འབོད་པའི་གཡབ་མོ།(ཞར་བཀོད་གཅིག)— སྐབས་དང་པོའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ་པའི་བརྩམས་ཆོས་བདམས་བཀོད།

1.png

རྩོམ་པ་པོ་ངོ་སྤྲོད།

微信图片_20180517155358.jpg

མཚོ་སྐྱེས་རྡོ་རྗེ། མགོ་ལོག་དགའ་བདེ་རྫོང་ཁོ་ཆུ་གྲོང་རྡལ། དུར་བུད་སྙན་ངག་གྲོང་ཚོའི་མི་ཡིན། སྨྱུག་མིང་དུ་དུར་བུད་རྣམ་གྲགས་སུ་འབོད། ༡༩༨༧ལོར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་སྡེ་ཁག་ནས་མཐར་ཕྱིན། སྔ་གཞུག་ཏུ་མགོ་ལོག་ཁུལ་སློབ་ཁྲིད་ཞིབ་འཇུག་ཁང་གི་མགོ་གཙོ་གཞོན་པ་དང་། རྒན་པ། སློབ་འབྲིང་མཐོ་རིམ་དགེ་རྒན་བཅས་ཀྱི་འགན་ཁུར་ཞིང་།  ཁུལ་སྲིད་གཞུང་གི་དཀྱིལ་ཚིགས་དྲ་བའི་ལོ་ཙ་བའི་ཕྱག་ལས་གནང་མྱོང་། ད་ལྟ་མགོ་ལོག་ཁུལ་རིག་གནས་རྒྱང་སྒྲོག་ལས་ཁུངས་སུ་ཅུས་གཙོ་གཞོན་པ་དང་། མགོ་ལོག་ཁུལ་གེ་སར་ཞིབ་འཇུག་དཀྱིལ་ཚོགས་ཀྱི་གཙོ་འགན། དུས་དེབ《མགོ་ལོག་གེ་སར།》གྱི་གཙོ་སྒྲིག་པ་བཅས་ཀྱི་འགན་ཟུར་ཁུར་བྱས་ཡོད།

 ཁོ་བས་སྔ་གཞུག་ཏུ། ཞིང་ཆེན་ཕྱི་ནང་གི་དུས་དེབ་སོགས་སུ་སྙན་ངག་དང་ལྷུག་རྩོམ། དཔྱད་རྩོམ་སོགས་ཉིས་བརྒྱ་ལྷག་ཕུད་ཡོད་ཅིང་། སྙན་རྩོམ་《འབོད་པའི་གཡབ་མོ》ལ《སྦྲང་ཆར》ཐོག་དང་པོའི རྩོམ་རིག་བྱ་དགའ་ཐོབ་མྱོང་། ཁོང་གི་རྩོམ་ཡིག་རེ་གཉིས་སློབ་ཆེན་གྱི་བསླབ་དེབ་ནང་དུའང་འདམས་བཀོད་བྱས་ཡོད། ཁོང་གིས་ཨ་མདོ་བརྙན་འཕྲིན་དུ་སྤེལ་བའི《གེ་སར་སྐོར་གྱི་གཏམ་གླེང་།》སོགས་གེ་སར་རིག་གནས་སྐོར་གྱི་འཆད་ཁྲིད་དུ་མ་ཞིག་ལ་སྤྱི་ཚོགས་ཀྱིས་གདེངས་འཇོག་མི་དམན་པ་ཞིག་ཐོབ་དང་ཐོབ་ཀྱིན་ཡོད། །


འབོད་པའི་གཡབ་མོ།(ཞར་བཀོད་གཅིག)

དུར་བུད་རྣམ་གྲགས།

སུས་ཀྱང་བཤད་མ་མྱོང་བའི་གཏམ་རྒྱུད་མང་བོ་ཞིག་འདི་ན་སྦས་ཡོད།

སུས་ཀྱང་དྲུབས་མ་མྱོང་བའི་རྩྭ་ཐང་གི་ཐང་ག་མཛེས་པོ་ཞིག་འདི་ན་བཤམས་ཡོད།

སུས་ཀྱང་སྨྱུག་རྩེས་ཟིན་མ་མྱོང་བའི་སྙན་ངག་གསར་བ་ཞིག་འདི་ན་ཐོར་ཡོད།

སུས་ཀྱང་ལྷད་བརྒྱབ་མ་མྱོང་བའི་མི་གཤིས་ལེགས་པོ་ཞིག་འདི་ན་དར་ཡོད།

—གནས་འདི་རུ་ཤོག་དང་།

སྒྱུ་རྩལ་གྱི་གདོད་མའི་གཤིས་དེ་འཚོལ་འདོད་ན།


སེམས་ངལ་གྱི་མུན་པ་སེལ་བའི་ཉི་མ་གསལ་བོ་ཞིག་འདི་ན་ཤར་ཡོད།

རྩ་ལམ་གྱི་འགགས་པ་བསང་བའི་མཁའ་དབུགས་དྭངས་མོ་ཞིག་འདི་ན་རྒྱས་ཡོད།

ཐམ་ཐོམ་གྱི་སྣང་བ་སད་པའི་དྲི་བསུང་དགའ་བོ་ཞིག་འདི་ན་འཐུལ་ཡོད།

རྙོག་ཟིང་གི་ཐོས་འཛིན་གསོ་བའི་ཆུ་སྒྲ་སྙན་མོ་ཞིག་འདི་ན་འཁོར་ཡོད།

—གནས་འདི་རུ་ཤོག་དང་།

རང་བྱུང་གི་དབེན་པ་དེ་འཚོལ་འདོད་ན།


གནས་འདི་ཡི་མི་རྣམས་ནི་མེ་ཏོག་དང་བསྡེབས་ནས་སྐྱེ་བཞིན་ཡོད།

གནས་འདི་ཡི་གླུ་སྒྲ་ནི་ཆུ་ཀླུང་དང་འདྲེས་ནས་བཞུར་གྱིན་ཡོད།

གནས་འདི་ཡི་མི་རྣམས་ལ།

ཁ་ན་ཡི་ཆད་ཀྱི་ངག་ཚིག་མེད་ལ།

སྙིང་ན་མྱ་ངན་གྱི་རྗེས་ཤུལ་ཡང་མེད།

—གནས་འདི་རུ་ཤོག་དང་།

ཕུགས་བསམ་གྱི་ཁོར་ཡུག་དེ་འཚོལ་འདོད་ན།


གསོན་ན་གཞིས་ཚང་འདི་རུ་བཅའ།

ཤི་ན་དུར་ས་འདི་རུ་འདེབས།

དེ་ནི་གནས་འདིའི་མི་རྣམས་ཀྱི་མ་བཅོས་པའི་གཤིས་རྒྱུད་རེད།

ཤི་བའི་ཐོད་རུས་དེ་ཐང་ལ་འགྲེལ་ཞིང་། ས་རུ་འཐིམ་ཡང་།

སྤོབས་པའི་རྣམ་ཤེས་དེ་ཐང་དཀར་རྒོད་པོ་ཞིག་ལ་བཅིབས་ནས།

དེ་ནི་གནས་འདིའི་མི་རྣམས་ཀྱི་མ་བཅོས་པའི་གཤིས་རྒྱུད་རེད།

—གནས་འདི་རུ་ཤོག་དང།

མི་ཚེ་ཡི་རིན་ཐང་དེ་འཚོལ་འདོད་ན།


གཞན་གྱི་བློ་ངོར་ཅི་འཆར་བདག་ལ་མ་ངེས་མོད།

བདག་ནི་གནས་འདི་ལ་ཤིན་ཏུ་ཟབ་པའི་ཡིད་ཆེས་དང་བརྩེ་བ་ཡོད།

བདག་ནི་གནས་འདི་རུ་སྐྱེས་པར་རྟག་ཏུ་ངའོ་སྙམ།

བདག་གིས་དབུགས་ཀྱི་ཐ་མའི་རྒྱུ་བ་ཕྲན་བུ་དེའང་།

གནས་འདི་ནས་གཏོང་རྩིས་ཡིན།

གྲོགས་པོ་ལགས།

ས་ཆེན་པོ་འདི་ལེབ་ཀྱིས་ཆོད་ཀྱང་།

དོན་ཟབ་མོ་ཞིག་མཚམས་ཀྱིས་དབྱེས་ཡོད།

—གནས་འདི་རུ་ཤོག་དང་།

བདེན་རྫུན་གྱི་ཁོ་ཐག་དེ་འཚོལ་འདོད་ན།


ཆེས་ཐོག་མ།

ཆེས་ཐོག་མའི་དྲན་ཡུལ་དུ་འཁོར་བ་ནི།

སྲིད་ན་དཀོན་པའི་མུ་ཏིག་རྡོག་པོ་ཞིག

ཟུམ་པ་མེད་པའི་སྐར་མ་འོད་ཆེན་ཞིག

ཀྱེ་ཀྱེ། སྙིང་གི་གྲོགས་པོ་ལགས།

ཁྱོད་ཀྱི་བརྩེ་དུངས་ཀྱི་ཞིང་ཁམས་ཉུལ་རྩིས་ཀྱི་ཆེས་ཐོག་མའི་ཚོར་བ་དེ།

འདི་ན་ཡོད་སྲིད།

ཁྱོད་ཀྱི་མེ་ཏོག་གི་ལེགས་སྐྱེས་དབུལ་རྩིས་ཀྱི་ཆེས་ཐོག་མའི་འདུན་པ་དེ།

འདི་ན་ཡོད་སྲིད།

ཁྱོད་ཀྱི་སྙན་ངག་པའི་དཔུང་གྲལ་བསྙེག་རྩིས་ཀྱི་ཆེས་ཐོག་མའི་སྙན་རྩོམ་དེ།

འདི་ན་ཡོད་སྲིད།

ཀྱེ་ཀྱེ། བདག་གི་ཆེས་ཐོག་མའི་དྲན་ཡུལ་ལ་འཛིན་འོས་པའི།

སྙིང་གི་གྲོགས་པོ་ལགས།

ཞིབ་ཏུ་ཉོན་དང་ཆེས་ཐོག་མའི་གླུ་ཆུང་སྙན་མོ་དེར།

1

ཆེས་ཐོག་མའི་བརྩེ་དུངས —

དེ་ནི་འོད་ཀྱིས་བཏུམས་པའི་ཤེལ་སྒོང་ལས་ཀྱང་གསལ་བ་ཞིག

དེ་ནི་མཁའ་ལ་བསྒྲེངས་པའི་མེ་ལོང་ལས་ཀྱང་དྭངས་པ་ཞིག

དེ་ནི་ངོ་མཚར་དང་ཡིད་ཆེས།རྣམ་དག་དང་ལྷག་བསམ་གྱི་གོང་བུ་ཞིག

དེ་ནི་རང་ཉིད་མི་ཡུལ་འདིར་སྐྱེས་པའི་རེ་བའི་རྟོག་འཆར་ཡོད་ཚད།

མཛེས་པའི་རྨི་ལམ་ཡོད་ཚད།

དེ་ནི་ཆུང་འདྲིས་བྱམས་པ་ལ་འབུལ་འོས་པའི།

ཆེས་ཐོག་མའི་ཉག་གཅིག་ཀྱང་རེད།

ཆེས་ཐོག་མའི་ཐམས་ཅད་ཀྱང་རེད།

བདག་རང་ཉིད་ལ་མཚོན་ན།

དེ་ནི་ངེས་ཅན་དུ་དེ་ལྟར་ཡིན།

ཆེས་ཐོག་མའི་བརྩེ་དུངས།

ཆེས་ཁྱད་མཚར་གྱི་ལྷ་སྒྲུང་།

ངོ་གནོང་བ་འདྲ་ཡང་། བློས་མ་ཐོངས་པ་འདྲ།

ཉིན་མོར་བསམས་ཚར་བ་འདྲ་ཡང་།

མཚན་མོའི་རྨི་ལམ་དུ་ད་དུང་ལྷག་ཡོད་པ་འདྲ།

ཐ་ན་འཇིག་རྟེན་ཧྲིལ་པོ་འདི་ཡང་། བདག་དང་མཉམ་དུ།

སྐབས་འགར་དྲན་པ་ལྡིང་ཞིང་།

སྐབས་འགར་འགྲམ་པ་དམར་གྱིན་ཡོད་པ་འདྲ།

དེ་ཚོར་ཕྱིར་འདང་རེ་བྱས་ཚེ།

དེ་རིང་གི་དུས་ལའང་། ད་དུང་།

སྙན་ལ་སིང་བའི་དགོད་སྒྲ་ཞིག

གསལ་ལ་འཛུམ་པའི་མིག་ཟུང་ཞིག

ཆེས་ཐོག་མའི་སྐབས་དེ་དང་མཚུངས་པར།

བདག་རང་བསྙེགས་ནས་འོང་བཞིན་པ་འདྲ།

2

ཆེས་ཐོག་མའི་མེ་ཏོག —

དེ་ནི་ས་ཡི་ལྷ་མོ་ཉིད་ཀྱིས་སྙིང་གི་གཅེས་ནོར་དུ་ཉར་ཞིང་།

དེ་ནི་ཀླུ་ཡི་བུ་མོ་ཉིད་ཀྱིས་མི་ཡུལ་ལ་ཕུལ་པའི་ཆེས་ཐོག་མའི་ལེགས་སྐྱེས་རེད།

དེ་ནི་གཙང་བའི་ཆར་གྱིས་ཁྲུས་གསོལ་བྱས་པའི་དྲི་མེད་ཀྱི་ལྷ་རྫས་ཤིག་ཀྱང་རེད།

དེ་ནི་བསླུ་མེད་ཀྱི་སེམས་པ་མཚོན་བྱེད་ཀྱི་གོ་གསལ་བའི་སྐད་ཆ་ཞིག་ཀྱང་རེད།

བདག་རང་ཉིད་ལ་མཚོན་ན།

དེ་ནི་ངེས་ཅན་དུ་དེ་ལྟར་ཡིན།

མེ་ཏོག་དེ་མི་ཡུལ་ལ་འཁྲུངས་པའི་ཆེས་ཐོག་མའི་ཉིན་དེར།

བདག་གིས་ཀྱང་དེ་རང་བཏུས་ནས།

ཆུང་འདྲིས་བྱམས་པའི་རལ་རྒྱན་དུ་ཕུལ་པའི་ཆེས་ཐོག་མའི་སྐྱེས་ཆུང་བྱས།

“འབུལ་བ་ནི་ངོ་མཚར་ལྡན་ལ།

མཚོན་པ་འདི་བླ་ན་མེད།

ཁྱོད་རང་མེ་ཏོག་འདི་ལྟར་ནམ་ཡང་མཛེས་པར་ཤོག

ང་རང་མེ་ཏོག་འདི་ལྟར་ཁྱོད་དང་འབྲལ་མེད་ཤོག”

(སྐབས་འདིར་གལ་ཏེ་ངས་ཡིག་འབྲུ་འགའ་ཤེས་ན།

དེ་ལྟར་བྲིས་ཡོད་ངེས་ཅན་ཡིན)

མེ་ཏོག་ལས་ཀྱང་མཛེས་པའི་བྱིས་པའི་ལོ་ཟླ།

མེ་ཏོག་ལས་ཀྱང་གཙང་བའི་བྱིས་པའི་བརྩེ་དུངས།

ཕྱིར་འདང་གི་སེམས་པ་སྤྲོ་བྱེད་ཀྱི་ཆེས་ཐོག་མའི་འབུལ་བ།

3

ཆེས་ཐོག་མའི་སྙན་རྩོམ—

དེ་ནི་བརྩེ་བ་ཡི་ཞིང་ལ་བཙལ་ཅིང་།

དེ་ནི་གསལ་སྣང་གི་ཁམས་ནས་རྙེད།

དེ་ནི་རེ་བཞག་དང་དོགས་སྣང་སྦྲགས་མས་བྲིས་ཤིང་།

དེ་ནི་ལག་ཟུང་འདར་འདར་གྱིས་སྒྱུ་རྩལ་ཞིང(ཡང་ན་བྱམས་པ་དེར) ལ་མཚམས་སྦྱོར་དུ་ཕུལ་པའི།

ཆེས་ཐོག་མའི་མཇལ་དར་ཞིག་རེད།

བདག་རང་ཉིད་ལ་མཚོན་ན།

དེ་ནི་ངེས་པར་དུ་དེ་ལྟར་ཡིན།

བདག་གིས་ཡིག་འབྲུ་འགའ་ཞིག་ཕྲེང་བར་སྤེལ་ཤེས་པ་ནས་བཟུང་།

བདག་ལ་བརྗོད་ཐབས་བྲལ་པའི་འདུན་པ་དེ་སྐྱེས་པ་ནས་བཟུང་།

བློ་ངོར་འཁྲུལ་མེད་དུ་ངེས་པའི་མིང་ཚིག་འགའ་མཆིས་པ་ནི།

བརྩེ་དུངས — མེ་ཏོག — སྙན་ངག

བདག་གི་ཡིག་འབྲུ་འདི་ཚོ།

དགུན་ཁ་བའི་ནང་དུ་བྲིས་ཡོད།

དབྱར་ཆུ་བོའི་ངོགས་སུ་བྲིས་ཡོད།

ས་གར་སླེབས་ས་ལ་བྲིས་ཡོད།

ལག་གར་ཡོང་ཇི་བཞིན་བྲིས་ཡོད།

འབྲི་མོའི་བེའུ་ཆུང་ལ་དྲིས་ན་བློ་རུ་འཆར་ཚོད་ཡིན།

གསེར་མིག་ཉ་མོ་ལ་དྲིས་ན་བདེན་དཔང་བྱེད་ཚོད་ཡིན།

ཆུང་འདྲིས་བྱམས་པ་ལ་དྲིས་ན་གདོང་བ་དམར་ཚོད་ཡིན།

རེད་དེ—

ཆེས་ཐོག་མའི་ལོ་ཟླ་ཞིག་སླར་ཡང་འབྱུང་རྒྱུ་མེད་ཀྱང་།

ཆེས་ཐོག་མིའི་འཇིག་རྟེན་དེར།

ད་ལྟ་ད་དུང་སྤྲོ་འཆམ་ཞིག་བྱེད་ན་འདོད།

གལ་ཏེ་ཆེས་ལེགས་པ་རེ་བྱུང་ན།

ཁོ་མོ་དང་འགྲོགས་ཤིང་།

མེ་ཏོག་ཅིག་བཏུས་ནས།

སྙན་ངག་རེ་འབྲི་བཞིན……

(1991ལོའི《སྦྲང་ཆར》དེབ་དང་པོ་ལས་བདམས)

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།