འགྲུལ་བཞུད།(ཞར་བཀོད་གསུམ།)

44.jpg

 འགྲུལ་བཞུད།

ལྷོ་རོང་ནགས་ཀྱི་རྒྱ་མཚོ།།

མོན་ཡུལ་གཡང་ཁྱིམ་གྲུ་བཞི།།

གཞོན་པའི་རྐང་ཆུང་མེ་ཏོག།

བཞད་སའི་གཡུ་ཡི་ར་བ།།


ཁུ་བྱུག་ངག་གི་རོལ་དབྱངས།།

ལན་གསུམ་སྒྲོག་པའི་དུས་ཚིགས།།

སེར་པོ་འོ་གུ་མེ་ཏོག

གཞོན་པའི་སྙིང་ལ་འཁྲུངས་ཤག།


རིན་ཆེན་ནོར་བུའི་གླིང་ཕྲན།།

སྐྱབས་ཀྱི་འདུན་མར་སྨིན་པས།།    

མཚོ་སྣའི་གཡུ་ཡི་གཞོང་པར།།

སེམས་པའི་རྟ་ཕོ་ལུས་སོང་།།


ལས་ཀྱིས་སྦྲུམ་པའི་ཆུ་རིས།།

ཞོལ་གྱི་མཚོ་མོར་འཁྱུག་དུས།།

གཡུ་ཐོག་ཟམ་པ་སྒུལ་ཞོར།།

གཙང་པོའི་རྨི་ལམ་བསྒྲིགས་སོང་།།


མོན་གླིང་ཆུ་མིག་བརྒྱ་རྩ།།

སྨན་ཤིང་ཡོངས་འདུའི་དཔག་བསམ།།

ཚངས་དབང་བླ་མའི་ཕྱི་མིག།

ཕྲེང་བའི་གྲངས་ལ་བགྲངས་ཡོད།།


འཕྱོངས་རྒྱས་བུ་མོའི་འཛུམ་ཆུང་།།

ཐུགས་སེམས་དཀྱིལ་དུ་བབས་པས།།

མཇལ་འཕྲད་གསེར་ལས་དཀོན་ཡང་།།

ལས་འཕྲོའི་རྟགས་ཐམ་བརྒྱབ་ཡོད།།


མིག་ཟུང་རྒོད་སྒྲོའི་མདའ་མོ།།

སེམས་པའི་གཞུ་ཐིག་བར་ནས།།

མཆོང་རྒྱས་ཟླ་བ་སྒྲོལ་མའི།།

གཙུག་གི་དར་ལ་བསྒྲོན་ཡོད།།

   timg (1).jpg

སྲོད་ཀྱི་ཉི་འོད།


བྱང་ཆུབ་གླིང་གི་སྟོད་ནས།།

ཉི་མར་རྒས་ཆ་དོད་སོང་།།

མ་རྒས་གཞོན་པའི་སེམས་པ།།

ཉི་གཞུག་འོད་དང་འདྲ་ལེ།།


ཕྱིར་མིག་དམར་པོའི་འདང་བརྩེ།།

ཤོད་ཀྱི་སྤང་ལ་འཕྲོས་སོང་།།

སྤང་ལ་འཁྲུངས་པའི་མེ་ཏོག།

ཞལ་རས་ཁྱོག་ཙམ་གནངས་དང་།།


ལ་རྒྱབ་སྤྲིན་པ་མེད་དུས།།

འོད་ཀྱི་སྣང་བ་ཕྲ་མོ།།

འཛུམ་གྱི་ཁོངས་ནས་བརྡོལ་ཞིག།

འདི་ལས་སྐྱིད་ཅིག་མེད་བསམ།།


གཡར་པའི་ལུས་ཀྱི་ཕུང་བོ།།

དང་བའི་སེམས་ཀྱིས་སྐུལ་དུས།།

བྱ་ཕོའི་སྒྲོ་ལས་ཡང་ང་།།

ཉི་གཞུག་ཕྱོགས་སུ་འཕུར་འགྲོ།

timg (4).jpg

 བར་ཐག

ཨ་གར་ལྗོན་བཟང་སད་ཀྱིས་ཁྱེར་ནས་སོང་།།

སྨུགས་པའི་ཤམ་བུ་རླུང་བུས་མནབས་ནས་ཕྱིན།།

བརྩེ་བའི་སྦྲང་ཆང་སྤྲིན་པའི་སྙིང་ནས་ཟགས།།

སྟོན་ལོ་སེར་པོ་རྒྱང་རིང་ཡུལ་མཐར་འཁྱམས།།

བདག་ནི་དེའི་རྗེས་མ་ཆོད་ཤུལ་དུ་ལུས།།


ཕུགས་ཀྱི་འདུན་མ་ནོར་བུའི་མེ་ལོང་ལ།།

མཚན་མོའི་རྨི་ལྟས་ཁྲོད་ནས་ལག་སྙོབས་བྱས།།

སྐར་མའི་ཁོང་འཛུམ་མིག་གི་ཟུར་ལ་ལྷུང་།།

ཉི་ཤུའི་ལང་ཚོ་ཕྱེ་ལེབ་རྒྱབ་གཞུང་འདྲ།།

རྒ་བའི་སེམས་འགྱུ་སྒྱུ་མའི་འཕྲུལ་བག་འདྲ།།


ལས་ཀྱི་སྣང་བའི་གཡུ་སྦྲང་གཞོན་ནུ་དེ།།

སྐད་དང་ཡི་གེའི་དྲི་ཞིམ་འདབ་མར་འཁྱུད།།

འདྲིས་པའི་པད་མོ་འཛུམ་པའི་ཞལ་ན་སྐྱོམ།།

དགའ་བའི་སེམས་ཀྱི་ཕ་བོང་བརྟན་ནེ་ཡོད།།

དུང་བའི་རླབས་ཀྱི་རྒྱུན་ལ་མཛད་མཐའ་མེད།།


དུས་བཞིའི་འགྱུར་བག་རྒོད་པའི་ཆོས་ཉིད་ཁྲོད།།

རིགས་ལ་ཞེན་པའི་སེམས་ཀྱི་ཆུ་ཤེལ་དེར།།

གཡོ་དང་སྒྱུ་མའི་མདའ་མོ་བསྣུན་ཐེངས་རེར།།

ཐག་སེ་ཆག་འགྲོ་སྙམ་པའི་འཇིགས་སྣང་ཞིག།

ན་ཟུག་ཁོལ་མའི་རླབས་སྒྲ་སྙིང་ན་གཟེར།།



མར་མེའི་འོད་ཀྱིས་འདི་ཕྱིའི་རྒྱུན་ཐག་སྦྲེལ།།

གསོན་གཟུགས་སོ་སྐྱེའི་བར་ཐག་དེ་ལས་རིང་།།

མཐུན་པའི་ལག་རྡང་ཨ་ལོང་སྦྲེལ་རྒྱུ་ན།།

མཁས་པའི་བེའུ་བུམ་ཀློག་པའི་སྐལ་བ་ལྡན།།

རིག་པའི་ནམ་འཕངས་གཅོད་པའི་དུས་ལ་རན།།


timg (9).jpg

ཡ་རེ་ང་། 

སྐར་གྱི་མཐོ་དམན་མི་ཚེའི་ཚད་གཞི་མཛད།།

ཡ་ཆུང་ཁབ་མིག་ལྟར་གྱི་ཕྲ་ཕུང་ནང་།།

ཀུ་རེ་ཚིག་གི་སྐུད་སྣེ་འཇུག་རིན་དབེན།།

མ་ཡིན་ཡིན་མདོག་བྱེད་པར་ཡ་རེ་ང་།།


འཛུམ་མདངས་གཡོ་སྒྱུའི་ལྕགས་ཀྱུ་མདའ་ལྟར་རྣོ།།

གཡེན་གྱི་ཕྲ་མ་འཇུག་པར་གློག་ལྟར་མྱུར།།

སྨྲ་ལྕེ་དལ་འབབ་རིང་མོ་རླབས་བཞིན་འཕྱུར།།

བཟང་ལན་ཆུ་ཡིས་འཇལ་མཁས་ཡ་རེ་ང་།།


མི་ཤེས་རྨོངས་པའི་འཇུག་ལྡོག་མུན་ལྟར་འཐིབས།།

ངའོ་སྙམ་པའི་ང་རྒྱལ་འབྲུག་ལྟར་གྲགས།།

དཀར་ནག་དབྱེ་བ་འབྱེད་པར་བ་ལྟར་ལྐུགས།།

འཇོན་པོའི་ངང་ཚུལ་འཛིན་པར་ཡ་རེ་ང་།།


འཕྲལ་གྱི་རྩིས་ཙམ་ཉིད་ལ་མགོ་འཁོར་ནས།།

ཕུགས་ཀྱི་འདུན་མ་དེ་ལ་ཕུད་རྒྱག་བཏང་།།

དྲང་མོ་གཏམ་ལ་འཁྱོག་པའི་གོ་ལེན་མཁན།།

ཆ་ལུགས་ཡ་མ་ཟུང་ལ་ཡ་རེ་ང་།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།