ཨ་དོན་གྱི་གླུ་གཞས་བརྩམས་ཆོས།

微信图片_20181108093105.jpg

     ཨ་དོན་ནམ་ཚེ་རིང་དོན་གྲུབ། གྱ་གཉིས་ལོར་ཡུལ་ཨ་མཆོག་ཏུ་སྐྱེས། བོད་ཀྱི་དུས་དེབ་དང་གསར་ཤོག དྲ་ཚིགས་དང་འཕྲིན་སྟེགས་སོགས་སུ་སྒྲུང་གཏམ་དང་སྒྱུར་རྩོམ། སྙན་ངག་དང་གཞས་ཚིག་སོགས་མི་ཉུང་བ་ཞིག་སྤེལ་ཡོད། ད་ལྟ་ཀྲུང་གོ་གྲངས་ཉུང་མི་རིགས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་རྨ་ཆུ་རྫོང་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་འཁུར་ཡོད།

པོ་ཏ་ལ།

སྲིད་པའི་རྩེ་མོར་སྒྲོན་པའི་མར་མེ།

དམར་པོ་བྲག་ལ་བརྩིགས་པའི་ཕ་མཁར།

དད་བརྩོན་དང་དཔའ་གདེངས་ཀྱིས་བསྐྱོད་ཅིང་།

རྔུལ་ཁྲག་དང་ལོ་ཟླ་ཡིས་བཞེངས་བའི།

དྲག་པོའི་དཔུང་གི་དོ་ཡ་བཙན་པོ་མ།

ནག་པོའི་ལས་ཀྱི་འཐབ་ཡ་མི་འཇིག་ཁྲི།

ཨེ་མ་ཧོ། པོ་ཏ་ལ།རྩེ་ཕོ་བྲང་།

ཁྱེད་ལ་སུམ་ཉིས་ཁ་ལོ་སྒྱུར་བའི་མངའ་ཐང་ཡོད།

ཁྱེད་ལ་རྐང་གཉིས་འགྲོ་བ་དད་པའི་ཐུགས་རྗེ་ཡོད། 


གངས་རི་ཐོད་ལ་བཏེགས་པའི་ཉི་མ།

ལྕགས་རིའི་ཚལ་ལ་ཟུག་པའི་ཀ་ཆེན།

སྙིང་རྗེ་དང་བྱམས་བརྩེ་ཡིས་བརྟན་ཅིང་།

མཁས་མཛངས་དང་བློ་སྤོབས་ཀྱིས་བསྐྲུན་པའི།

ཆོལ་གསུམ་གྱི་མིག་གི་གཏད་ས་དམར་པོ་རི།

སྒང་བ་མིའི་སྒོ་གསུམ་བཅོལ་ས་གྲུ་འཛིན་རྩེ།

ཨེ་མ་ཧོ། པོ་ཏ་ལ། རྩེ་ཕོ་བྲང་།

ཁྱེད་ལ་ཆོས་སྲིད་འཁོར་ལོ་བསྒྱུར་བའི་མཚར་སྡུག་ཡོད།

ཁྱེད་ལ་དུས་གསུམ་གདུང་བ་སེལ་བའི་སེམས་དཔའ་ཡོད།

ཕ་ཡུལ་ཀན་ལྷོ།

གླིང་སྟོད་གངས་ཀྱི་ཅོ་པན་མཛེས་བ།

རྨ་ཆུ་ལི་མའི་གསེར་རླབས་འཕྱུར་ས།

བསང་གཞུང་མེ་ལོང་མཁའ་ནས་འཆར་བ།

མདོ་སྨད་དག་པའི་ཞིང་མཆོག་བླ་བྲང་།

ཨ། ཕ་ཡུལ། ཕ་ཡུལ་ཀན་ལྷོ།

བསྟན་དང་འགྲོ་བའི་སེམས་ཀྱི་བསྟི་གནས།

དུས་དང་བསྐལ་བའི་མེས་བོའི་ཕ་ཁྱིམ།

ལོ་རྒྱུས་ཀྱི་ཉི་ཟླ་མཁའ་མཐར་བསྲིངས་བའི་མཚར་སྡུག་གི་ཡུལ་གྲུ།

འགྲོ་དྲུག་གི་བརྩེ་སེམས་ས་གསུམ་ཁྱབ་པའི་ཞི་མཐུན་གྱི་དག་ཞིང་།

ཨ། ངའི་ཕ་ཡུལ།

མེས་བོའི་ལུང་གིས་ཟིན་པའི་གཙོད་ཀྱི་ཕ་ས།

བཙན་པོའི་ཕྱག་གིས་བསྟར་བའི་གཞིག་མེད་གསེར་ཡིག


འབྲི་སྟོད་ནགས་ཀྱི་གཡུ་ལོ་རྒྱས་པ།

འབྲུ་ཆུ་དཀར་མོའི་འཁྱུག་ཉམས་མཚར་བ།

མདུང་ནག་ལུང་བའི་སྟག་མོའི་མཆོངས་སྟབས།

ཀླུ་ཆུ་སྔོན་མོའི་གད་རྒྱངས་འདྲ་བ།

ཨ། ཕ་ཡུལ། ཕ་ཡུལ་ཀན་ལྷོ།

མཚོན་དང་དཔུང་གི་རུ་སྦྲ་སྨུག་པོ།

རུས་དང་རྐང་གི་དབྱངས་ཀྱི་ཚོམས་བུ།

མཚར་སྡུག་གི་མཇའ་རིས་སྲིད་རྩེར་འདྲེན་པའི་འོད་སྟོང་གི་ཡུལ་སྡེ།

མི་རབས་ཀྱི་རྐང་སྒྲས་ས་ཆེན་གཡོ་བའི་རྫོགས་ལྡན་གྱི་མི་སྡེ།

ཨ། ངའི་ཕ་ཡུལ།

མེས་བོའི་ལུང་གིས་ཟིན་པའི་གཙོད་ཀྱི་ཕ་ས།

བཙན་པོའི་ཕྱག་གིས་བསྟར་བའི་གཞིག་མེད་གསེར་ཡིག

སྐར་མའི་མཚེར་ས།

ཨ་སྔོན་མཐོན་པོ་མཐོན་པོ།

མཐིང་མདོག་སྔོན་པོ་སྔོན་པོ།

བརྩེ་བའི་མཁའ་དབྱིངས་དྭངས་མོ།

ས་ཆེན་པང་ལ་འཆར་ཡོད།

ཨེ་མ། སྐར་མའི་མཚེར་ས། ཨ་ལ། ཇི་འདྲའི་དྭངས་བ།

ཞེ་དག་གཙང་མའི་གླུ་ལ།

སྲིད་པའི་གཞས་གདངས་འཁོར་ཡོང་།


སེམས་པ་དྲོན་མོ་དྲོན་མོ།

ཞེ་རྩ་དམར་པོ་དམར་པོ།

ས་ཡི་བརྩེ་བ་ཡངས་མོ།

ནམ་མཁའི་མགུལ་ཏུ་འཕྱང་ཡོད།

ཨེ་མ། སྐར་མའི་མཚེར་ས། ཨ་ལ། ཇི་འདྲའི་གཙང་བ།

རྣམ་དག་གཙང་མའི་གཞས་ལ།

སྲིད་པའི་རྣམ་ཤེས་འཁོར་ཡོང་།


དགུ་ཚིགས་རིང་ཡང་ཐུང་ཡང་།

ས་ཆེན་ཆེ་ཡང་ཆུང་ཡང་།

ཇོ་མོ་གླང་མའི་དབུ་ལ།

དཔག་བསམ་ལྗོན་པ་འཁྲུངས་ཡོད།

ཨེ་མ། སྐར་མའི་མཚེར་ས། ཨ་ལ། ཇི་འདྲའི་མཛེས་པ།

ཡིད་སེམས་གཉིས་ཀྱི་རྒྱུན་ལ།

སྲིད་པའི་འདབ་མ་འཁྲུངས་ཡོང་།།

དོན་གྲུབ་རྒྱལ་ལོ།

ལུས་ཀྱི་ཟུངས་ཁྲག་ཆད་མེད།།

ཁ་ཞེང་མཚོ་མོའི་བརྩེ་བ།།

འཇིག་རྟེན་སྣང་བའི་ཁྱོན་རེད།།

གསོན་ན་སེམས་ཀྱིས་སྐྱོར་བའི།།

ཕོ་རབ་ཚིག་ཐོག་ཅན་པོ།

དོན་འགྲུབ་རྒྱལ་ལོ་ཁྱོད་རེད།

སྟག་ཤར་ཚེ་རིང་ལོ་བརྒྱ།།


སེམས་ཀྱི་བཞུར་རྒྱུན་མཛད་མེད།།

ཤ་རུས་གཅིག་པའི་དུངས་བ།།

ཚེ་གཅིག་ལས་གྱི་ཡན་རེད།།

ཤི་ཡང་མིག་གིས་འཚོ་བའི།།

མཛངས་མ་ཕྱི་ཐག་ཅན་མ།།

ཡེ་ཤེས་སྒྲོལ་མ་ཁྱོད་རེད།།

སྨན་ཤར་ཁ་བྲོ་བཀྲ་ཤིས།།


དོན་གྲུབ་རྒྱལ་ལོ་ང་བྱེད།།

ཡེ་ཤེས་སྒྲོལ་མ་ཁྱོད་བྱོས།།

འཇིག་རྟེན་སྐྱིད་ཀྱང་སྡུག་ཀྱང་།།

རིན་ཆེན་མི་ལུས་རྟེན་ཡིན།།

དམ་ཚིག་ངར་མོ་རྣོ་ཡིན།།

ཚེ་གཅིག་ཚེ་གྲོགས་གནམ་ཡིན།།

ལམ་གཅིག་འགྲོ་རོགས་ས་ཡིན།།

སྒོ་དར།

ཤར་སྒོ་འབྲུག་རིས་ནང་རོལ།།

དགུ་འགག་སྒོ་བའི་ཕྱི་རོལ།།

ཤར་ལུང་ཁ་བའི་མུ་ཁྱུད།།

གངས་ཀྱི་རྒྱལ་མཚན་གཡོ་ས།།


ལྷོ་མོན་འཇང་སྒྲོ་དཀར་པོ།།

ཁབ་ལྷོ་རྡོ་རིང་གཙུག་ཕུད།།

ལྷོ་བགྲོད་ཇ་རྟ་ཁྲི་ལམ།།

ནོར་བཟང་གཡང་མདའ་གཡོ་ས།།


བདེ་ཁམས་ཞིང་ལ་བསྟད་ཡོད།།

ཚེ་འགྲོ་མི་ལ་གཏད་ཡོད།།

མགོ་ནག་ཞེ་ལ་ཚུགས་ཡོད།།

མགོ་སྦྲ་སྨུག་པོར་འཁོར་ཡོད།།

བཀྲ་ཤིས་འཛོམས་གླུ།

སྟོད་ན་སྐོར་གསུམ་བཙན་ཡུལ་སྐྱིད།།

བར་ན་དབུས་གཙང་ཆོས་ཡུལ་སྐྱིད།།

སྨད་ན་སྒང་དྲུག་རོང་ཡུལ་སྐྱིད།།

མདོ་ཁམས་སྒང་བ་སྐྱིད་པའི་ས།།


ཉི་ཟླ་ཁ་སྤྲོད་བོད་ལ་འཆར།།

ཕུན་ཚོགས་སྡེ་བཞི་བོད་ཡུལ་ཁྱབ།།

བཀྲ་ཤིས་གཡང་འཁྱིལ་དུས་སྐར་ལ།།

གངས་ཅན་བོད་མིའི་ལས་བསོད་དར།།


སང་ཉིན་ཡོད་པས་ང་ཚོ་འཛོམས།།

དེ་རིང་ཡོད་པས་ང་ཚོ་སྤྲོ།།

དུས་དང་སྐལ་བས་ང་ཚོ་སྦྲེལ།།

ང་ཚོ་མི་འབྲལ་ལས་དབང་གཅིག།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།