ཕོ་ལོ་བཞི་བཅུ་དང་ལོ་གསར།

ཕྱི་ཐོག་ཏུ་བྱ་བ་གཉེར་ཏེ་ལོ་གང་མང་ཞིག་ཕྱིན་ན་ཡང་།ངས་ནི་ད་ལྟའི་བར་དུ་ཕྱི་ནས་ལོ་ཐེངས་གཅིག་ལ་ཡང་སར་མ་མྱོང་སྟེ།ཚང་མ་ཕ་ཡུལ་དུ་སར་བ་ཡིན།འདི་ནི་སྐབས་འགྲིག་ཅིང་སྟབས་འཕྲོད་པ་སོགས་ཀྱི་མཐུན་རྐྱེན་ཚང་བ་ལས་བྱུང་བ་ལས་མ་འདས།ཉེ་འཁོར་གྱི་གྲོགས་པོའམ་ངོ་ཤེས་རེ་འགའི་ངག་ནས་ལོ་ཕ་ཡུལ་དུ་སར་མ་ཐུབ་པར་ཡིད་ཕངས་ཏེ་ཕྱི་རྐྱེན་དག་ལ་ལེ་བདའ་གཏོང་ཚེ།ང་ལ་དེ་ལྟའི་སེམས་སུ་སྟོང་ཆར་ལུས་པའི་ཕངས་པའི་གཞི་ཞིག་ཡོད་མ་མྱོང་།འོན་ཏེ་དགུན་ཁར་གནང་བ་འཁྲོལ་ཏེ་གྲོང་ཁྱེར་གྱི་རྡོ་ཁང་དུ་སྡོད་ཡུན་ཅུང་རིང་བ་ན།ང་ལ་ཡུན་གྱིས་ངན་གཤིས་ཤིག་གོམས་པ་ནི།དགུན་གྱི་ཙག་ལ་འཛེམ་སྟེ་ཕྱི་རོལ་གྱི་བསེར་ཁར་དེ་འདྲ་འགྲོ་རྒྱུར་མི་དགའ་བ་དེ་རེད།ས་འོག་དྲོད་རླངས་ཟེར་བ་འདིས་དངོས་གནས་མིའི་རྐང་མཐིལ་ནས་ཀླད་གཙུག་ཡོངས་སུ་བཏུམས་ཏེ།དྲོད་ཀྱི་བདེ་བ་ཅི་དགར་མྱོང་དུ་འཇུག་པ་ནི།ལོ་ན་ཆེ་རུ་སོན་ཏེ་ལུས་སྟོབས་ཉམས་ཀྱིན་པའི་ང་ཚོར་མཚོན་ན་དགེ་བ་ཆེན་པོ་ཞིག་ཅི་ལ་མིན།དེ་མ་ཟད་མེ་ཁང་དང་ཆབ་ཁང་སོགས་ཀྱང་ཁང་པ་གཅིག་ཏུ་བཀོད་པ་འདིས་རྐང་ཚེགས་ལ་གཏད་མི་དགོས་པའི་སྟབས་བདེ་བོ་ཞིག་བསྐྲུན་པ་ཡང་སྨྲས་ཅི་དགོས།དེ་བས་ངས་ཀྱང་གྲོང་ཁྱེར་གྱི་གྲོང་པ་འགའ་རེ་ལྟར་ལོ་གསར་གྲོང་ཁྱེར་དུ་རོལ་རྒྱུ་ཡིད་དུ་དྲན་མོད།ཆུང་དང་གཞོན་པའི་ལོ་ཟླ་རི་གྲོང་ནས་སྐྱེལ་བའི་ང་ལ་མཚོན་ན་གྲོང་ཁྱེར་ནི་ནམ་ཡང་ཟང་ཟིང་འདུ་འཛི་ཆེ་བའི་གྲོང་ཁྱེར་རང་སྟེ།འདི་ན་མི་ཚོགས་ནི་ཆུ་རྒྱུན་བཞིན་སྲང་ལམ་དང་ཁང་བརྩེགས་ཀྱི་བར་གསེང་གང་རུང་ན་བཞུར་གྱིན་ཡོད་ན་ཡང་།རང་ལ་མཉེས་གཤིན་ཆེ་བ་ཞིག་ཆུ་རྒྱུན་འདིའི་ཀློང་དུ་ཧ་ཅང་དཀོན་ལ།རང་ཉིད་ནི་སྔར་མུས་བཞིན་རི་ཁུག་ནས་འོངས་པའི་གྲམ་རྡོ་མཁྲེགས་པོ་ཞིག་དང་མཚུངས་པར་ཆུ་རྒྱུན་འདིའི་རླབས་ཀྱིས་ཆུ་ངོགས་སུ་དེད་དང་འདེད་ཀྱིན་འདུག འདི་རུ་རང་ལའང་སྡོད་ཁང་ཞིག་མངའ་ན་ཡང་།དེ་ནི་གནས་ཁང་གཡར་པོ་ཞིག་ལྟར་གཏན་སྡོད་དཀའ་བའི་གནས་པོ་ཞིག་གི་སྣང་བ་བཅོས་མིན་དུ་སྟེར།ལོ་གསར་ཐེངས་གཅིག་ཀྱང་འདི་རུ་མ་རོལ་ན་ཡང་།གནའ་བོའི་ཡུལ་སྲོལ་གོམས་འདྲིས་ཀྱི་རྫོང་སྲབ་པའི་གནས་ཤིག་ཏུ་ལོ་སར་ཚེ།གནའ་བོའི་ཁ་དོག་བཀྲ་ཞིང་བྲོ་བ་སྟུག་པའི་རི་གྲོང་ལྟ་བུའི་སྣང་བ་དང་ཉམས་ནི་ཀུན་ནས་དབུལ་བ་དཔག་ཐུབ།དེའི་ཁར་སྐབས་རེར་རྡོ་ཁང་གྲུ་བཞི་འདི་ལུས་པོ་ཤོང་བའི་སྐྱིབས་གནས་ཙམ་དུ་སྣང་སྟེ།སྡོད་པའི་མི་ལ་བདེ་ཞིང་འཇམ་ན་ཡང་།ས་འོག་དྲོད་རླངས་འདི་ལྕི་བ་དང་འབུད་ཤིང་བསྒྲོན་པའི་ཐབ་མེ་ལྟར་མིའི་འབྱུང་ཁམས་ལ་ཧ་ཅང་འཕྲོད་པ་ཞིག་མིན་པར་མི་ལ་དུས་མིན་དུ་གཏི་མུག་གཉིད་སློང་བར་བྱས་ཤིང་།ཉབ་ཉོབ་དབ་དོབ་དང་།དབུགས་ཀྱིས་བཏུམས་པ་ལྟ་བུའི་གུ་དོག་པོའི་ཚོར་བ་མི་བདེ་བ་ཞིག་སྟེར་བ་ནི་རི་གྲོང་གི་ཡུལ་མི་ཚོས་བཙོན་ཁང་དུ་འབོད་པ་བཞིན་ནོ། །དེའི་ཁར་གཞིས་འཛིན་གྱི་ཕུ་བོས་ཀྱང་ང་ལ་ལོ་སར་དུ་ཡུལ་ལ་ཤོག་ཅེས་ནན་ནན་བྱས་བྱུང་།དེར་བརྟེན་བཟའ་ཟླ་དང་བུ་ཕྲུག་ངེད་གསུམ་པོ་སྔར་བཞིན་ལོ་སར་དུ་ཕ་ཡུལ་དུ་འགྲོ་བར་གྲོས་ཐོག་གཅིག་ཏུ་བབས།ལྷག་ཏུ་སློབ་ཆུང་ཕ་ཡུལ་དུ་འགྲིམ་བཞིན་པའི་བུ་ཆུང་གིས་ལོ་སར་ནམ་སླེབས་ཀྱི་ཉིན་གྲངས་ཁ་ནས་འདོན་ཞིང་།ཚེས་གཅིག་ནངས་མོར་རྩེད་གྲོགས་ཆུང་ཆུང་དག་དང་མཉམ་དུ་ལོ་སློང་དུ་འགྲོ་བར་རེ་ཞིང་བྲེལ་བཞིན་པས།(བུ་ཆུང་ལོ་གསར་ནམ་སླེབས་ལ་རེ་ཞིང་བྲེལ་སྐབས།ལོ་བཞི་བཅུའི་ནང་གི་ང་རང་བྲེལ་རྒྱུ་ཕར་ཞོག ལོ་སར་ཚར་དུས་རང་ཉིད་ལོ་གཅིག་གིས་ཆེ་རུ་འཕར་ངེས་ཞེས་འཚིག་པ་ཟ་རྒྱུ་ཞིག་གམ་ཞེ་སྨྲེང་རྒྱུ་ཞིག་བྱུང)བྱིས་པ་ཆུང་ཆུང་གི་རེ་བ་མི་སྐོང་བློས་ག་ལ་ཆོད།

རྫ་རི་དང་སྤང་རིས་མུ་ཁྱུད་དུ་བསྐོར་བའི་ཕ་ཡུལ་དུ་སླེབས་པ་ན།དགུན་གྱི་ཙག་ནི་ལུས་ལ་བརྟོལ་ཏེ་འོང་བས།དྲོད་རླངས་ཀྱིས་ངན་ལང་དུ་བཏང་བའི་ང་ཚོར་གྲང་བས་འདར་དུ་བཅུག་ཅིང་།གཉའ་སྒོང་སྒོང་དང་ལག་པ་ཕུར་ཕུར་གྱིས་རང་ཚུགས་ཡོངས་སུ་འཆོར་བཞིན་ཨོང་མེ་ལམ་ལམ་གྱི་ཐབ་རྩར་རུབ་པའམ་ལྕགས་ཐབ་མཐའ་རུ་སྐོར་ཅི་ཐུབ་བྱས།དགོང་མོར་བཤང་གཅི་འདོར་དུ་ཕྱི་རུ་འགྲོ་དུས་ལེ་བདའ་རེ་ཡང་ཁ་ནས་ཤོར་འགྲོ།ཡིན་ན་ཡང་ཉིན་འགའ་འདས་པ་ན།ང་ཚོ་ཡུན་གྱིས་ལོབས་པར་གྱུར།དང་པོའི་ལྟེ་ཁྲག་འཕོ་སའི་ལས་འབྲེལ་ནམ་ཡང་བཤིག་རྒྱུ་མེད་པ་ཡིན་ནམ།ཡང་ན་དྲིན་ཆེན་ཚོའི་བརྩེ་ཞེན་དྲོན་མོ་མ་ཡལ་གཞིས་ཁྱིམ་འདིའི་ག་ས་གང་དུ་འཁྱིལ་བའི་རྐྱེན་གྱིས་ཡིན།ཚ་ཐབ་ཐོག་ལུས་ཕབ་པ་ན་དེའི་མུར་གཉིད་དུ་ཞུགས་འགྲོ།རྨི་ལམ་མི་འཁྲུགས་ཤིང་སྔུར་བ་ཡང་མོ་འཐེན་པའི་གཉིད་བདེ་མོ་འདིས་ལུས་ཀྱི་ངལ་དུབ་ལྷག་ལུས་མེད་པར་སངས་པར་བྱས་པས།ནངས་མོར་མལ་ལས་ལྡང་དུས་མི་ནི་ཁམས་དྭངས་ལུས་ལ་སྟོབས་ཀྱིས་ཁེངས་པ་ཞིག་ཏུ་འགྱུར་ཞིང་།མཁར་སྟེང་གི་ཆ་མའི་གསེབ་ཀྱི་གྲེ་འགྱུར་དྭངས་མོ་དེ་རྣ་རུ་ལྷུང་མ་ཐག་སེམས་ཁོང་རིལ་བོར་འོད་ཀྱིས་བཀྲུས་པ་ལྟར་བདེ་འབོལ་ལེར་གྱུར།ཁང་པའི་ལྷས་ལ་བུད་པ་ཙམ་གྱིས་སྟོད་ཕྱོགས་ཁ་བའི་ཐོར་ལྕོག་མནབས་པའི་རྫ་མཐོན་པོའི་མགོ་ལ་ཞོགས་པའི་ཉི་ཟེར་གྱི་ཁུ་བ་བྱུགས་པ་མཐོང་ལམ་དུ་མངོན་ལ།བབ་བརླིང་ལྷུན་ཆགས་ཀྱི་ངང་ལ་ཁུ་སུམ་མེར་བཞུགས་པའི་ཚུལ་དེས་ཡབ་མེས་ཚོའི་ལུས་སྟེང་ན་རང་ཆས་སུ་མངའ་བའི་བབ་བརླིང་དྲན་པས་གསོ་བར་འཇུག་པའི་མོད་ལ།ཟ་ཟིར་གཡེང་ཆེ་བའི་རང་སེམས་འདིའི་མགོ་ཡང་ཅུང་ཙམ་མར་གནོན་ཐུབ་པ་བྱུང་།ང་ཡི་སྐྱེས་ཡུལ་འདི་ངེས་པ་དོན་གྱི་རི་ཁུག་ཅིག་ཡིན་ཞིང་།ཁང་ཁྱིམ་ཡོད་ཚད་རི་ཆུའི་ཕང་བར་ཆགས་པས། རྒྱ་སྒོ་ཕྱེ་མ་ཐག མདུན་རི་གཙོས་པའི་ཕྱོགས་མཐའི་རི་རྒྱུད་མ་ལུས་ཅི་དང་གང་གིས་ཀྱང་སྒྲིབ་པ་མེད་པར་མིག་གི་དབང་པོའི་སྤྱོད་ཡུལ་དུ་གསལ་ལེར་བྱོན་ཅིང་།རི་རྩེ་དང་གྲམ་གཞུང་གི་ཆབ་རོམ་ནས་ལྡིང་བའི་ཞོགས་པའི་བསིལ་ཞིང་འཁྱག་པའི་མཁའ་དབུགས་ཅི་དགར་རྔུབ་ཆོག

དེ་ལྟར་མལ་ནས་ལྡང་སྟེ་སྒོ་རུ་འཆམ་འཆམ་བྱེད་བཞིན་ཕྱོགས་བཞིར་མིག་གཡེང་བྱས་པ་དང་།བྲོ་རྫས་ཀྱིས་མ་བསླད་པའི་ཞིང་གྲོང་གི་ཞོགས་ཟས་ལ་ཡིད་ཚིམ་པ་ཞིག་རོལ་རྗེས།བདག་རང་མུ་མཐུད་དུ་ཕྱི་རོལ་ཏུ་ཕྱིན་ཏེ།ཕ་ཡུལ་གྱི་དགུན་ལྗོངས་ལ་རྣམ་པར་གཡེང་།

དགུན་བོད་ལོའི་ནངས་དགུང་གི་ཉི་འོད་ནི་ས་གཞི་དང་རྒྱང་བཀྱེད་དེ་གསེག་ཏུ་འཕྲོ་བཞིན་པས།སེར་སྣས་བཅིངས་པའི་ནོར་གྱི་བདག་པོ་བཞིན་ལུས་ལ་དྲོད་ཐིག་རྒྱས་སུ་མི་འཇུག་མོད།རེག་བྱ་རྩུབ་པའི་རླུང་བསེར་བུ་ནི་ཉི་འོད་ཀྱི་ལྡ་ལྡི་ཁྲོད་ན་རྒྱ་ཡན་དུ་རྒྱུ་བཞིན་འདུག དགུན་ཁའི་རླུང་བསེར་བུ་དེ་ལྟར་གདོང་དང་ལུས་ལ་རྩུབ་ན་ཡང་།གཡས་གཡོན་མདུན་རྒྱབ་ཀྱི་རི་ལུང་དག་ནི་སྔར་བཞིན་རང་མདངས་མ་ལོག་རྒྱུས་ཡོད་དུ་ཤར་ཞིང་།སྒང་རྒྱུད་དང་རྩེ་མོ་ཁ་བས་གཡོགས་པ་ཉི་འོད་ཀྱི་ཀློང་ན་ལྡོག་འོད་ལམ་ལམ་དུ་འཕྲོ་ལ།རི་ཞོལ་དང་གཞོང་གི་ལྗོན་པའི་སྟར་ཕྲེང་དང་ཚལ་སོགས་དབྱར་གྱི་བཀྲག་མདངས་ཡལ་ཏེ་བག་འཁུམས་པར་སྣང་ན་ཡང་།སྲོག་གི་དབང་པོས་མ་བཏང་བའི་ལྗང་མདོག་ད་དུང་ལུས་ལ་འཁྱུད་པ་ནི།དགུན་ལ་མཛེས་ཆོས་ཡན་གར་བ་ཞིག་བསྣན་པའི་ཡག་སྣང་ཞིག་མིའི་སེམས་སུ་བསྐྱིལ་ཡོང་།ལྗོན་རྩེ་རུ་གཤོག་རྡེབ་བྱེད་ཀྱིན་སྐད་འབྱིན་པའམ་ཕར་ལྡིང་ཚུར་ལྡིང་གིས་ཅ་ཅོ་སྒྲོག་པའི་འདབ་ཆགས་ཚོས་དགུན་གྱི་དབེན་འཇགས་དཀྲོགས་ཀྱིན་མི་ལ་ཉམས་སྣང་གསོན་པོ་ཞིག་སྟེར།བདག་ནི་དེ་ལྟར་ཕྱོགས་བཞིར་གཡེངས་ཤིང་།ལུས་སེམས་གཉིས་ཀ་དེ་ལྟར་བསེར་ཁར་གཡེང་བ་ན།རྡོ་ཁང་གྲུ་བཞིས་ཉབ་ཉོབ་ར་རོ་རུ་བཏང་བའི་དབང་པོ་སྒོ་ལྔའི་སྒྲིབ་པ་རང་སར་བྱང་ལ།དུས་མིན་དུ་འཐིབས་པའི་བྱིང་རྨུགས་དག་ཀྱང་གང་ཞིག་ལ་བདས་པ་ལྟར་དབང་པོ་གསལ་ཞིང་རིག་པ་རྒྱས་ལ།ལུས་ཀྱི་འདུ་བ་སྙོམས་པའི་བདེ་བ་ཁྱད་པར་བ་ཞིག་སྐྱེས།

རུ་བར་ནས་སྐབས་སྐབས་སུ་གྲགས་པའི་ཤོག་སྦག་གི་གས་སྒྲ་དང་བྱིས་པ་ཚོའི་འུར་སྒྲ་ལ་ལོ་གསར་བ་ཐོན་ལ་ཉེ་བའི་ཉམས་ཀྱིས་ཁེངས་འདུག

གནམ་གང་ཉིན་མོ་གཞི་ནས་སླེབས་བྱུང་།རིང་ནས་བསྒུགས་ཤིང་མཛུབ་མོ་བཀུག་བཀུག་གིས་བགྲངས་བགྲངས་པའི་ཉིན་དེ་དངོས་སུ་སླེབས་པས།བུ་ཆུང་ཁོས་ནམ་གསལ་མ་ཐག་ནས་ལོ་གསར་ཐོན་སོང་།ལོ་གསར་ཐོན་སོང་ཞེས་ཡང་ཡང་སྒྲོག་པར་མ་ཟད།ཕུ་བོ་དང་སྲུ་མོ་བཟའ་ཚང་གང་བོ་ལ་མ་བསྐུལ་དང་བླངས་ཀྱིས་ལོ་སྡོང་འཛུགས་རོགས་དང་ཁང་ཐོག་ནས་འབུད་ཤིང་ལེན་རོགས་སོགས་བྱས་བྱུང་།བྱིས་པ་ཁོ་དགའ་བ་ཁོང་ནས་འཕྱུར་ཏེ་ཁང་པའི་ཕྱི་ནང་དུ་ཡར་རྒྱུག་མར་རྒྱུག་དང་།གནམ་ལྡིང་ས་ལྡིང་གིས་རྩེན་པ་དེ་མཐོང་བ་ན།རང་ཉིད་ཀྱང་ཆུང་དུས་དེ་ལྟར་དགའ་མྱོང་བ་སྨྲ་ཅི་དགོས་སྙམ།དེ་དུས་ཕ་འཛོམས་མ་འཛོམས་ཡིན་པས།གནམ་འོག་གི་བྱིས་པ་བྱིངས་དང་འདྲ་བར་ལོ་གཅིག་གི་ལོ་གསར་རང་གི་བསོད་ནམས་ཀྱི་བགོ་སྐལ་དུ་ཅི་དགར་བླངས་པ་ཡིན།ངས་བསམ་ཤེས་རྒྱུ་ཅུང་འཕྱིས་པས།ཐ་ན་ལང་ཚོ་དར་ལ་བབས་དུས་ཀྱང་ལོ་གསར་ཐོན་པ་དང་ན་ཆུང་བྱིས་པ་ཞིག་ལྟར་ཕ་མ་སོགས་ཀྱི་མདུན་ནས་དགའ་འབོད་དང་གནམ་ལྡིང་ས་ལྡིང་གིས་རྩེན་པ་བརྗེད་དུ་མེད།ཡིན་ཡང་དེ་དུས་ངས་བསམ་མ་ཤེས་པ་མ་གཏོགས།ང་གཙོས་ཕུ་ནུ་ཚོ་དུས་ཆེན་གྱི་སྤྲོ་སྣང་གིས་འདེགས་སྐབས།ཕ་མ་གཉིས་ཀྱང་དེ་བཞིན་དུ་གཉེར་རིས་ཤིག་གེར་སྤྲོ་སེམས་ཀྱིས་བརྟས་ཚུལ་བཞིན་ནས་མངོན་མོད།འཇིག་རྟེན་འདུ་བྲལ་རེས་སུ་མྱོང་བའི་ཁོང་གཉིས་ཀྱི་ཡ་ཆུང་ཁོག་ན་མུན་པ་ཞིག་ལུས་པ་ག་ལ་ཚོར།ཨན་པན་ཐོག་ཏུ་ཁ་རོག་གེར་གོ་རེ་ལས་བཞིན་པའི་ཨ་མ་ལགས་ཀྱིས་མོའི་གམ་ན་བྱིས་པ་གླེན་པ་ཞིག་གི་ལྟ་སྤྱོད་སྟོན་བཞིན་པའི་ང་ལ་ལོ་གསར་ཐོན་དུས།ངས་རང་གི་ཕུ་བོ་དང་ཨ་ཅེ་སོགས་དྲན་ཡོང་ཞེས་བཞིན་ཤོར་གྱིན་མཆི་མ་ལྷུང་མོད།ངས་ཏལ་ཅིག་ལ་ཧ་གོ་མདོག་གིས་ཉན་ཁུལ་བྱས་ཀྱང་།རེ་ཞིག་འགོར་རྗེས་སྔར་བཞིན་གླེན་རྟགས་ཚ་བོ་བསྟན་པ་ཡིན།དེ་དུས་ང་རང་ཀླད་པ་དྭངས་ཤིང་ཤེས་པ་ཅུང་ཟད་ཙམ་འཛོམས་པས་ཀྱང་ཨ་མ་ལགས་ལ་སེམས་རྒྱ་བསྐྱེད་པའི་ཁ་བརྡ་རེའམ་ཁེར་རྐྱང་གི་གདུང་བ་སེལ་བར་གྲོགས་ཤིག་བྱ་ཐུབ་ངེས་མོད།དུས་ཆེན་གྱི་དགའ་འཛོམས་ཀྱིས་མྱོས་པ་ངས་འདང་མང་པོ་ཞིག་རྒྱག་མ་ཐུབ་ལ་བློ་མང་པོ་ཞིག་མ་འཁོར།ཕ་མ་གཉིས་པོ་མགོ་ཐོག་གི་ཉི་ཟླ་བཞིན་མི་མཐོང་ནུབ་རིའི་ཕག་ཏུ་ཡལ་རྗེས།ངས་གཞི་ནས་དུས་ཆེན་སླེབས་དུས་དེ་དུས་ཨ་མ་བཞིན་མདངས་ཉམས་དོན་དང་མོས་གདངས་དམའ་མོས་བཤད་པའི་སྐད་ཆའི་དོན་རིམ་གྱིས་གོ་བྱུང་།ངོ་མ་འཇིག་རྟེན་འདིའི་གནས་ལུགས་དང་ཆོས་ཉིད་མང་པོ་ཞིག་དཔེ་ཆའི་ཐོག་ནས་ངོས་ཟིན་བྱུང་ན་ཡང་།དོན་གྱི་མཐིལ་ནི་རང་ཉིད་དངོས་སུ་བརྒྱུད་ན་ད་གཟོད་རྟོགས་པ་ནི་ཅི་འདྲའི་གཏུ་ཐུག་ཅིག་རེད་ཨང་།ད་ལྟ་རང་གི་བྱིས་པ་ཡང་སྔོན་ཆད་ཀྱི་རང་ཉིད་ལྟར་དུས་ཆེན་གྱི་སྤྲོ་བས་བཟི་ཞིང་དགའ་བས་མྱོས་སྐབས།ཕོ་ལོ་བཞི་བཅུ་ནང་གི་ཕ་ང་ནི་ཆུ་ཞབས་སུ་བྱིང་བའི་རྡོ་ལོག་ཅིག་བཞིན་སེམས་འདི་ཡར་ལ་འཕགས་ཐབས་བྲལ་ལ།བུ་ཆུང་ཁོས་གྱོན་པ་གསར་པ་དག་སྔ་མོ་ནས་གོས་སྒམ་ནས་བཏོན་ཏེ།ཚ་ཐབ་ཀྱི་སྔས་འགྲམ་དུ་སྤུངས་ཏེ།ལོ་སློང་བར་བྲེལ་ཞིང་གཉིད་མི་ཁུགས་པར་ཕ་ང་ནི་ཡིད་སྨོན་ཤོར་བའི་མོད་ལ།རང་ཉིད་ནི་དེ་ལྟའི་ལོ་ཟླ་ཞིག་ཡེ་ནས་བརྒྱུད་མ་མྱོང་བ་ལྟར་འདང་མི་ཕོག་ཅིང་བློས་མི་དཔོག་པ་ཞིག་བྱུང་།

ཡིན་ཡང་ལུང་པའི་ཉིན་སོགས་སུ་གནས་བཅས་པའི་ཨ་ཅེ་དང་སྲིང་མོ་བཞི་བོ་དང་སྡེ་བ་གཅིག་གི་ཕུ་བོ་ཆེ་བ་བཅས་གཞིས་ཁྱིམ་རྙིང་པར་གཅིག་ཏུ་འཛོམས།ལོ་རིམ་གྲལ་རིམ་ལྟར་དེ།ཚང་མ་འུར་ཆིལ་ལེར་ལབ་གླེང་ལ་རོལ་ཚེ།ཕ་མ་མེད་པའི་ཤུལ་འདུག་སྤུན་ཟླ་ཚོའི་སེམས་དཔངས་ཀྱང་ཡུན་གྱིས་ཡར་ལ་བསྟོད་ཅིང་།ཁྱིམ་འདིའི་ཕྱི་ནང་ཀུན་ཏུ་དགོད་སྒྲས་ཁྱབ་འགྲོ།ཨ་ཅེ་འབྲིང་བས་མོ་རང་མོ་ལོ་བཅུ་བཞི་ཡས་མས་སུ་ཨ་ཅེ་ཆེ་བ་དང་མཉམ་དུ་ནགས་ལ་སོང་བ་གླེང་སློང་བའི་ཚུལ་དུ་བཤད་པ་ན།གྲལ་མགོའི་ཨ་ཅེས་དེ་མ་ཐག་ཁ་འཕྲོག་གིན་ཆུང་དུས་ནགས་འཐུའི་བརྒྱུད་རིམ་དེ་ལག་བརྒྱངས་བྱེད་ཀྱིན་དགོད་སྒྲ་ལྷང་ལྷང་གིས་གླེང་བྱུང་བས།དེར་ཡོད་སྤུན་ཚང་མ་དགོད་ཤོར་གྱིན་མོའི་ཁ་ནང་དུ་ཅེར་དགོས་བྱུང་ལ།དུས་ཚོད་ཇི་ལྟར་འདས་པའང་མི་ཚོར།ཡང་སྡེ་བའི་ཁ་ཡ་ན་ཟླའི་ཚང་ལ་མགྲོན་དུ་སོང་ཚེ།ཆུང་གྲོགས་ཚོས་ཁ་བརྡའི་གསེང་དུ་ཆུང་དུས་ཀྱི་འདས་དོན་དག་སྐབས་སྐབས་སུ་བར་གསེབ་ཏུ་གླེང་འོང་། “ང་དང་འབྲུག་རྒྱལ་གཉིས་ཀྱིས་མཁར་སྒོ་ནས་མཉམ་གཅིག་ཏུ་ཁྱོད་ཚང་ལ་གཏད་དེ།ཀླུ་གོ སློབ་གྲྭར་འགྲོ་ཞེས་བོས་པ་དྲན་ནམ།” “འུ་ཅག བསེ་ཆང(མཚོ་ཤར་ཡ་རྫི་རྫོང་ཁོངས་ཀྱི་བོད་སྡེ་ཞིག)ལུང་པར་ལྕུམ་རྩྭ་བརྐུ་རུ་འགྲོ་སྐབས་རྟ་ཞོན་སྐོར་ཞིག་མཐོང་བས་སྐྲག་སྟེ་འཕྱི་ཁུང་ནང་ཡིབ་པ་ཨེ་དྲན་ནམ།”ཆུང་དུས་མཉམ་དུ་འཚར་ལོངས་བྱུང་བའི་ན་ཟླ་ཚོ་ད་ལྟ་བུ་ཕྲུག་གཉིས་གསུམ་གྱི་ཕ་རུ་གྱུར་ཏེ།གདོང་ལ་གཉེར་རིས་བབས་ཤིང་།སྐྲ་ལ་སེ་བོ་ལྷུང་ན་ཡང་ཆུང་དུས་ཀྱི་ཚན་པ་དག་གླེང་སྐབས་སྐད་ཀྱི་གདངས་མཐོ་ལ་ཤེ་མོང་འཛོམས།ཆུང་གྲོགས་ཚོས་ཆང་ཧུབ་འཐུང་བྱེད་ཀྱིན་འཛེམ་མེད་དོགས་མེད་དུ་ཕན་ཚུན་ཀུ་རེ་རྩེ་ཞིང་།ག་ཞ་བཞད་གད་ཅི་དགར་སྒྲོག་གིན་ནམ་ཕྱེད་ཇི་ལྟར་གཟིར་བའང་མི་ཚོར།

ཕོ་ལོ་བཞི་བཅུའི་ལོ་སར་ལ་བྱིས་དུས་ཀྱི་བག་ཡངས་དང་སྤྲོ་སྐྱིད་དེ་འདྲ་དཀོན་ན་ཡང་།ཞིང་གྲོང་དུ་མ་གཅིག་གི་བྱང་ཁོག་བརྒྱུད་པའི་ཤ་ཞེན་རུས་ཞེན་ཚོ་ལ་ཏལ་ཅིག་ལ་འཛོམས་པའི་སྐལ་བ་དེ་དང་།རྐ་འགྲམ་དུ་མཉམ་གཅིག་ཏུ་རྩེ་ཞིང་།སྤང་ཐོག་ཏུ་ལུག་མཉམ་དུ་འཚོས་པའི་ཆུང་གྲོགས་ཚོ་དང་འཛོམས་ཏེ།ཆང་མཉམ་འཐུང་གིས་ཁ་བརྡ་གློད་པའི་སྐབས་བཟང་པོ་དེས།ཤོར་ཟིན་པའི་རྨ་ཁར་སྨན་ཆུ་ཞིག་སྐུ་ཞིང་།གས་པའི་སྲུབས་ལ་འཚེམ་ཞིག་ཀྱང་བརྒྱབ་བྱུང་།ངོ་མ་ག་ས་གང་དུ་ལུས་ཤིང་བསྡད་ཀྱང་ཕ་ཡུལ་ནི་ལོག་མི་ཐུབ་པ་ཞིག་མིན་ཏེ།ཁྱེད་ལ་གང་གི་པང་དུ་ལོག་འདོད་ཀྱི་ཞེ་དང་ཁྲེལ་ཡོད་ཚེ།ནམ་ཡང་ལོག་ཆོག་ཆོག་གི་བསྟི་གནས་ཤིག་ཡིན་ཏེ།འདི་ཁོ་ན་ཁྱོད་ཀྱི་རྣམ་ཤེས་ལྡིང་སྐོར་བྱེད་སའི་བྲག་ཐེམ་དེ་ཡིན་མོད།ཡིན་ཡང་སྐབས་མང་ཤོས་སུ་ང་ཚོ་ནི་རྣམ་ཤེས་ལྡོམ་པོ་སྐོར་ཞིག་ལྟར་ཕྱོགས་ངེས་མེད་དུ་ལུས་ཤིང་འཕྱན་གྱིན་གདའ།

ཕ་ཡུལ་གྱི་ཕྲད་འཛོམས་དེ་དག་ནི་འཇིག་རྟེན་མི་ཡུལ་དུ་སྨིན་པའི་བསོད་ནམས་ཀྱི་མེ་ཏོག་ཅིག་ཅི་ལ་མིན།མེ་ཏོག་འདི་ཆོག་ཤེས་ཀྱིས་གཅེས་སུ་ཉར་དགོས་ཏེ།མཐའ་མེད་འཁོར་བའི་ཀློང་ནས་སྟེས་སུ་ཐོབ་པ་གང་ཡིན་ཡང་།ལས་ཀྱི་བགོ་སྐལ་དུ་སྒོམ་ཚེ།ཡོད་ཚད་རིན་ཐང་ཅན་དུ་ཤར་ཞིང་།རྒྱང་དུ་བཀྱེད་པ་དག་ལ་སླར་ཡང་ཉེ་བར་འདུད་ཐུབ་སྙམ་མོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།