ཕ་ཡུལ་གྱི་མདུན་དུ་ང་ནམ་ཡང་ནར་མ་སོན་པའི་ཕྲུ་གུ་བཞིན་ཧ་ཅང་ཆུང་།

ཕ་ཡུལ་གྱི་མདུན་དུ་ང་ནམ་ཡང་ནར་མ་སོན་པའི་ཕྲུ་གུ་བཞིན་ཧ་ཅང་ཆུང་།

——བོད་ཀྱི་ན་གཞོན་སྙན་ངག་པ་རམས་ཚེ་བྷོར་བཅར་འདྲི་བྱས་པ། 

 webwxgetmsgimg_Fotor.jpg

ཁྲི་སེམས་དཔའ། ཐོག་མར་སྙན་ངག་གསར་རྩོམ་གྱི་བརྒྱུད་རིམ་མདོར་ཙམ་གླེང་ན་ཆོག་གམ། 

རམས་ཚེ་བྷོ། བདག་གི་སྙན་ངག་གསར་རྩོམ་གྱི་བརྒྱུད་རིམ་ནི་ཧ་ཅང་རྒྱུན་ལྡན་ཞིག་སྟེ། མཐོ་འབྲིང་སྐབས་ནས་བཟུང་དང་པོ་དགེ་རྒན་ལ་དྲིན་གཟོ་དང་། བར་དུ་མཛའ་མོ་ལ་འཕྲིན་པ། ཐ་མར་ཕ་ཡུལ་ལ་བསྟོད་གླུ་སོགས་སྙན་ངག་ཐ་ཐོར་རེ་བྲིས་མྱོང་ལ། ཕྱིས་སུ་སྙན་ངག་གི་དད་མོས་དང་ཕ་ཡུལ་གྱི་བསླུ་བྲིད་གཉིས་བདག་གི་ཁྲག་རྩའི་སྦུབས་སུ་འཐིམ་ནས་ད་ལྟ་རུས་ལ་ཟུག་ཡོད། འོན་ཀྱང་ངས་ད་རག་བར་དུ་བདག་གིས་སྙན་ངག་གི་ཆེད་དུ་སྙན་ངག་འབྲི་བཞིན་ཡོད་ཅེས་ཁ་ཕོ་བསྒྲག་མ་ཐུབ་པ་ནི་སྙན་ངག་གསར་རྩོམ་གྱི་བརྒྱུད་རིམ་འགྲིག་མེད་པས་ཡིན་ནམ་སྙན་ངག་གསར་བའི་མཐོ་ས་མ་མཐོང་པ་ཡིན། ལ་ལས་བཤད་ན་སྙན་ངག་ནི་ཁེར་རྐྱང་གི་འགྲོ་རོགས་ཡིན་ཟེར། ལ་ལས་བཤད་ན་སྙན་ངག་ནི་སྐྱོ་ཡུས་ཀྱི་སྡོངས་གྲོགས་ཡིན་ཟེར། ངས་བལྟས་ན་སྙན་ངག་ནི་སེམས་ཀྱི་དག་ཞིང་ཞིག་དང་ཐ་སྙད་ཀྱི་ཕོ་བྲང་ཞིག་ཡིན་པས་གཙོ་བོ་ཡི་གེ་བཞེངས་སྐྲུན་གྱི་ནུས་རྩལ་ཡོད་མེད་དེར་ཐུག་ཡོད། དེ་བས་ངས་ད་རག་བར་དུ་སྙན་ངག་མང་པོ་བཀླགས་མྱོང་བ་ལས་སྙན་ངག་གསར་བ་འབྲི་ཐུབ་མེད། རྒྱུ་མཚན་ནི་ང་ནམ་ཡང་ཐ་སྙད་ཀྱིས་སྟོང་ཞིང་ཡི་གེ་ལ་རྨོངས་པའི་སྙན་ངག་འབྲི་མཁན་ཞིག་ཡིན་འདོད་ཡོད།

ཁྲི་སེམས་དཔའ། བོད་ཀྱི་མིག་སྔའི་སྙན་ངག་གསར་རྩོམ་གྱི་གནས་བབ་ལ་ལྟ་ཚུལ་ཅི་ཞིག་ཡོད། 

རམས་ཚེ་བྷོ། རང་མོས་སྙན་ངག་དར་ནས་ལོ་ངོ་སུམ་ཅུའི་རིང་ལ་དེང་རབས་བོད་ཀྱི་རྩོམ་རིག་ལས་གོ་གནས་གལ་ཆེན་ཟིན་ཡོད་ནའང་། རང་མགོ་ཐོན་པའམ་རང་ཚུགས་ཟིན་པའི་རྩོམ་སྟངས་ངོ་མ་ཞིག་ད་དུང་ཆགས་མེད་པ་འདྲ། རྩོམ་རིག་ལ་རྒྱལ་མཚམས་དང་མི་རིགས། ཡུལ་ཁམས་དང་ལུང་པ་བཅས་ཀྱིས་བཅད་བཟུང་མེད་ཟེར་མཁན་བྱུང་ནའང་དེ་ལ་མི་རིགས་རང་བཞིན་དང་དད་མོས་རང་བཞིན། རྒྱུན་འཛིན་རང་བཞིན་དང་གསར་བཏོད་རང་བཞིན་ཞིག་ཅིས་ཀྱང་ཡོད་དགོས་ལ། རིག་གནས་དང་སྐད་ཆ། སྡེབ་སྦྱོར་དང་སེམས་ཚོར། མྱོང་རོལ་དང་རང་གཤིས་ཀྱི་ཆ་ནས་ཐུན་མིན་གྱི་སྒྱུ་རྩལ་མཚོན་ཐབས་ཤིག་ངེས་པར་ཏུ་ལྡན་དགོས་པས། དེང་གི་ཆ་འདིར། རང་མོས་སྙན་ངག་རྩོམ་མཁན་གྱི་དཔུང་སྡེ་ཁྲོད་དུ། ཚོར་འདུ་བཅོས་མ། བསམ་བློ་རྫུན་མ། རྟོག་འཆར་གཡར་མ། ཚིག་གྲུབ་བརྐུས་མ། ཐ་སྙད་བསྒྲིགས་མ། ཡིད་བརྙན་བཟོས་མ་སོགས་ཀྱི་སྙན་ངག་པ་ཇེ་མང་ནས་ཇེ་མང་དུ་འགྲོ་བ་དང་། སྙན་ངག་ལས་འཕྲོས་པའི་སྙན་ངག་རྩོམ་མཁན། ལད་འབྲི་ལས་འཕྲོས་པའི་ལད་ཟློས་སྙན་ངག   བསྒྱུར་ཡིག་ལས་འཕྲོས་པའི་འགྱུར་རྩོམ་སྙན་ངག   ཚོར་མེད་དུ་བྲིས་པའི་ཚོར་བའི་སྙན་ངག སྨྲེང་མེད་དུ་བྲིས་པའི་སྡུག་རྩོམ་སྙན་ངག སྤྲོ་མེད་དུ་བྲིས་པའི་དགའ་རྩོམ་སྙན་ངག ཞེན་མེད་དུ་བྲིས་པའི་ཆགས་རྩོམ་སྙན་ངག སྙན་ངག་ལ་ཡིད་འགྱུར་དང་ནང་སེམས། སྤྱི་ཚོགས་དང་ཁོར་ཡུག་གང་གིས་ཁ་ལོ་ཅི་ཡང་བསྒྱུར་མི་དགོས་པར་རྐུ་འགྱུར་བཟོ་གསུམ་གྱི་འཚེམ་པ་མང་དུ་མཆིས་སོ། །

ཁྲི་སེམས་དཔའ། ཁོ་བོས་བལྟས་ན་ཁྱེད་ཀྱི་གྲགས་ཆེ་བའི་ལྷུག་རྩོམ་སྙན་ངག 《དགུ་རོང་ཉི་མ་དགུ་ཤར》ལྟ་བུ་ནི་ད་ལྟ་བཀླགས་ཀྱང་ད་རུང་མི་སེམས་ལ་གཡོ་སྐྱོམ་བཟོ་བའི་སྙན་ངག་མཆོག་གྱུར་ཅིག་རེད། སྙན་ངག་དེ་གསར་རྩོམ་གྱི་གོ་རིམ་མམ་རྒྱབ་ལྗོངས་སྐོར་ནས་ངོ་སྤྲོད་རགས་ཙམ་བྱས་ན་ཅི་འདྲ།

རམས་ཚེ་བྷོ། རེད། 《དགུ་རོང་ཉི་མ་དགུ་ཤར》ནི་བདག་སློབ་ཆེན་མཐར་ཕྱིན་ཁར་རེབ་གོང་ཡུལ་དུ་དངོས་སྦྱོང་དུ་སྐྱོད་སྐབས་བྲིས་པའི་ལྷུག་རྩོམ་སྙན་ངག་ཅིག་སྟེ། བྱིས་དུས་ནས་དཔལ་དོན་གྲུབ་རྒྱལ་མཆོག་གི་བརྩམས་ཆོས་མང་པོ་བཀླགས་མྱོང་བའམ་བློར་བྱང་ཡོད་པས་ཁོང་གི་བརྩམས་ཆོས་ལས་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་རྒྱབ་ལྗོངས་དང་སྣང་བརྙན་བྱས་ཡོད་པ་རྣམས་དངོས་སུ་མིག་མདུན་དུ་མཇལ་ཐུབ་པ་བྱུང་བས། སྐབས་དེའི་སེམས་ཚོར་ངོ་མ་ཡི་གེར་བཏབ་པ་ཞིག་ཡིན། སྐབས་དེའི་སྙན་ངག་འབྲི་བའི་ཡུལ་དངོས་དང་། ཚོར་འདུ། དུངས་པ། དད་གུས། མཚར་སྣང། དྲན་གདུང་བཅས་དེ་རིང་ད་དུང་བསམ་ཞིང་བསམས་ན་ཡིད་ཀྱི་གཏིང་རིམ་ལ་བཤད་མི་ཤེས་པའི་མིག་ཆུའི་རྫིང་བུ་ཞིག་འཁྱིལ་འོང་། གཙོ་བོ་རང་ཉིད་དམ་པ་ཁོང་གི་བརྩམས་ཆོས་ལ་དུངས་པ་ཟབ་དྲགས་ཤིང་། 《ལང་ཚོའི་རྦབ་ཆུའི》འགུག་ཤུགས་ཀྱི་ལྕགས་ཀྱུ་རྣོ་དྲགས་པས་སྙན་ངག་ལྟ་བུའི་གྲོང་ཚོ་སྟེ། དགུ་རོང་མཐིལ་ནས་དགུ་རོང་རྩེ་བར་དུ་འགྲུལ་བཞུད་ཐེངས་ཤིག་བྱས་ཏེ་ཁོང་རིགས་ཀྱི་ལྟེ་ཁྲག་འཐོར་སའི་གཞིས་ཁྱིམ་དང《ལང་ཚོའི་རྦབ་ཆུའི》སྙན་ངག་གི་ས་བོན་ཐོག་མར་འཁྲུངས་སའི་བྲག་སྐྱིབས་བཅས་ནས་རྙེད་པའི་སེམས་ཚོར་ངོ་མ་ཡིན། ངའི་རྩོམ་དེར་ལོ་རབས་དགུ་བཅུའི་ན་གཞོན་ཞིག་དགུ་རོང་མཐིལ་དུ་ཕྱིན་ཏེ་ཀི་རིང་ཞིག་བཏབ་འདྲའི་རྩོམ་ཉམས་ལྡན་ནའང་ད་དུང་མི་འདང་བའི་ཆ་ཤིན་ཏུ་མང་གི

ཁྲི་སེམས་དཔའ། ཁ་ཤས་ཀྱིས་སྙན་ངག་གིས་ལྟོ་མི་ཕྱིད་ལ་རྒྱབ་མི་ཁེབས་ཟེར། ཁྱེད་ཀྱིས་ད་རག་བར་སྙན་ངག་གསར་རྩོམ་གྱི་རྒྱུན་བསྐྱངས་པ་དེ་རྐྱེན་ག་འདྲ་ཞིག་ལ་རག་ལས་པ་ཡིན་ནམ།

རམས་ཚེ་བྷོ། སྙན་ངག་ནི་རྩོམ་རིག་བརྩམས་ཆས་ལས་ཆེས་མཐོ་ཤོས་ཀྱི་སྐད་ཆའི་སྒྱུ་རྩལ་ཞིག་རེད། སྤྱིར་སྙན་ངག་འབྲི་བ་ལ་ཡི་གེ་ཡི་རྨང་། ཤེས་རིག་གི་རྨང་། གཞུང་ལུགས་ཀྱི་རྨང་། སྒྱུ་རྩལ་གྱི་རྨང་། མཚོན་ཐབས་ཀྱི་རྨང་བཅས་རྨང་གཞི་ངེས་ཅན་ཞིག་འཛོམས་པའི་དུས་ན་ད་གཟོད་བསམ་བློ་རང་བཞིན་དང་ཚེ་སྲོག་རང་བཞིན་གྱི་སྙན་ངག་སྒྱུ་རྩལ་ཡག་ཤོས་ཤིག་འབྲི་ཐུབ་པ་ཡིན་མོད། འཛམ་གླིང་སྙན་ངག་གི་འཕེལ་རིམ་ནང་སྙན་ངག་པ་མང་ཆེ་བས་ལོ་ན་གཞོན་པའི་དུས་སུ་སྙན་ངག་གྲགས་ཆེན་བརྩམས་གྲུབ་བྱུང་ཡོད་པ་ནི། གཙོ་བོ་སྐྱེ་བོ་གང་ཞིག་ལོ་ན་གཞོན་པའི་དུས་སུ་བློ་རིག་གྲུང་ཞིང་ཚོར་ཤེས་རྣོ་ལ། སེམས་འགྱུ་རྒོད་ཅིང་བརྩེ་དུངས་ཟབ་པས་ངོ་མཚར་བའི་སྐད་ཆའི་སྒྱུ་རྩལ་བཞེངས་སྐྲུན་བྱེད་ཐུབ་པས་སོ། ། བདག་ལ་མཚོན་ན་སྙན་ངག་འབྲི་བ་ནི་དགའ་ཕྱོགས་དང་མོས་འདུན་ཞིག་གིས་བསྐུལ་བ་ལས་ཟས་གོས་དང་ལྟོ་རྒྱབ། ཁེ་གྲགས་དང་ཆོ་ལོ། ལག་འབབ་དང་ངོ་སོ་གང་ལ་འདང་བརྒྱབ་མ་མྱོང་ལ། སྙན་ངག་རང་ངོས་ནས་བཤད་ནའང་ཐུན་མོང་རིག་གནས་ཀྱི་སྐྱེད་མོས་ཚལ་དུ་ནམ་ཡང་མི་བཀུམས་པའི་མེ་ཏོག་པད་མ་སྟོང་ལྡན་ཞིག་ཡིན་པས་རིག་གཞུང་འཕེལ་རྒྱས་དང་དུས་རབས་འཕེལ་རྒྱས་ཀྱི་བརྡབ་གསིག་དང་འཕོ་འགྱུར་ཇི་འདྲ་ཆེ་ནའང་ནམ་ཡང་སྐད་ཆའི་སྒྱུ་རྩལ་གྱི་རྗེ་བོ་ཉིད་ཡིན། དེ་བས་རང་ཉིད་ལ་མཚོན་ན། ཆེས་ཡིད་ཕངས་པ་ཞིག་ཡོད་པ་ནི་འདས་པའི་ལོ་བཅུ་ཕྲག་ལྷག་ལ་སྙན་ངག་འབྲི་མ་ཐུབ་པ་ནི་ཧ་ཅང་ནས་སྐྱོ།

ཁྲི་སེམས་དཔའ། ཁྱེད་ཀྱི་སྙན་ངག་ནང་ཞིང་གྲོང་གི་འཚོ་བ་མཚོན་པ་ཤིན་ཏུ་མང་། དེ་བས་འགའ་རེས་ཁྱེད་ལ་ཞིང་གྲོང་གི་སྙན་ངག་པ་ཞེས་ཀྱང་འབོད། ཁྱེད་ལ་མཚོན་ན་རང་ཉིད་འཚར་ལོངས་བྱུང་སའི་ཞིང་གྲོང་དེ་ནམ་ཡང་བྲིས་མི་ཚར་བའི་སྙན་ངག་རིང་མོ་ལྟ་བུ་ཞིག་ཏུ་གྱུར་འདུག ངས་འདྲི་འདོད་པ་ནི་སྙན་ངག་པ་དང་ཕ་ཡུལ་བར་གྱི་འབྲེལ་བ་དེ་ག་འདྲ་ཞིག་ཡིན་ནམ།

རམས་ཚེ་བྷོ། འོ། རེད། ཞིང་གྲོང་གི་སྙན་ངག་ཅི་ལ་བྲིས་པ་ཡིན་ཟེར་ན། ངས་ཐོག་མར་དེང་རབས་བོད་ཀྱི་སྙན་ངག་པ་གཅན་མེ་སྟག་མཆོག་ལ་བཀའ་དྲིན་ཞུ་འདོད་པ་ཡིན། དེ་ནི་ལོ་རབས་དགུ་བཅུའི་ལོ་སྟོད་ཙམ་རེད། སྐབས་ཐོག་དེར་རང་མོས་སྙན་ངག་འབྲི་དུས་ངེས་པར་དུ་སྦྲ་ནག་དང་རྩྭ་ཐང་། ནོར་ནག་དང་ཁ་ཚུབ་ལ་སོགས་པའི་འབྲོག་པའི་འཚོ་བ་མཚོན་བྱེད་ཅིག་མ་བྲིས་ཚེ་བོད་ཀྱི་འཚོ་བ་མཚོན་མེད་པ་དང་བོད་ཀྱི་སྙན་ངག་ཀྱང་མིན་པ་ལྟ་བུའི་སྣང་ཚུལ་ཞིག་ཆགས་ཡོང་གི་འདུག ཉིན་ཞིག་ཁོས་ང་ལ་ངེད་གཉིས་ནི་ཞིང་པའི་ཁྱིམ་རྒྱུད་དུ་སྐྱེས་ཤིང་ཞིང་གྲོང་གི་འཚོ་བར་ཆ་རྒྱུས་ཡོད་པས་ཞིང་གྲོང་གི་སྙན་ངག་འབྲི་ཞེས་ངེད་གཉིས་ཀྱིས་ཁ་བྱང་གཅིག་པའི་སྙན་ངག《གྲོང་ཚོ》《གླང་རྒན》《ཞིང་འབྲེག་བུ་མོ》བཅས་སྙན་ཚོམས་ཤིག་བྲིས་ཏེ་སྔ་གཞུག་ཏུ་《སྦྲང་ཆར》དུས་དེབ་ཏུ་སྤེལ་མྱོང་། དུས་དེ་ནས་བཟུང་བདག་གིས་སྒྱུ་རྩལ་རྩོམ་རིག་གང་ཞིག་རྩོམ་པའམ་སྒོས་སུ་སྙན་ངག་ཐན་ཐུན་རེ་འབྲི་ནའང་རང་ཉིད་ལ་རྒྱུས་ཆ་ཡོད་པ་དང་འདྲིས་ཆ་ཡོད་པའི་འཚོ་བ་དངོས་མ་ཞིག་བྲིས་ཚེ་ད་གཟོད་སྙན་ངག་ལ་གསོན་ཤུགས་ལྡན་པ་དང་རང་ཉིད་ཀྱི་སེམས་ཚོར་ངོ་མ་ཞིག་འབྲི་ཐུབ་པར་བསམས་ཡོད། བདག་གིས་ལོ་འདི་དག་ལ་སྙན་ངག་འགའ་རེ་བྲིས་པའི་ཁྲོད་དུ་རིག་གནས་ཞེས་མཐོ་སར་འགྲེང་བའམ་མི་རིགས་ཞེས་ཟབ་སར་འཛུལ་དེ་སྦོམ་བཤད་དང་ལྐོག་བཤད། རབ་རིབ་དང་མག་མོག་ཅི་ཡང་བྲིས་མེད་པའང་ཕལ་ཆེར་རང་གཤིས་ལ་རག་ལས་ཡོད་པར་སྙམ།

    ཞིང་གྲོང་ནས་ཐོན་པའི་ཞིང་གྲོང་སྙན་ངག་འབྲི་མཁན་ཞིག་ལ་མཚོན་ན། ཕ་ཡུལ་ནི་སོང་མི་ཚར་བའི་འཇིག་རྟེན་ཆུང་ཆུང་ཞིག་དང་བཀླགས་མི་ཚར་བའི་རྟོག་བརྗོད་རིང་མོ་ཞིག་ཡིན་པས། ཕ་ཡུལ་གྱི་མདུན་དུ་ང་ནམ་ཡང་ནར་མ་སོན་པའི་ཕྲུ་གུ་བཞིན་ཧ་ཅང་ཆུང་བ་དང་། བདག་གིས་བྲིས་ཟིན་པའི་སྙན་ངག་ཀྱང་བྱིས་པ་བསམ་མེད་ཅིག་གི་ཨག་སྐད་ལས་མ་འདས། ང་ཚོ་སྙན་ངག་པའི་སྡེ་རུ་ཕ་ཡུལ་འབྲི་མཁན་ཤིན་ཏུ་མང་ཡང་ངེས་དོན་གྱི་ཕ་ཡུལ་གླེང་ཐུབ་མཁན་ཁག་པོ་རེད། བདག་གིས་ཞིང་གྲོང་གི་འགྱུར་ཁུགས་ཞེས་གྲོང་ཚོ་ཆུང་ཆུང་ཞིག་སྙན་ངག་གི་ཁམས་དང་རྒྱབ་ལྗོངས་སུ་བསྐྲུན་ཏེ་ཕ་ཡུལ་གྱི་བརྩེ་བ་དང་། དུས་རབས་ཀྱི་འབོད་སྐུལ། ལོ་རྒྱུས་ལ་ཕྱིར་རྟོག འཚོ་བ་ལ་བསམ་གཞིག འབྱུང་འགྱུར་ལ་རེ་ལྟོས། བརྩེ་དུངས་ཀྱི་མངར་སྐྱུར། ཚེ་སྲོག་གི་རིན་ཐང་སོགས་སྨྱུག་རྩེ་ཕ་ཡུལ་ལ་བསྒྱུར་ཡོད་ནའང་། ཕ་ཡུལ་གྱི་བློ་ཁོག་ཤིན་ཏུ་ཡངས་ཤིང་། ཕ་ཡུལ་གྱི་ལང་ཚོ་ཤིན་ཏུ་མཛེས་པས་ན། ཕ་ཡུལ་གྱི་མདུན་དུ་ང་ནམ་ཡང་ཆུང་དྲགས་པས་ངས་ད་དུང་ཕ་ཡུལ་ལ་བསྟོད་གླུ་བླངས་ཚར་མེད། ངས་ད་དུང་ཕ་ཡུལ་གྱི་གསང་རྣམ་རྟོགས་མེད། དེ་བས་ངས་མ་འོངས་པར་ཡང་མུ་མཐུད་དུ་ཞིང་གྲོང་གི་སྙན་ངག་འབྲི་བར་ཤི་འཐམ་རོ་འཐམ་རེ་བྱ་བསམ་ཡོད།

1467614346742985.jpg

ཁྲི་སེམས་དཔའ། སྙན་ངག་གསར་རྩོམ་གྱི་སྐབས་སུ་ཁྱེད་ལ་དམིགས་བསལ་གྱི་ཁོར་ཡུག་བཀོད་སྒྲིག་དང་གོམས་སྲོལ་ཁྱད་པ་བ་འདྲ་ཡོད་དམ།

རམས་ཚེ་བྷོ། དྲང་མོར་བཤད་ན། བདག་གིས་སྙན་ངག་འབྲི་བ་ལ་དམིགས་བསལ་གྱི་ཁོར་ཡུག་ཅི་ཡང་མེད་དེ། ངས་ད་རག་བར་དུ་ད་ནི་ངས་སྙན་ངག་ཅིག་འབྲི་དགོས་ཞེས་ཆེད་དུ་དུས་ཚོད་ཅིག་དང་ཁོར་ཡུག་ཅིག་གཏན་ཁེལ་བྱས་ཏེ་མགོ་རུམ་ལ་བཅུག་སྟེ་སྙན་ངག་བྲིས་མ་མྱོང་། སྐབས་ཐོག་ཏུ་དོན་རྐྱེན་ག་གེ་མོ་དང་ཕྱིའི་འཇིག་རྟེན་གྱིས་སེམས་ཀྱི་ཡོ་ལང་འཁྲུགས་པར་བཟོས་ཚེ་ད་གཟོད་དགའ་སྐྱོ་ཆགས་སྡང་གི་ཡིད་འགྱུར་དང་བསྡོངས་ནས་སྙན་ངག་རེ་གཉིས་བྲིས་པ་ཡིན། དེ་ངའི་སྙན་ངག་གི་ཁོར་ཡུག་ཡིན་ཞེས་བཤད་ཀྱང་ཆོག་སྟེ་ལེ་ལོ་པའི་གོམས་གཤིས་ཤིག་ཀྱང་ཡིན་སྲིད།

   ཁྲི་སེམས་དཔའ། ཁྱེད་ཀྱིས་རང་གི་གསར་རྩོམ་གྱི་བརྒྱུད་རིམ་ལ་ཕྱིར་དྲན་ཞིག་བྱས་ན། ཆེས་དོན་སྙིང་ལྡན་པ་དེ་ཅི་ཞིག་རེད།

    རམས་ཚེ་བྷོ། རང་སེམས་ཀྱི་དད་མོས་ཤིག་དང་ན་ཟུག་ཅིག ཡང་ན་སྡུག་ཡུས་ཅིག་དང་དགའ་སྣང་ཞིག་གནས་དབྱུང་བྱུང་བ་དེར་དོན་སྙིང་ཆེན་པོ་ལྡན་ནོ་འདོད། བདག་གི་སྙན་དེབ《ཞིང་གྲོང་གི་འགྱུར་ཁུགས》ལས་སྙན་ངག་མང་ཆེ་ཤས་ལོ་རབས་དགུ་བཅུའི་ནང་བྲིས་པ་དག་དག་ཡིན་ལ། ད་ལྟ་མིག་ལ་ཤར་ཐེངས་རེར། དེ་ནི་ཉིན་ཐོ་ཞིག  སྡེབས་རིས་ཤིག   ལོ་རྒྱུས་ཤིག   རྡོ་རིང་ཞིག   དྲན་སྐུལ་ཞིག་རེད། དེར་དོན་སྙིང་ཟེར་རྒྱུ་ཨེ་རེད། ང་མི་སྒེར་ནས་བཤད་ན་དོན་སྙིང་ཡོད་པར་འདོད་ཡོད། ཨེ་རེད། སྐུ་ཉིད་ཀྱང་དེང་རབས་བོད་ཀྱི་ན་གཞོན་སྙན་ངག་པ་ཕུལ་བྱུང་ཅན་ཞིག་ཡིན་པས་དེ་ལྟ་བུའི་ཉམས་སྣང་ཡོད་སྲིད་ཀྱི་རེད། ཡང་གཅིག་བཤད་ན། དོན་སྙིང་གཙོ་བོ་དེ་བདག་གི་སྙན་ངག་གིས་ཀློག་པ་པོ་དང་སྤྱི་ཚོགས་བྱིངས་ལ་ཤུགས་རྐྱེན་ག་ཚོད་ཐེབས་སུ་བཅུག་པ་དེ་ཡིན་པས་རང་ཉིད་སྙན་ངག་པ་ངོ་མ་ཞིག་མ་ཡིན་འདོད་ཡོད།

ཁྲི་སེམས་དཔའ། ཁྱེད་ཀྱི་སྙན་ངག་ཅེས་པར་གོ་བ་ཇི་ལྟར་ལེན་བཞིན་ཡོད། ཁ་ཤས་ཀྱིས་སྙན་ངག་གིས་མི་རིགས་ཤིག་སྐྱོབ་མི་ཐུབ། སྙན་ངག་འབྲི་བ་ནི་ཉི་མ་གཏོང་ཐབས་ཤིག་རེད་ཟེར། དེར་ཁྱེད་ལ་ལྟ་ཚུལ་ཅི་ཞིག་ཡོད།

རམས་ཚེ་བྷོ། ཉེ་སྔོན་དྲ་ལམ་ན་སྙན་ངག་ཟེར་བ་བོད་སྤྱི་ཚོགས་ལ་མཁོ་མིན་དང་དེས་མི་རིགས་ཤིག་སྐྱོབ་ཐུབ་མིན་སྐོར་མང་པོ་ཞིག་བཤད་ཀྱིན་འདུག ནང་དོན་རིག་པ་བསྟན་འགྲོ་ཀུན་ལ་ཕན་ནུས་ངེས་ཅན་ལྡན་པ་ཇི་བཞིན་དུ་སྒྲ་རིག་པས་སྤྱི་ཚོགས་ཁྱོན་ཡོངས་ལ་བྱེད་ནུས་གལ་ཆེན་ཐོན་ཡོད་པ་ཁོ་ཐག་ཡིན། ཅིའི་ཕྱིར་ཞེ་ན། སྔ་ཕྱི་གཉི་ག་བོད་ཀྱི་རིག་གནས་ཡིན་པས་རེད། དེ་ལ་གཙོ་ཕལ་དགར་བའམ་བླང་དོར་འབྱེད་པ་ནི་མ་རིག་པའི་གང་ཟག་ཅིག་གི་བསམ་བློའི་འཐེན་ཁྱེར་ལ་སྙུང་གཞི་ཚབ་ཆེན་ཕོག་པ་ཡིན་པས་རང་ཉིད་ཀྱི་སྐད་ཆའི་འགན་འཁྲི་མ་འཁུར་པ་ཡིན། འཛམ་གླིང་མི་རིགས་གང་དང་སུ་ཞིག་ཡིན་ཀྱང་སྒྱུ་རྩལ་བརྩམས་ཆོས་ཀྱིས་སྤྱི་ཚོགས་ལ་བྱེད་ནུས་མ་ཐོན་པ་ཞིག་ག་ལ་ཡོད། བསྐྱུར་ཞོག   འདིའི་སྐོར་ནས་དེ་ཙམ་བྱ། སྐུ་ཉིད་ཀྱི་དྲི་གཞི་སྔ་མ་དེ་ངས་སྙན་ངག་ལ་གོ་བ་ཇི་ལྟར་ལེན་པ་དེ་རེད། ངོ་མ་བཤད་ན། རྩོམ་རིག་བརྩམས་ཆོས་ལས་གོ་བ་ཆེས་ལོན་དཀའ་བ་ནི་སྙན་ངག་རེད། ལྷག་པར་དུ་ད་ལྟ་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བཞིན་པའི་རང་མོས་སྙན་ངག་རེད། རང་ཉིད་ལ་མཚོན་ན་ལོ་ངོ་ཉི་ཤུའི་རྩོམ་སྒྲིག་པ་བྱས་མྱོང་བའི་ཆ་ནས་ལོ་འདི་དག་གི་རིང་ལ་རང་མོས་སྙན་ངག་ཆིག་འབུམ་ལྷག་བཀླགས་མྱོང་ཡོད་ཀྱི་རེད། གོ་དཀའ་བའི་སྙན་ངག གོ་སླ་བའི་སྙན་ངག ཚོར་བའི་སྙན་ངག  བརྩེ་དུངས་སྙན་ངག དོན་བརྗོད་སྙན་ངག དུངས་བརྗོད་སྙན་ངག  ནང་བསྟན་སྙན་ངག ཆགས་སྲེད་སྙན་ངག རྐྱལ་སྟོང་སྙན་ངག་བཅས་སྙན་གཞུང་གང་གི་ཆར་གཏོགས་མིན་མི་ཤེས་པའི་སྙན་ངག་མང་པོ་ཞིག་བཀླགས་མྱོང་། ཁོ་ཚོའི་ཁྲོད་དུ་རྗེ་བདག་ཉིད་ཆེན་པོའི་རྟེན་འབྲེལ་བསྟོད་པ་ཞེས་བོད་པའི་སྙན་ངག་གི་རྒྱལ་མཚན་དུ་བསྒྲེངས་ནས་སྙན་ངག་གི་ཚད་གཞི་གླེང་མཁན་དང་། ཧེ་ཙི། ལའོ་དབྱིས་ཧུ། ཞི་ཁྲོན་གསུམ་གྱི་སྙན་ངག་ཅེས་རྒྱའི་གསར་དར་སྙན་ངག་གི་དར་ཆ་བསྒྲེངས་ཏེ་སྙན་ངག་གི་ཚད་ཐིག་འཇལ་མཁན་མང་དུ་བྱུང་བས། ངས་དངོས་གནས་ད་ཆའི་སྙན་ངག་གི་གོ་བ་ལོན་དཀའ། དོན་ངོ་མར་ཁོ་ཚོའི་ཁྲོད་དུ་བརྩམས་ཆོས་དེ་དག་གི་དགོངས་གཞི་ཡང་དག་ཅིག་རྙེད་མཁན་ཡོད་མེད་སུས་ཤེས། ཡང་གཅིག་བཤད་ན། ན་ནིང་དོ་ཚིགས་དེང་རབས་བོད་ཀྱི་སྙན་ངག་ཚད་གཞི་འཇལ་བྱེད་ཁྲུ་ཤིང་བོད་ནས་མ་རྙེད་པར་རྒྱ་གར་ལའང་འབྲེལ་བ་མེད་པར་ནུབ་གླིང་དང་རྒྱ་ཡུལ་ན་ཡོད་པར་བཟོས་ཡོད་པས་ངས་གཞི་ནས་རང་མོས་སྙན་ངག་གི་གོ་བ་ལོན་དཀའ། 

888888.jpeg

ཁྲི་སེམས་དཔའ། སྙན་ངག་སྤེལ་ས་ལེགས་ཤོས་དེ་ཚགས་དེབ་རེད་དམ་དྲ་བ་རེད། རྒྱུ་མཚན་ཅི།

རམས་ཚེ་བྷོ། དྲི་བ་འདི་བཅའ་ཁྲིམས་ཀྱི་ལམ་ནས་བཤད་ན་ཨེ་ཆོག་གི ཨ་ལ་ཀུ་རེ་ཡིན། སྙན་ངག་འབྲི་བའམ་སྤེལ་བ་གང་ཞིག་ཡིན་ནའང་དེར་ཡང་མི་རིགས་སྤྱི་ཚོགས་དང་རིག་གཞུང་འགན་འཁྲི་ཡི་གླེང་ཕྱོགས་རྩ་དོན་ཞིག་ཡོད་པས་རང་སྣང་གང་ཤར་དང་རིག་གནས་གཏོར་བཅོམ་གྱི་ཉེན་ཁ་བརྒྱུད་དགོས་དོན་མེད་ཀི དེར་ཚགས་དེབ་དང་དྲ་འཕྲིན་གང་ཡིན་ཀྱང་དོགས་ཟོན་གྱིས།

ཁྲི་སེམས་དཔའ། ཁྱེད་ཀྱིས་རང་གི་ཀློག་པ་པོར་ཆེས་བཤད་འདོད་པའི་སྐད་ཆ་ཅི་ཞིག་ཡིན།

རམས་ཚེ་བྷོ། བཀའ་དྲིན་ཆེ། བཀའ་དྲིན་ཆེ། ཁྱེད་རང་ཚོས་ད་རག་བར་དུ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ལས་ཅང་ཞུ་རྒྱུ་མེད། ང་ཚོས་མཉམ་པོར་སྙན་ངག་འབྲི། ང་ཚོས་མཉམ་པོར་སྙན་ངག་ཀློག

   ཁྲི་སེམས་དཔའ།  མཇུག་མཐར་ཁྱེད་ཀྱིས་ངའི་བཅར་འདྲི་དང་ལེན་བྱས་པར་བཀའ་དྲིན་ཆེ།  ཉིད་ཀྱི་གསར་རྩོམ་གྱི་རླུང་རྟ་སྔར་ལས་དར་བར་ཤོག  

རམས་ཚེ་བྷོ།  ཁྱེད་ལའང་བཀའ་དྲིན་ཆེ། བཀྲ་ཤིས་ཞལ་དྲོ།

རྩོམ་སྒྲིག་པ། རམས་ཚེ་བྷོ།

དཔྱད་མཆན 0 ཡོད།