ད་ནི་བློ་གཅིག་སེམས་གཅིག་གིས་རྩོམ་པ་པོ་ཞིག་བྱེད་པའི་ན་ཚོད་ལ་སླེབས་བྱུང་།

དངོས་གནས། མིག་རྡེབ་དབང་ཙན་གྱིས2018ལོ་རླུང་བུ་ཡང་མོ་ཞིག་གིས་ཁུར་སོང་ལ། མིག་རྡེབ་དབང་ཙམ་གྱིས2019ལོའང་རླུང་བུ་ཡང་མོ་ཞིག་གིས་ཁུར་ནས་སླེབས་ཡོང་།

ཏན་ཏན། ང་རང་དགོང་སྦྱོང་གྲོལ་ནས་ཡུལ་ལ་ལོག་པའི་ལམ་བར་དུ། དགུན་ཁ་འདིའི་ནམ་ཟླ་འཁྱག་པས་རྫོང་མཁར་ཆུང་ངུ་འདིའི་སྟོང་འཇགས་དཀྲོག་བྱེད་དུ་ཁ་བའི་འདབ་མ་ཡང་མོ་དལ་བ་དལ་བུར་བདག་གི་ངོ་གདོང་དུ་འཁྱག་སིབ་སིབ་བྱོ་ཡོང་། བདག་གི་བྲང་ཁོག་ཏུ་འཁྱག་སིབ་སིབ་སིམ་ཡོང་། བདག་གི་རྡོག་འོག་ན་སག་སག་ངུ་བཞིན་འདུག བདག་གིས་གློ་བུར་དུ་རླུང་གིས་ཁུར་སོང་བའི2018ལོ་སྐད་ཅིག་ལ་འདས་སོང་བ་དྲན་བྱུང་། བདག་ལ་གློ་བུར་དུ་ཅི་ཞིག་གླེང་འདོད་ཀྱི་སྐོམ་པ་ཚ་དྲག་སྐྱེས་བྱུང་།

2018ལོར།བདག་གིས་དོན་དམ་དུ་ཅི་ཞིག་འགྲུབ་སོང་བའམ་ཅི་ཞིག་ལད་སོང་བ་མཛུབ་རྩིས་བྱེད་དགོས་ཚེ། ཐོག་མར་དཔེ་ཀློག་ནས་མགོ་རྩོམ་དགོས་པ་འདྲ་སྟེ། 2018ལོའི་དཔེ་ཀློག་གི་ཁ་ཕྱོགས་ནི་གློག་བརྙན་འཁྲབ་གཞུང་གི་སྐོར་གཙོ་ཆེ་ལ། དེ་དག་ལས《བོད་ཡིག་འཁྲབ་གཞུང་གི་གསར་རྩོམ་དང་མྱོང་རོལ》དང《བོད་ཀྱི་ཟློས་གར་འཁྲབ་གཞུང་འཇིག་རྟེན་དགྱེས་པའི་མཆོད་སྤྲིན》གཉིས་ལས་གཞན་དག་ནི་རྒྱ་ཡིག་གི་དེབ་ཡིན་པ་སྟེ། 《གློག་བརྙན་ཐུང་བའི་དུས་རབས》དང《གློག་བརྙན་འཁྲབ་གཞུང་གི་རྩོམ་འབྲིའི་རྨང་གཞི》གཉིས་ནི་ཀློག་ཐེངས་གཉིས་པ་ཡིན། གཞན་དུ། རྩོམ་རིག་གི་སྐོར་ནས《མི་གཅིག་གི་སྙན་ངག་ལོ་རྒྱུས》དང《ཧེ་ཙི་དང་ཀོའུ་ཁྲིན》ལྟ་བུའི་སྙན་ངག་པའི་སྙན་ངག་གི་མི་ཚེ་མཚོན་པའི་དེབ་ཀྱི་སྐོར་དང་། 《དྲེལ་བའི་མི་ཚེ》དང《བློས་བསླངས་དཀྱིལ་འཁོར》ལྟ་བུའི་སྒྲུང་རིང་བཀླགས་ཐུབ་སོང་ལ། སློབ་གསོའི་སྐོར་ནས་སློབ་གསོ་གསར་པའི་དཔེ་མཛོད་དེ《བདག་གི་སློབ་གསོའི་ཐོལ་རྩོམ》ཞེས་པ་དེབ་ལྔ་ཡི་བདག་ཉིད་ཅན་དེ་ཡང་བམ་ཀློག་ཙམ་བྱེད་ཐུབ་སོང་། དེ་དག་བཀླགས་པའི་གོ་རིམ་ནི་སྟོན་འབྲས་སྡུད་ཀྱིན་པ་དང་མཚུངས་པར་ཡིད་ཀྱི་མགུ་ཁེངས་ཤིང་སེམས་ཀྱི་མཁོ་སོད་པ་ཞིག་གོ། །

2018ལོ་ནི་སྒྱིད་ལུག་གི་ལོ་ཞིག་སྟེ། ང་གཅིག་པུའི་སྒྱིད་ལུག་གི་ལོ་ཞིག་ཡིན་པ་འདྲ། བདག་གི་ཉེ་འགྲམ་གྱི་གྲོགས་པོ་དག་གིས་བརྩམས་ཆོས་དུས་དེབ་ཏུ་འགོད་པ་དང་བརྩམས་དེབ་པར་སྐྲུན་འགྲེམ་སྤེལ་གྱི་ཚ་རླབས་ཁྲོད་དུ། ང་གཅིག་པུ་ཁུ་སིམ་མེར་ལྷོད་ཀྱིག་གེར་འདུག་དགོས་བྱུང་སོང་། ཡིན་ནའང་། རྩོམ་ཡིག་རེ་འགའ་མི་གླེང་ཐུ་མེད་རེད་དེ། གཅིག་ནི་མང་རྫོང་རྩོམ་རིག་གླེང་སྟེགས་ལས་མང་རྫོང་གི་རྩོམ་པ་པོ་རྒན་གཞོན་དར་གསུམ་ལ་བཅར་འདྲི་བྱས་པའི་ཟིན་བྲིས་ཤིག་སྟེ། དེ་ནི་ཆེད་དམིགས་ཀྱིས《མང་ཆུ》དུས་དེབ་ཀྱི་ཀློག་པ་པོ་དང་མང་རྫོང་ཡུལ་དུ་རྩོམ་རིག་དར་འཕེལ་གྱི་ལོ་རྒྱུས་ལ་ཞིབ་འཇུག་གནང་མཁན་དག་ལ་རྒྱུ་ཆའི་ཟོལ་གྱིས་རྩོམ་སྒྲིག་བྱས་པ་ཞིག་ཡིན། རྩོམ་ཡིག་དེ2018ལོའི《མང་ཆུ》ལོ་དེབ་སྟེང་བཀོད་ཡོད། གཅིག་ནི་བདག་གིས་ལོ་སྟོད་དུ་ཨ་མདོ་བརྙན་འཕྲིན་ཁང་གི་ཁ་བའི་ཞབས་རྗེས་ལེ་ཚན་གྱི་བཅར་འདྲིའི་ནང་དོན་ཡིག་ངོས་སུ་ཕབ་པ་དེ་ཡིན་པ་དང་། རྩོམ་ཡིག་དེ2018ལོའི《གསེར་གྱི་ལྷ་དར》སྟེང་བཀོད་ཡོད། དེ་ནི་ང་རང་རྩོམ་རིག་གི་ལམ་དུ་ཞུགས་པའི་ལོ་ངོ་ཉི་ཤུའི་ཕྱིར་དྲན་དུ་གོ་བ་བླངས་ཆོག་ལ། བདག་གི་ཀྱག་ཀྱོག་གི་མི་ཚེའི་བཞུད་ལམ་ཞིག་ཀྱང་ངོ་། ། གཞན་གཅིག་ནི་ཕ་ཡུལ་གཅིག་པའི་ཨོ་རྩལ་ལུས་རྩལ་པ་ཤེས་རབ་འཚོ་ལ་བཅར་འདྲའི་བྱས་པའི་རྩོམ་ཡིག་དེ་ཡིན། རྩོམ་ཡིག་དེ2018ལོའི《མང་རྫོང་སློབ་གསོའི་ལྟ་སྐུལ》འདོན་ཐེངས་གཉིས་པར་བཀོད་ཡོད། དེ་ནི་གཞོན་ནུ་མ་ཞིག་གི་ཀྱག་ཀྱོག་གི་མི་ཚེའི་དམིགས་འབེན་མངོན་འགྱུར་གྱི་བརྒྱུད་རིམ་ཞིག་སྟེ། མོས་བཅར་འདྲི་དང་ལེན་བྱེད་དུས་ཀྱི་རྣམ་པ་དེ་ད་དུང་ཡང་བདག་གི་མིག་ལམ་དུ་གསལ་ལྷང་ངེར་ཡོད་ལ། མོས་མ་འོངས་པར་བཅངས་པའི་རེ་སྨོན་དང་བློ་སྤོབས། སྙིང་སྟོབས་བཅས་ཀྱིས་བདག་ལ་ད་དུང་ཡང་སྐུལ་མ་གཏོང་གིན་ཡོད། གཞན་དུ། གློག་བརྙན་འཁྲབ་གཞུང《ཐོ་རངས་སྐར་ཆེན》དང《རླུང་ལ་སྒུག་པ》 རླུང་འཕྲིན་ཟློས་གར་འཁྲབ་གཞུང《ཕུགས་བསམ་གྱི་ལང་ཚོ》བཅས་ཀྱང་ལེགས་འགྲུབ་བྱུང་སོང་ཞེས་མི་གླེང་ཐུ་མེད་དེ། དེས་ནི་ངའི་རྩོམ་པའི་ལམ་ཁ་འཁྲབ་གཞུང་དུ་འཁོར་གྱིན་པ་ཤེས་མི་ཡོང་ངམ།

2013ལོའི《ཟླ་ཟེར》དེབ་གཉིས་པའི་སྟེང་གི་སྒྱུར་རྩོམ《ཨ་ཅེ》ཞེས་པ་ནས་ད་ལྟའི་བར་ལོ་ངོ་ལྔ་འགོར་སོང་། ལོ་ངོ་ལྔ་ཡི་རིང་ལ《ཟླ་ཟེར》དང་ངེད་གཉིས་ཀྱི་འབྲེལ་བ་ཆད་སོང་། དེ་ནི་གཙོ་བོ་ལོ་དེ་དག་གི་རིང་ལ་བདག་གི་གསར་རྩོམ་གྱི་སྨྱུག་ཁ་ལྷོད་སོང་བས་ཡིན་ལ། ད་ནི་ཅིས་ཀྱང་བོད་ཁུལ་གྱི་དུས་དེབ་མང་པོ་ཞིག་ལ་རྩོམ་འབྲེལ་འཇོག་འདོད་ཀྱི་འདུན་པར་མེ་ཁ་གསོ་རན་པའི་ཚོད་ལ་སླེབས་པར་མ་ཟད། ཅུང་འཕྱིས་སོང་བའི་ཚོར་བས་དམ་དུ་བསྡམས་ནས་མི་གཏོང་།

སློབ་མའི་སྐབས་སུ། བདག་གི་ཕུགས་འདུན་ནི《གངས་རྒྱན་ན་ཆུང་ཚགས་པར》དུ་རྩོམ་ཡིག་ཅིག་དགོད་རྒྱུ་དེ་ཡིན་ལ། སློབ་མཐར་ཕྱིན་རྗེས། བདག་གི་དམིགས་འབེན་ནི《གངས་རྒྱན་མེ་ཏོག》ཏུ་རྩོམ་ཡིག་ཅིག་དགོད་རྒྱུ་དེ་ཡིན། ཆུང་དུས་ཀྱི་ཕུགས་འདུན་དང་གཞོན་དུས་ཀྱི་དམིགས་འབེན་གཉིས་ཀ་དོན་སྨིན་བྱུང་རྗེས། བདག་གི་ཧམ་སེམས་ཀྱང་རིམ་གྱིས་ཉམས་ཤིང་རྒུད་པར་གྱུར་ཏེ། ད་ནི་ལོ་རེར《གངས་རྒྱན་མེ་ཏོག》ཏུ་རྩོམ་ཡིག་ཐེངས་རེ་འགོད་ཐུབ་པ་ཙམ་གྱིས་ཡིད་ཚིམ་ཡོད་པས་ན། མི་ནི་དེ་འདྲའི་སྒྱིད་ལུག་གི་ནད་ཀྱིས་འཛིན་སླ་ཞིང་གཏོང་དཀའ་བ་ཞིག་ཡིན་པ་གཞི་ནས་ཚོར་མི་ཡོང་ངམ།

ད་ལྟའི་བར་དུ《སྦྲང་ཆར》དུས་དེབ་ཏུ་སྙན་ངག་དང་སྒྲུང་གཏམ་རེ་འགའ་བཀོད་མྱོང་མོད། 《སྦྲང་ཆར》དུ་བཀོད་པའི་ལྷུག་རྩོམ་ཐོག་མ་ནི་རྩོམ་ཡིག་འདི་ཡིན་དགོས། སྔོན་ཆད《སྙན་ངག་ལ་རྫུན་འགྲོ་བ་མ་རེད》ཅེས་པའི་འབོལ་རྩོམ་ཐུང་ངུ་ཞིག་བཀོད་མྱོང་བ་དེ་ཡང་ལྷུག་རྩོམ་དུ་བགྲང་ཐབས་མེད་པ་འདྲ་སྟེ། རྩོམ་ཡིག་འདི་ནི་བདག་གིས་སྔར་བཞིན་རྩོམ་ལུས་སྣ་ཚོགས་ལ་སློབ་སྦྱོང་དང་ཚོད་ལྟ་བྱེད་སྒང་ཡིན་པའི་མཚོན་བྱེད་དུ་བཞག་ཆོག་གམ།

2018ལོར། སྔར་བཞིན་མང་རྫོང་ཡུལ་གྱི་དུས་དེབ་གཙོ་ཤོས་གསུམ་སྟེ། རྩོམ་རིག་ལོ་དེབ《མང་ཆུ》དང་སློབ་གསོའི་ལོ་ཕྱེད་དེབ《མང་རྫོང་སློབ་གསོའི་ལྟ་སྐུལ》 སློབ་མའི་སྦྱངས་རྩོམ་ལོ་ཕྱེད་དེབ《གསར་གྱི་འདབ་གཤོག》གསུམ་པོར་རྩོམ་སྒྲིག་དང་ཞུ་དག ཇུས་འགོད་སོགས་ཀྱི་བྱ་བ་བསྒྲུབས་པ་ཡིན་ལ། དེ་དག་རྩོམ་སྒྲིག་གི་གོ་རིམ་ཁྲོད་དུ་རྩོམ་པ་པོ་གསར་པ་མང་པོ་ཞིག་ངོ་ཤེས་སུ་གྱུར་པ་དེ་ཡང་ལོའི་འདིའི་ལག་ཡོང་གྱ་ནོམ་པ་ཞིག་ཏུ་བརྩིས་ཡོད།

2018ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དང་མཉམ་འབྲེལ་གྱི་དམའ་འབྲིང་ལོ་རིམ་གཉིས་པའི《དགུན་གནང་གི་ལས་བྱ》དང་ལོ་རིམ་དང་པོའི《སློབ་ཐུན་སྦྱང་བྱའི་རྒྱུགས་ཤོག་ཀ་བ་ཁ་བ》ཞེས་པ་གཉིས་རྩོམ་སྒྱུར་བྱས་ཤིང་། དེ་ཡང་རང་གི་ཁྲིད་བྱའི་ཞོར་གྱི་སློབ་སྦྱོང་གི་གོ་རིམ་ཞིག་ཏུ་ངོས་བཟུང་ཚེ། ང་ཚོར་ད་དུང་ལེ་ལོ་དང་རྣམ་གཡེང་གི་དུས་ཚོད་ལྷག་མ་ཞིག་གང་ན་ཡོད་ཅེས་སྨྲ་བར་སྤོབས་སོ། །

2018ལོར། སློབ་ཆུང་ལོ་རིམ་དྲུག་པ་དང་སློབ་འབྲིང་ལོ་རིམ་དང་པོའི་བོད་ཡིག་གི་སློབ་ཁྲིད་ཆ་ཚང་བརྙན་དུ་ཕབ་ནས་འཕྲུལ་གྱི་སྐྱོར་དཔོན་ཞེས་པའི་གློག་རྡུལ་སློབ་ཁྲིད་ཡོ་ཆས་སུ་ནང་འཇུག་བྱས་མོད། བརྙན་ཕབ་འཕྲུལ་ཆས་ཁོ་ནར་ཁ་གཏད་ནས་སློབ་ཁྲིད་བྱེད་རྒྱུར་གོམས་ལོབས་སུ་སོང་མེད་པས་ན། སློབ་ཁྲིད་ཀྱི་བར་སྐབས་སུ་སློབ་ཁང་ནང་གི་ཚོར་བ་དང་སློབ་མར་ཁྲིད་པའི་སྣང་བ་དེ་འདྲ་མ་བྱུང་ལ། ཐ་ན། གཞན་ཡིད་ཚིམ་རྒྱུ་ལྟ་ཅི་རང་བློར་འབབ་པ་ཞིག་ཀྱང་མ་འཁྱོངས་པའི་ནོངས་འགྱོད་ཆེ།

གང་ལྟར། 2018ལོ་འདི་ལྟར་མིག་རྡེབ་དབང་ཙམ་གྱིས་འདས་སོང་ལ། 2019ལོ་ཡང་འདི་ལྟར་མིག་རྡེབ་དབང་ཙམ་གྱིས་སླེབས་བྱུང་བས། ད་ནི་ཁ་སང་དེ་ནམ་ཡང་ཁ་སང་ལ་དབང་ཞེས་རྒྱབ་ལ་གཡུག་རྒྱུ་དང་སང་ཉིན་ནི་ནམ་ཡང་སང་ཉིན་གྱི་ཡིན་ཞེས་མདུན་ལ་བསུ་རྒྱུ་ལས་མ་འདས་མོད། འཆར་གཞིའི་ཁྲོད་ཀྱི་སང་ཉིན་ལ་བྱིས་སྒྲུང་དེབ《རི་བོང་ཁ་ཤོ་ཕྲོས་ཕྲོས》དང་སྙན་ངག་ཐུང་ངུ་དེབ《ནམ་མཁའ་ཐེད་པོ》གཉིས་ཅིས་ཀྱང་པར་དུ་བསྐྲུན་རྒྱུ་བརྗེད་མི་རུང་ལ། ཞར་དང་ཞོར་ནས་གློག་བརྙན་ཐུང་ངུ་ཞིག་བརྙན་དུ་ཕབ་འདོད་ཀྱི་ཀུན་སློང་ཡང་ཉམས་མེད་པས་ན། ངའི་སང་ཉིན་གྱི་དཔའ་ཡིས་ལོངས་པའི་དཔུང་རོགས་དེ་ཚོ་གང་ན་ཡོད་དམ།

ཕྱིར་འདང་རེ་བརྒྱབ་ན། བདག་གིས་ཀྱང་སློབ་གསོ་ཞེས་པའི་གར་སྟེགས་ཆེན་པོ་འདི་ལས་དགེ་རྒན་ཞེས་པའི་མི་སྣ་ཆུང་ཆུང་ཞིག་འཁྲབ་ནས་རིང་ལ་ཐུང་བའི་མི་ལོ་ཉི་ཤུ་ལྷག་མིག་རྡེབ་དབང་ཙམ་གྱིས་ཕར་འདས་ཟིན་ལ། འདས་པའི་དགའ་སྡུག་ཆགས་ཞེན་གྱི་མེ་ལོང་ངོས་སུ་ད་དུང་ཡང་ཝ་ལེར་གསལ་ཞིང་། བདག་ལ་ནམ་ཡང་བརྗེད་མེད་ཀྱི་དྲན་གསོ་གཏོང་བའི་དོན་དག་ཀྱང་རབ་དང་རིམ་པ་ཞིག་འདུག་པ་སྨོས་ཅི་དགོས། དེ་དང་ལྷན་ཅིག སློབ་ཕྲུག་ཚོའི་སེམས་ཀྱི་དགེ་རྒན་དཔེ་ལེགས་ཤིག་བྱེད་པའི་ཚད་ཐིག་དེ་དང་རང་གི་ན་ཚོད་ཀྱི་ནུས་ཤུགས་གཉིས་ཁ་ཁ་སོ་སོར་ལུས་པའི་སྣང་ཚུལ་དེས། ད་ནི་བདག་གིས་རང་ཉིད་དགེ་རྒན་རྫུས་མ་ཞིག་བྱེད་པའི་ན་ཚོད་ཡལ་ནས་རྩོམ་པ་པོ་རྣལ་མ་ཞིག་བྱེད་པའི་དུས་རིམ་ལ་སླེབས་ཡོད་པ་གཞི་ནས་ཚོར་བྱུང་།

ངོ་མ། འཚོ་བ་ལ་བཀའ་དྲིན་ཆེ།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།