རྫ་སྐྱེས་ཕུར་བའི་སྙན་ངག

WechatIMG364.jpg

རྫ་སྐྱེས་ཕུར་བ།  ལོ་རབས་བརྒྱད་ཅུའི་ནང་རྫ་ཆུ་ཁར་སྐྱེས། དེ་སྔོན་རོང་བོ་དགོན་ཆེན་དང་། ལྷ་སའི་སེ་ར། བྱེས་ཀྱི་སེ་ར་དགོན་བཅས་ནས་སློབ་གཉེར་བྱས། 《གངས་རྒྱན་མེ་ཏོག》དང་། 《སྦྲང་ཆར》 《ཟླ་ཟེར》《མི་རིགས་ཀྱི་རྩོམ་རིག》《གངས་དཀར་རི་བོ》སོགས་སུ་སྙན་ངག་མང་པོ་བཀོད། བརྩམས་ཆོས་༢༠༡༤ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས་པའི་སྙན་དེབ《ཟིལ་བ》དང་།   ༢༠༡༩ལོར་པར་བསྐྲུན་བྱས་པའི་སྙན་དེབ་《འཕྲུལ་བའི་ཟླ་བ》གཞས་ཚིག《ཡར་ཀླུང》སོགས་ཡོད། ད་སྐབས་《རྫ་ཆུའི་རླབས་སྒྲ》དྲ་བའི་དོ་དམ་པ་དང་།  《ནས་སོན》ལོ་དེབ་ཀྱི་སྤྱིའི་ལྟ་སྐུལ་བའི་ལས་ཞོར་སྔར་རྒྱུན་བཞིན་སྙན་ངག་འབྲི་བར་བརྩོན་བཞིན་ཡོད།


ཚེ་རབས་གཞན།

ཚེ་རབས་གཞན་གྱི་མི་དེ་དྲན།།
ཚེ་རབས་གཞན་གྱི་ཁྱིམ་ཡང་དྲན།།
ཚེ་རབས་གཞན་གྱི་མཛའ་མོ་ཁོང་།།
གར་མཁན་ཞིག་ཀྱང་ཡིན་ཚུལ་དྲན།།
སྐབས་དེའི་ངེད་ཀྱི་རབ་གསལ་ནང་།།
ཉི་འོད་འཕྲོས་ཚུལ་ལྷག་ཏུ་དྲན།།

 2019/3/6

ངེས་མེད། 

འཁོར་བའི་དམ་ཚིག་ཆུ་ཡིས་དག་པ་དེ།།
སྙིང་རྗེའི་ས་བོན་མེ་ཡིས་གསོས་པ་དེ།།

སྐབས་རེ་རྡུལ་དང་བཅས་པའི་ལག་པ་དེ།།
སྐབས་རེ་སྟོང་ཁམས་གཞན་གྱི་བར་ཐག་དེ།།

ཁྱོད་ཀྱི་སྐྱེ་མཆེད་རེ་རེའི་ནམ་མཁའ་དེ།།
ངེས་མེད་རྡུལ་གྱིས་ལན་སྟོང་གཡོགས་པ་དེ།།

རིག་འཛིན་ཚངས་དབྱངས་རྒྱ་མཚོའི་སྙན་ཚིག་དེ།།
ལྟོས་བཅས་གླེགས་བམ་ཁྲོད་ནས་བོར་བ་དེ།།

2019/3/4

སྟོང་ཚུལ།

ལན་རེ་འདི་ནས་སྟོང་བའི་ཆུ་སྒྲ་ཉན།།
ལན་རེ་འདི་ནས་སྨུག་པའི་ཁང་ཆུང་རྩིག།
ལན་རེ་ངེས་མེད་སྒྱུ་མའི་རྟ་ཁྱུ་འདེད།།
ལན་རེ་ངེས་འབྱུང་གསེར་གྱི་ཤིང་རྟ་འདྲུད།།

ལན་རེ་འདི་ནས་སྟོང་བའི་ཆུ་སྒྲ་དྲན།།
ལན་རེ་འདི་ནས་སྨུག་པའི་ཁང་ཆུང་དྲན།།

WechatIMG367.jpg

ཡར་འབྲོག་གཡུ་མཚོ་དྲན་དུས་ཕྱི་དྲོ་ཞིག་ཡིན།

དང་ཐོག་ང་ཚོ་ཤར་མཐའི་མཚོ་འགྲམ་ཐོན།།
གཡུ་མཚོས་གཡུ་ཡི་ཞལ་ཁེབས་ཕྱེས་དང་ཐུག།
ཡར་འབྲོག་ཁྲི་སྡེ་སྟོང་སྡེ་ཅང་མ་བསམ།།
གཡུ་ཡི་ཞལ་ཁེབས་དེ་ལ་ཧད་དེ་ལས།།
དེ་ནས་རིམ་བཞིན་གཡུ་དེའི་རྒྱང་ལ་བལྟས།།
དེ་ནས་རིམ་བཞིན་གཡུ་དེའི་ལོགས་ལ་བཅར།།
འབྲེལ་བ་ཡོད་པའི་གཏམ་གྱི་སྐོར་ཞིག་བཤད།།
འབྲེལ་བ་མེད་པའི་གཏམ་གྱི་བཟོ་ཡང་བཤད།།
གཡུ་མཚོར་གྱེས་ཁ་ང་ཚོ་ཐམས་ཅད་སྨྲེང་།།
སྨྲེང་ཡང་ཐབས་ནི་མེད་དེ་ལམ་ལ་ཆས།།

དེ་མང་བའི་སྙན་ཚིག

བཀྲ་ཤིས་ཟླ་བ་ལགས་ཀྱིས་བཞེས་ཆང་དེ།།
རྟེན་འབྲེལ་ཐོག་མ་ཞེས་ཨང་མཆོད་པ་ཡག།
ཤར་ཕྱོགས་ཁ་མཐའ་ཆེན་པོའི་ཉི་འོད་དེ།།
གྲོང་ཚོ་ཕ་རིའི་ཕྱོགས་སུ་འཕྲོས་པ་ཡག།
ལག་པའི་ཟིན་ཐབས་ཨེ་ཡོད་སྙམ་པ་དེ།།
གྲོང་ཚོ་ཕ་རིའི་ཕྱོགས་ཀྱི་ཉི་འོད་རེད།།

ཁང་སང་གཟིམས་སྒོའི་ཕྱི་ཡི་ཉི་འོད་དེ།།
དེ་རིང་གཟིམས་ཆུང་ནང་གི་ཉི་ཐིག་དེ།།
ཁོང་གི་སྤྱན་གྱི་ཉི་ཟླ་གཡོ་ཚུལ་དེ།།
སྤྱན་གྱི་ཉི་ཟླ་ཁྲ་ཆིལ་གཡོ་ཚུལ་དེ།།

ཐེངས་རེ་ཐུགས་བརྩེ་ཆེན་པོས་བཤུམས་པ་དེ།།
ཐེངས་རེ་ཐུགས་བརྩེ་ཆེན་པོས་བཞད་པ་དེ།།

ཐུགས་སྤྲོ་ཆེན་པོའི་གཞས་གྲལ་བསྡུས་པ་དེ།།
རྨོ་མོ་བདེ་སྐྱིད་ལགས་ཀྱིས་དཀར་ཡོལ་དེ།།
ཆང་སྐྱེམས་བཀྲ་ཤིས་དང་པོར་བཀྱགས་པ་དེ།།
དབྱངས་ཅན་ལགས་ཀྱིས་དབུ་འདྲེན་ཕེབས་པ་དེ།།
ནང་མ་བཀྲ་ཤིས་སྒང་གི་སྐུ་བསོད་དེ།།

ཨ་བོ་བསམ་གྲུབ་བཟི་བའི་སྔུར་བ་དེ།།
བདེ་སྐྱིད་མཆོད་ཁང་ནས་ཀྱང་གྲགས་པ་དེ།།

བར་བསྐོར།

བར་བསྐོར་ཤར་གྱི་ཉི་འོད་ནི།།
གཟན་རྐྱང་ལྟེབ་ལ་ལན་མང་ཐོགས།།
དབྱངས་ཅན་མ་ནི་བར་སྐོར་གྱི།།
རླུང་བུའི་འགྲོས་ཤིག་བརྒྱུད་ནས་བྱོན།།
གཡུ་ཐོག་ལམ་ནས་འཕྲད་པ་ཁོང་།།
སྒྲོལ་མ་ཡིན་པ་གཞུག་ནས་ཚོར།།
མ་གཞི་ལས་ཀྱི་སྦུག་ཁང་དེའི།།
ཐོག་སོ་རེ་ནི་ཆ་མེད་དོ།།

2019/2/11

WechatIMG366.jpg

ཕྱི་གསར་གྱི་སྙན་ཚིག

ཕྱི་གསར་གྱི་རླུང་བུ་སྔར་བཞིན་ཐོན།།
དུས་ཚོད་ཀྱི་དབྱིངས་དེ་སྔར་བཞིན་མངོན།།
ངའི་སྐྱེ་མཆེད་ལ་སྤྲུལ་བའི་དབྱངས་ཅན་མ།།
རྩོམ་ངག་རིག་གི་པད་སྡོང་ཚུགས་དང་ལགས།།
ཚིག་སྡེབ་སྦྱོར་གྱི་ཞལ་ཁ་ཕྱེས་དག་ལགས།།

ངེས་མེད་ཀྱི་སྨུག་པ་མཚམས་རེ་གཡོ།།
ངེས་ཅན་གྱི་སྤྲིན་ཡང་སྐབས་འགར་ལྡང་།།
ངའི་གཟན་ལྟེབ་ཀྱི་སྨུག་སྤྲིན་ཡོན་པོ་འདི།།
གཏམ་ཅི་ཡིས་བཤད་དེ་མ་ངེས་ཨང་།།
བརྡ་གང་གིས་མཚོན་དེ་མ་ཤེས་ཨང་།།

མཐོང་ལམ་གྱི་དར་ལྕོག་སྔར་བཞིན་མཛེས།།
རབ་གསལ་གྱི་ཤེལ་ཁྲ་སྔར་བཞིན་དྭངས།།
ངའི་ཆགས་སྡང་གིས་བཟི་བའི་བྱེའུ་ཆུང་དེ།།
ནམ་ངེས་མེད་དུ་ཁང་ཆུང་བསྐོར་བ་བྱེད།།
སྟབས་གང་བྱུང་གིས་མེ་ཕུང་སྐོར་བྲོ་རྩེ།།

2019/1/2

WechatIMG369.jpg

བྱེའུ་ཆུང་བཀྲ་ཤིས་སྒྲོལ་མ།

བྱེའུ་ཆུང་འཕུར་ན་ཆོག་པ།།
གཤོག་རྩལ་ཟད་ན་འགྲིག་པ།།
གྲིབ་མ་གཅིག་པུས་ང་ལ།།
དབྱངས་ཤིག་བསླབ་ན་ཡིན་པ།།

བྱེའུ་ཆུང་བཀྲ་ཤིས་སྒྲོལ་མ།
མ་གཞི་ག་ནས་ཡིན་པ།།

གནས་ཡུལ་བརྗེད་ན་ཆོག་པ།།
གནས་ཁང་བརྡིབ་ན་འགྲིག་པ།།
ལ་ལུང་ཆ་མེད་དག་ནས།།
ངལ་གསོ་གནང་ན་ཡིན་པ།།

བྱེའུ་ཆུང་བཀྲ་ཤིས་སྒྲོལ་མ།
མ་གཞི་ག་ནས་ཡོང་བ།།

ལ་ཆེན་ལ་ཆུང་མང་བ།།
དེ་ལ་གྱ་གྱུ་མང་བ།།
གྱ་གྱུ་མང་པའི་ས་དེར།།
གནས་ཚང་བྱུང་ན་འགྲིག་པ།།

བྱེའུ་ཆུང་བཀྲ་ཤིས་སྒྲོལ་མ།
མ་གཞི་ག་རེ་དགོས་པ།།

རང་འདེམས་ལམ་བུ་བདེ་བ།།
མི་ཚོ་བཤད་རྒྱུ་མང་བ།།
མང་ཡང་མང་ན་ཆོག་སྟེ།།
ཇུས་གཏོགས་མེད་པ་བྱས་ཆོག།

བྱེའུ་ཆུང་བཀྲ་ཤིས་སྒྲོལ་མ།
མ་གཞི་ག་རེ་ལབ་པ།།


རྩོམ་སྒྲིག་པ། གླིང་སྨྱོན།

དཔྱད་མཆན 0 ཡོད།