གཅེན་པོ་གཉིས་ཀྱིས་སྡོང་པོའི་འོག་ནས་མེ་བསྒྲོན་ཏེ་སྦྲང་མ་རྣམས་བསྲེགས་ནས་སྦྲང་རྩི་ལེན་གྲབས་བྱས་པས། སྲས་གླེན་པས་ཡང་དེ་གཉིས་བཀག་ནས་བཤད་རྒྱུར། སྦྲང་མ་ཆུང་ཆུང་དག་བདེ་བར་འདུག་ཏུ་འཇུག་རོགས། ངས་ཁྱེད་གཉིས་ཀྱིས་འདི་དག་གསོན་སྲེག་བྱེད་པར་བཟོད་མི་ཐུབ་ཅེས་བཤད། དེའི་རྗེས་སྤུན་གསུམ་པོ་གཞི་ནས་ཕོ་བྲང་ཞིག་ཏུ་སླེབས་པ་དང་། དེར་རྟ་རའི་ནང་དུ་རྡོ་རྟ་འགའ་རེ་ཀྲོང་ངེར་ཡོད་པ་ལས་མིའི་གྲིབ་མ་ཙམ་ཡང་མཐོང་དུ་མེད་སྟབས། ཁོ་ཚོས་ཚོམས་ཆེན་ཚང་མ་བརྒྱུད་ནས་སོང་བ་ན་ཕུགས་སྒོ་ཞིག་གི་མདུན་དུ་སླེབས་པ་དང་། སྒོའི་ཐོག་ཏུ་ཟྭ་རིམ་པ་གསུམ་བརྒྱབ་ཡོད་ཅིང་། སྒོའི་དཀྱིལ་གྱི་སྒེའུ་ཁུང་ཆུང་ཆུང་ལས་ཁང་པའི་ནང་མཐོང་ཐུབ་ཅིང་། དེར་སྐྲ་དང་སྨྲ་ར་ཡོངས་སུ་དཀར་པོར་གྱུར་པའི་བགྲེས་པོ་ཆུང་ཆུང་ཞིག་ཅོག་ཙེའི་འགྲམ་དུ་བསྡད་འདུག་པ་མཐོང་། ཁོ་ཚོས་དེར་ཐེངས་གཉིས་བོས་ཀྱང་མ་ཐོས་ཤིང་། ཐེངས་གསུམ་ལ་བོས་པ་ན་ཁོས་ད་གཟོད་ཡར་ལངས་ནས་སྒོ་ལྕགས་ཕྱེས་ཏེ་ཕྱིར་བུད་ཀྱང་དེས་ཁ་ཡེ་མ་གྲག་པར་ཁོ་ཚོ་ཁྲིད་ནས་ཁ་ཟས་ཕུན་སུམ་ཚོགས་པ་བཀྲམ་པའི་ཅོག་ཙེ་ཞིག་ལས་ཁ་ལག་ཟ་རུ་བཅུག་པ་དང་།  ལྟོ་འགྲངས་མཚམས་བགྲེས་པོས་ཡང་ཁོ་ཚོ་ཁྲིད་དེ་རང་རང་གི་མལ་ཁང་དུ་བསྐྱལ། ཕྱི་ཉིན་ཞོགས་པར། མགོ་སྐྲ་དཀར་པོར་གྱུར་པའི་བགྲེས་པོ་ཆུང་ཆུང་དེ་རྒྱལ་སྲས་རྒན་པའི་དྲུང་དུ་ཡོང་ནས་ལག་བརྡ་ཞིག་བྱེད་ཞོར་ཁོ་རང་རྡོ་རིང་ཞིག་གི་མདུན་དུ་ཁྲིད་པ་དང་། རྡོ་རིང་དེའི་སྟེང་དུ་དོན་དག་གསུམ་བྲིས་ཡོད་ལ། དེ་གསུམ་པོ་ལེགས་པར་གྲུབ་རྗེས་ཕོ་བྲང་དེ་དམོད་བོར་བ་ལས་གྲོལ་ཐུབ་པ་རྟོགས། དེ་ཡང་དོན་དག་དང་པོ་ནི། ནགས་ཚལ་འོག་གི་སྔོ་དྲེག་གསེབ་ཏུ་སྲས་མོའི་མུ་ཏིག་ཆིག་སྟོང་བཀྲམ་ནས་སྦས་ཡོད་པ་དང་། ཉི་མ་མ་ནུབ་གོང་དུ་དེ་དག་གཅིག་ཀྱང་མ་ལུས་པར་རྙེད་དགོས་ཤིང་། གལ་ཏེ་མུ་ཏིག་རྡོག་གཅིག་མ་ཚང་ཚེ་མུ་ཏིག་འཚོལ་མཁན་དེ་རྡོ་རུ་འགྱུར་སྲིད་པ་དེའོ། ། དེ་ནས་རྒྱལ་སྲས་ཆེ་བས་ཉིན་གང་པོར་བཙལ་ཡང་ཉི་མ་མ་ནུབ་བར་དུ་མུ་ཏིག་རྡོག་པོ་བརྒྱ་ལས་མ་རྙེད་པས་རྡོ་རིང་སྟེང་དུ་བཀོད་པ་ལྟར་ཁོ་རང་རྡོ་ཞིག་ཏུ་གྱུར་སོང་། ཉིན་གཉིས་པར། རྒྱལ་སྲས་འབྲིང་བ་ཕྱིན་ཡང་གཅེན་པོ་ལས་ལྷག་པ་གང་ཡང་མ་བྱུང་སྟེ་མུ་ཏིག་རྡོག་པོ་ཉིས་བརྒྱ་ལས་མ་བརྒལ་བ་ཙམ་ཞིག་རྙེད་པས་ཁོའང་རྡོ་ཞིག་ཏུ་གྱུར། མཇུག་མཐར་སྲས་གླེན་པ་མུ་ཏིག་འཚོལ་དུ་ཕྱིན་མོད། མུ་ཏིག་བཙལ་བ་ནི་ལས་སླ་བོ་ཞིག་མིན་པས་རེ་ཟུང་ལས་མ་རྙེད་པར་བརྟེན། ཁོ་རྡོ་ཞིག་གི་སྟེང་ལ་བསྡད་དེ་ངུས་པ་ལ། ཁོས་སྲོག་བསྐྱབས་པའི་གྲོག་རྒྱལ་དེས་གྲོག་མ་ལྔ་སྟོང་ཁྲིད་ཡོང་ཞིང་། ཡུད་ཙམ་ནས་སྲོག་ཆགས་ཆུང་ཆུང་དེ་དག་གིས་མུ་ཏིག་ཚང་མ་བཏུས་ཏེ་ཚོམ་བུར་སྤུངས་སོ། ། དོན་དག་གཉིས་པ་ནི། སྲས་མོའི་གཟིམ་ཆུང་གི་ལྡེ་མིག་རྒྱ་མཚོའི་གཏིང་ནས་ལེན་དགོས་པ་དེ་རེད། སྲས་གླེན་པ་མཚོ་ཡི་འགྲམ་དུ་སླེབས་དུས། སྔོན་དུས་ཁོས་སྲོག་བསྐྱབས་པའི་བྱ་གག་དག་གིས་མཚོ་གཏིང་ནས་ལྡེ་མིག་བླངས་སོ། །དོན་དག་གསུམ་པ་ནི་ཆེས་དཀའ་སྟེ། གཉིད་དུ་ཡུར་བའི་སྲས་མོ་གསུམ་ཡོད་པ་ལས་ཆེས་སྐུ་ན་ཕྲ་བ་དང་ཆེས་སྙིང་རྗེ་བའི་སྲས་མོ་དེ་འཚོལ་དགོས་མོད། དེ་གསུམ་གའི་ཁ་འབྲས་མཚར་ལུགས་ལ་དབྱེ་བ་སྤུ་ཙམ་ཡང་མེད་ལ་ཉལ་ཁར་མངར་ཟས་ཟོས་པ་མི་འདྲ་བ་ཙམ་ལས་གཞན་ཚང་མ་གཅིག་མཚུངས་ཡིན་པ་རེད། དེ་ཡང་སྲས་མོ་ཆེ་བས་ཀ་ར་ཞིག་ཟོས་པ་དང་། སྲས་མོ་འབྲིང་བས་མངར་སྐྱོ་ཅུང་ཙམ་ཞིག་བལྡགས། སྲས་མོ་ཆུང་བས་སྦྲང་རྩི་ཁེམ་བུ་གང་ཟོས་པ་རེད། སྐབས་དེར་སྲས་གླེན་པས་སྲོག་བསྐྱབས་པའི་སྦྲང་རྒྱལ་དེ་ཡོང་ནས་སྲས་མོ་གསུམ་གྱི་ཞལ་སྒོ་ལ་ལེགས་པར་བརྟགས་རྗེས། སྦྲང་རྩི་ཟོས་པའི་སྲས་མོའི་ཞལ་སྒོར་བབས་པ་རེད། རྒྱལ་སྲས་ཀྱིས་དེ་འཕྲལ་སྲས་མོ་ཐ་ཆུང་ངོས་ཟིན་ཞིང་ཡོད་ཚད་དམོད་བོར་བ་ལས་གྲོལ་ཏེ། མི་ཡོངས་རྫོགས་གཉིད་ལས་སད་པ་ལྟ་བུར་གྱུར་པ་དང་། སྔོན་དུས་རྡོ་རུ་གྱུར་པའི་མི་དག་ཀྱང་མིའི་གཟུགས་སུ་སླར་སོས་བྱུང་ཞིང་། སྲས་གླེན་པ་དང་ཆེས་སྐུ་ན་ཕྲ་ཞིང་སྙིང་རྗེ་བའི་སྲས་མོ་གཉིས་ཀྱིས་གཉེན་སྟོན་བགྱིས་པ་དང་། ཡབ་རྒྱལ་པོ་ཚེ་ལས་འདས་རྗེས་ཁོ་རང་རྒྱལ་པོར་བཞུགས་ཤིང་། ཁོའི་གཅེན་པོ་གཉིས་ཀྱང་སྲས་མོའི་ཨ་ཅེ་གཉིས་དང་ལྷན་དུ་གཉེན་སྟོན་བྱས་སོ། །  

《ཀེ་ལིན་བྱིས་སྒྲུང》ལས་ཚེ་རིང་སྒྲོལ་དཀར་གྱིས་བསྒྱུར།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།