རྨ་ཆེན་གངས་རིའི་མཚན་སྙན།

རྨ་ཆེན་གངས་རིའི་མཚན་སྙན།

སྐལ་བཟང་རྡོ་རྗེས་བརྩམས།

སྒང་ལམ་པས་བསྒྱུར།

རྨ་ཆེན་གངས་རིའི་མཚན་སྙན་ཁྲོད།

མཐོ་གཟར་དང་ལྷུན་ཆགས་ཀྱི་གོ་དོན་ཟབ་མོ་སྦས་ཡོད་ལ།

མཆོག་གྱུར་དང་རྣམ་དག   རྔམ་བརྗིད་ཀྱི་རྟགས་མཚན་ཡང་མངོན་པར་གསལ།

ཤར་ཕྱོགས་ཀྱི་གླིང་ཕྲན་དང་ནགས་ཚོམ།

ནུབ་ཕྱོགས་ཀྱི་ཁྲོམ་གཞུང་དང་ཕོ་བྲང་།

དབེན་འཇམ་རྔམ་བརྗིད་ལྡན་པའི་ལྷ་ཁང་།

མཁས་ཆེན་དམ་པའི་གླེགས་བམ་བསྟན་བཅོས།

དམངས་ཁྲོད་ཀྱི་ངག་རྒྱུན་རིང་མོ།

བགྲང་བྱ་བརྒྱ་སྟོང་གི་རིང་ལ།

ཁྱེད་ཀྱི་ངོ་མཚར་བའི་གཤོག་ཟུང་གིས་ས་ཕྱོགས་ཀུན་གྱི་སྒེའུ་ཁུང་རྡེབ།

ལོ་ཟླའི་པུར་རྩེ་ནས།

ཁྱེད་ཀྱི་སྐྱེ་སྟོབས་དཔལ་འབར་བའི་མཚན་སྙན་བཞེངས།


རྨ་ཆེན་གངས་རིའི་མཚན་སྙན།

མཐོ་སྒང་བོད་པ་ཁྱེད་ཀྱི་བྱམས་བརྩེ་མཐུ་འོག་ནས་མ་གཉོར་བ་ཞིག་གང་ན་ཡོད།

མི་རྣམས་ཀྱིས་ངོ་མཚར་ལྷ་སྒྲུང་གི་ཀློང་ནས་ཁྱེད་ཀྱི་རྣམ་ཐར་ལྷུག་པར་བརྗོད།

ཤར་ཕྱོགས་མཁའ་མཐའ་ནས་དངུལ་དཀར་གྱི་རི་ཚོགས་ཁྲི་སྟོང་དང་།

གཡུ་མདོག་གི་མཚོ་དང་མཚེའུ། ཁ་དོག་རྣམ་བཀྲའི་འཇའ་ཚོན་རིམ་གྱིས་ས་ལ་འཕོས།

བསྐལ་བ་དུ་མར་འདི་ནས་གཞི་བཅས་ལ། ལོ་རབས་གྲངས་མེད་ལ་དུངས་བ་འཁྱིལ།

དཔའ་ངར་དང་གཞུང་དྲང་། བརྩོན་འགྲུས་ཀྱི་མི་རིགས་ཤིག

ཁྱེད་དང་ལྷན་གཅིག་ཏུ་ལོ་རྒྱུས་ཀྱི་འགྲུལ་ལམ་རིང་མོར་ཞུགས།

རྨ་ཆེན་གངས་རིའི་མཚན་སྙན་ས་འཛིན་སྒེག་མོའི་པང་བར་བཏབ།

འཛམ་གླིང་ཡང་རྩེ་ལ་རྟག་བརྟན་གྱི་གཟི་དཔལ་འབར་བར་བྱེད།

རྨ་འབྲིའི་འབྱུང་ཁུངས་ལ་འོད་ཞགས་ལམ་ལམ་འཁྱུག

འགྱིང་ཉམས་སྟོང་གིས་མིག་དབང་ཅིག་ཅར་འཕྲོག

ཁྱེད་ཀྱི་མཚར་སྡུག་ལ་ཞེན་པས།

འདབ་ཆགས་སྣ་ཚོགས་ཁྱེད་ཀྱི་དྲུང་ནས་འཕུར་ལྡིང་རྩེན།

ཁྱེད་ཀྱི་བརྗིད་ཉམས་ལ་ཆགས་པས།

གངས་ཅན་འབྲོག་མིས་ཁྱེད་ལ་བསྟོད་གླུ་སིང་སིང་ལེན།

ཀྱེ་མ། སྒྱུ་རྩལ་གྱི་དོ་ར་ན་ཉམས་མེད་དུ་བཞུགས་པའི་གནས་བརྟན་ལགས།

ཨེ་མ། བོད་པའི་རྩོམ་རིག་ལོ་རྒྱུས་སུ་སྟོབས་ཀྱིས་འགྱིངས་བའི་སྤྱན་གསུམ་གྱི་བདག་ཉིད་ཅན།

རྨ་ཆེན་གངས་རི། མཛའ་བརྩེ་འདུན་མ་ཡོངས་སུ་འཁྱིལ་བའི་མཚན་སྙན།

ཨ་མྱེས་རྨ་ཆེན། བྱིན་ཆགས་བགྲེས་བོར་གུས་བའི་མཚན་སྙན་སྲོལ་ལོ།


ངག་རྒྱུན་དང་ལྷ་སྒྲུང་ག་ཚོད་ལས།

ཕུན་སུམ་ཚོགས་པའི་ཡིད་འགྱུར་མངར་མོ་ཡུན་གྱིས་འཐུལ།

ཁྱེད་ཀྱི་ཕྱོགས་བཞི་སྐུ་སྲུང་གི་སྦྲ་གུར་ཡིན།

གངས་རི་སུམ་བརྒྱ་དྲུག་ཅུའི་སྒར་གཞིས་ཕུབས་ཅིང་།

དབུ་རྨོག་འཁྲབ་གསུམ་རྒྱན་པའི་དམག་མི་ཆིག་སྟོང་ལྔ་བརྒྱས་བསྐོར།

ཅང་ཤེས་རྟ་མཆོག་ཉིན་མཚན་དུས་རྟག་འདུར་བར་རྩོམ།

རླུང་གི་གཤོག་ཐོགས་ལྡིང་བའི་རྩལ་ཆེན་བཞིན།

གངས་སྦལ་དཀར་མོས་དབྱར་དགུན་དུས་ཀྱི་རྔ་སྐད་སྒྲོག

དངུལ་དཀར་མདངས་ཅན་ཤ་མོས་མཆོངས་ལྡིང་རྩེན།

གོང་མོས་ཉིན་མཚན་དུས་དྲུག་མཚམས་ནས་ཐུན་བརྡ་གཏོང་།

གོ་ཐོས་སུ་ཉི་མས་ད་གཟོད་ཁྱེད་ཀྱི་འཁྲུངས་སྐར་དང་མཚན་སྙན་ཤེས་བར་གསུངས།

དགུ་ཚིགས་རྦ་རླབས་དྲག་པོས་ཁྱེད་ཀྱི་སྤྲོ་བའི་འདོད་འདུན་རྟོགས།

མཚམས་རེར་ཁྱེད་ཀྱིས་ཁྲོ་བའི་མེ་ལྕེ་འབར་བའི་ཚེ།

—གངས་ཉིལ་བུ་ཡུག་འཚུབ་ཅིང་། སྤྲིན་བསེར་མདའ་གྲི་འཁྲིགས།

ལན་རེར་ཁྱེད་ཀྱི་ངང་འཇམ་འཛུམ་བག་བསྟན་པའི་ཚེ།

     —སྦྲང་ཆར་ཟིལ་མས་ཡངས་བའི་རྩྭ་ཐང་ལ་ནུ་ཞོ་བསྣུན།

སྒྱུ་རྩལ་བའི་འཆར་རྟོགས་ཁྲོད་མཛད་མེད་ཀྱི་དུངས་སེམས་རུམ་ནས།

ཁྱེད་ཀྱི་བརྟག་བརྟན་འགྱུར་མེད་རིས་སུ་བཏབ།

ཁྱེད་ཀྱི་གྱོན་ཆས་དཀར་གཙང་དྲི་མ་བྲལ།

ཁྱེད་ཀྱི་རྣ་བར་གཟའ་སྐར་ཨ་ལོང་སྤྲས།

ཁྱེད་ཀྱི་ཕྱག་ལ་སྤྱན་འཛུམ་རལ་གྲི་ཐོགས།

ཁྱེད་ཀྱི་རྐེད་པར་མགྲིན་ལྡན་མདའ་གཞུ་འཆང་།

ཁྱེད་ནི་དཔའ་མཛངས་ཅན་གྱི་སྲུང་དམག་ཡིན།

རྨ་སྟོད་ཡུལ་ཕྱོགས་ཁྱེད་ཀྱིས་བརྟན་དུ་སྐྱོང་བར་ཤོག


དགུན་གྱི་ཁ་བས་ཁྱེད་ཀྱི་སྐུ་གཟུགས་འཁྲུད།

ཞོགས་པའི་མཚམས་སྤྲིན་འོད་ཀྱིས་དྭངས་གཙང་བཞིན་རས་མཛེས་པར་སྤུད།

རླུང་འཚུབ་ནི་ཁྱེད་རང་ཨ་ཐང་ཆད་དུས་བསླངས་བའི་དུ་རྡུལ་ཡིན།

ཁྱེད་ཀྱིས་མགོ་བོ་དགྱེ་སྟེ་མཁའ་དབྱིངས་ལྷིང་འཇགས་ཡིན་མིན་གཟིགས།

གནམ་རྡིབ་ས་གས་ནི་ཁྱེད་ཉིད་འཇིག་རྟེན་ཁམས་སུ་བྱོན་པའི་ཞབས་སྒྲ་ཡིན།

མཛད་མེད་གཏེར་བརྒྱས་ཁྱེད་ཀྱི་སྙིང་ཁམས་གྲུབ།

ཁྱད་མཚར་བའི་གཞི་རྒྱུ་ནི་ཁྱེད་ཀྱི་ནུས་བའི་གཏེར་མཛོད་ཉིད།

མེས་རྒྱལ་གྱི་མདོ་དབུས་མཐོ་སྒང་ལ། 

ཁྱེད་ཀྱིས་བརྗིད་ཆགས་ཡིད་འོང་གི་ལྗོངས་རྣམ་སྦྱིན་པར་བྱེད།

                         ༢༠༡༨ལོའི་ཟླ༥ཚེས༢༩ཉིན་བསྒྱུར། 

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།