དྲན་པའི་སྣེ་གཉིས་སུ།

དྲན་པ་རྒྱང་ལ་འཐེན་པའི་ལོ་དང་ཟླ་བ་ཆུ་ལ་ཞུགས་ནས་མཚོ་རུ་འཁྱིལ། ངོ་མ་ཐུག་པའི་དུས་ཚོད་རེ་རེ་ནི་ཆུ་ཐིགས་རེ་རེ་ཡིན། ཡོད་ཚད་མཚོ་ཞབས་ལ་འཇགས་པ་ལྟར་ཁུ་སིམ་མེར། མ་འཕྲད་ཡུན་རིང་འགོར་སོང་། འཕྲད་པ་རླུང་ལས་མྱུར་ཨང་།

རྦ་རླབས་ཆལ་ཆིལ་གྱིས་བསྐྱོམས་པའི་གཡོར་གྲུ་ཆུང་ཆུང་རླུང་གིས་འདེད་པ་ལྟར་རྒྱང་ལ་ཆས།རྒྱང་རིང་གི་གྲུ་ཁ་དེ་ན་སུ་ཞིག་གི་འབོད་པ་ལུས་ཡོད། རྒྱང་རིང་གི་གྲུ་ཁ་དེ་ནས་ཅི་ཞིག་གིས་ཕྱིར་དྲན་མཚོན་ཐུབ།

མི་ནི་ཆུ་དང་འདྲ་བར་ལྷན་དུ་བསྡད་པའི་དུས་སྐབས་རེ་རེ་ལ་སྣང་བའི་ཚོན་མདངས་ཕར་འདྲེས་ཚུར་འདྲེས་ངང་ཕན་ཚུན་གྱི་དགོད་སྒྲའི་སིལ་མ་དང་འཛུམ་གྱི་ཕྱེད་ཀ བརྩེ་བའི་སྣེ་མོ་རེ་རེ་སེམས་ལ་ལྷད་ཡོད།ད་ལྟ་ད་དུང་མིག་ལ་འཛུམ་ཡོང་བའི་སྣང་བརྙན་རེ་རེ་བརྗེད་ཐབས་བྲལ་བས།ང་ལ་ཁྱོད་ཀྱི་མིང་ཡིག་གི་བག་ཆགས་ཙམ་ཡོད་པ་ནས་བཟུང་འུ་གཉིས་ཀྱི་བར་ལ་བརྩེ་ཞེན་གྱི་ཞགས་པ་ཞིག་སྐྱེས་ཡོད།ཞགས་པའི་སྣེ་གཅིག་ནི་ང་དང་སྣེ་གཅིག་ནི་ཁྱོད་དོ། །

བར་སྐབས་ཤིག་ལ།ང་ཚོ་སློབ་རའི་གྲུ་ག་དང་ལམ་གྱི་མདོ་ཁ་ནས་རྩེད་དགོད་ལ་གཡེང་སྟེ་དུས་ཚོད་ཀྱི་གཙང་པོ་བཞུར་གྱིན་པའང་མ་ཤེས། ཚེ་སྲོག་གི་རྩི་ཤིང་སྐྱེ་བཞིན་པའང་མ་ཚོར།དེ་དུས།ནར་སོན་རྒྱུ་ནི་འཛེག་འདོད་པའི་རི་རྩེ་མཐོན་པོ་ཞིག་དང་སྙེག་འདོད་པའི་རེ་བ་ནན་མོ་ཞིག་ཡིན་ཨང་།གཏམ་རྒྱུད་ཀྱི་བྱུང་བ་མང་པོ་ནི་དལ་དྲགས་ནས་ཡུད་ཙམ་ལ་ང་ཚོའི་དྲན་ངོས་ནས་ངལ་གསོས་པ་ལྟར་འདུག་ཙམ་བྱས་ཤིང་།བྱ་བྱེད་ཀྱི་རྣམ་འགྱུར་སྣ་ཚོགས་ཀྱང་གཟབ་ནན་ངང་དར་ཅིག་ལ་ང་ཚོའི་ནང་སེམས་སུ་རིས་ཕབ་པ་ལྟར་གསལ་ཙམ་བྱས་པས།དྲན་པའི་སྣེ་མོ་བྲག་ལ་ཟུག་པ་ལྟར་འདས་སོང་གི་གཟུགས་བརྙན་ཁྲོད་ནས་ལེན་ཐབས་མ་བྱུང་།

གློ་བུར་དུ་བུད་མེད་ཚོའི་བྲང་ནས་ལང་ཚོའི་མྱོས་བུམ་གསང་སྟབས་ཀྱིས་འབུར་མགོ་བརྩམས་ཤིང་།སྐྱེས་པ་ཚོའི་ངག་ནས་སྐད་ཀྱི་འགྱུར་བ་མངོན་གསལ་ངང་སྦོམ་པོར་འགྱུར་དུས། ང་ཚོས་ད་གཟོད་དུས་ཚོད་ཀྱི་ནུས་པ་རྟོགས་ལ། ལོ་ཟླ་ཡི་གཙང་འགྲམ་དེ་ནས་རང་གི་གཟུགས་བརྙན་གྱི་འགྱུར་ལྡོག་ལ་དགའ་ཞེན་གྱི་སྣང་འཇོག་བྱས་པ་ཐེངས་གཅིག་ག་ལ་ཡིན། དེ་ནས་བཟུང་སྟེ། སེམས་ཀྱི་ལོངས་སྤྱོད་གཞན་ཞིག་གིས་ང་ཚོ་སླར་ཡང་བྲོ་བ་མི་འདྲ་བའི་སྐྱོ་གདུང་དང་རེ་ཆད་ཀྱི་ཀློང་དུ་དྲངས། དེ་ནི་ཕོ་མོའི་བརྩེ་དུངས་ཡིན། ལང་ཚོའི་རྨི་ལམ་ཡིན།

མཚམས་ཤིག་ལ།ང་ཚོ་རླུང་གིས་སྤུར་བའི་ཤོག་བྱ་ལྟར་བརྩེ་དུངས་སྨིན་པའི་སྣང་བ་རྒོད་པོ་ལང་ཚོའི་མཁའ་དབྱིངས་ན་རྩེན་ཞིང་། རང་སྣང་གི་སེམས་པ་ཟླ་བར་འཁྲུལ་ཏེ་མཛའ་བརྩེ་ཡི་སྐར་མ་དཔུང་རོགས་སུ་ཁྲིད་ནས་ཤེས་རིག་གི་ཉི་མ་འོད་ཀྱིས་གསོ་འདོད་པ་ནི་དཔའ་བའི་གདེང་དང་ལྡན་པ་ཞིག་དང་སྤོབས་པའི་ཟིལ་གྱིས་ཁེངས་པ་ཞིག་རེད་ཨང་།དེ་ལྟ་ནའང་འཚོ་བའི་ཟས་འདྲ་ཞིང་འདུག་པའི་གནས་མཉམ་པའི་རྒྱུ་རྐྱེན་གཅིག་པུས་ཀྱང་དྲན་པ་མང་པོ་བསྣོལ་མར་བསྡེབས་ཏེ་ཞེན་ཆགས་ཀྱི་ཚགས་མ་ཞིག་བཟོས་ཚར། རྨི་ལམ་དུ་བུད་པའི་ལྷག་རོ་མང་པོ་ནི་ཤོག་བུའི་ལྟེབ་ཆགས་ཀྱིས་བསུབས་པའི་བརྩེ་འཕྲིན་ཞིག་དང་ཕྱི་བལྟས་ཀྱི་ཚུགས་ཀ་མི་འདྲ་ཞིང་ནང་བལྟས་ཀྱི་རི་མོ་མི་གཅིག་པའི་མི་རེ་རེས་འཁྲབ་པའི་གཤིས་ཀ་རེ་རེ་སྟེ། ཀུ་རེ་རྩེ་བ་དང་བག་ཆགས་ཟབ་པ། གཟབ་ནན་ཡིན་པ་སོགས་ཀྱི་བྱ་བྱེད་དག་གོ། །

འདུ་བྲལ་རེས་མོས་ཀྱིས་དྲན་པའི་ཤོག་སྟོང་ངོས་ལ་མི་མང་པོ་ཞིག་གི་གཟུགས་བརྙན་ཕབ་ཡོད། གཟུགས་བརྙན་གཏན་འཇགས་སུ་གྱུར་པ་ནི་ནར་སོན་ནས་རང་གི་ལས་སྐལ་ལ་གཉེར་བ་ལྟར།ཡོད་ཚད་འབྲེལ་མེད་དུ་གྱུར་པ་དང་འདྲ་མོད།རི་མོ་རྡུལ་ལ་ནུབ་ནའང་མི་སེམས་ནི་གཏིང་ཟབ་པའི་མཚོ་མོ་ཞིག་ལྟར་དགའ་སྐྱོ་ཡི་རྦ་རླབས་རེ་རེས་འདས་སོང་གི་སྣང་བ་བརླན་ཐུབ།

ལོ་ངོ་མང་པོ་འགོར་རྗེས།ལོ་ཟླ་ནི་དྲན་པའི་སྣེ་གཉིས་སུ་ཕར་བཞུར་ཚུར་བཞུར་བྱེད་ནའང་།ང་ཚོ་ལ་མི་ཚེ་ཡི་མཚོ་མོ་བསྐྱིལ་ཡོད། རྦ་རླབས་ཀྱི་སྐད་སྒྲ་སྙིང་ལ་ལྷུང་ཞིང་། མཚོ་ཞབས་ཀྱི་ས་རྡུལ་འཕྱུར་ཞིང་དྭངས་དུས་དྲན་སྣང་གི་རྡེའུ་རེས་གསལ་རེས་མོག་ཏུ་སྣང་།

དྲན་པའི་སྣེ་གཉིས་སུ། ང་ཚོ་ནི་ཕན་ཚུན་གྱི་ཁྲག་རྒྱུན་དུ་གྲུབ་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།