ང་ཡི་ཕུགས་འདུན་ནི་སྙན་ངག་འདེབས་མཁན་ཞིག་བྱ་རྒྱུ་དེ་ཡིན།

ང་ཡི་ཕུགས་འདུན་ནི་སྙན་ངག་འདེབས་མཁན་ཞིག་བྱ་རྒྱུ་དེ་ཡིན།    

——ཡང་ན་ངས་སྙན་ངག་འབྲི་དོན།    

ངས་སྙན་ངག་འབྲི་དོན་ནི། ང་རང་སྙན་ངག་འདེབས་མཁན་ཞིག་བྱ་འདོད་པས་ཡིན།

ངས་སྙན་ངག་འབྲི་དོན་ནི། ང་རང་ཕུགས་བསམ་རིང་ལུགས་པ་ཞིག་ཡིན་པའི་རྐྱེན་གྱིས་ཡིན།

ངས་སྙན་ངག་འབྲི་དོན་ནི། ང་རང་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་སྨྲ་བ་ཉུང་ཞིང་སྐྱོ་དུབ་ཅན་ཞིག་ཡིན་པའི་རྐྱེན་གྱིས་ཡིན།

ངས་སྙན་ངག་འབྲི་དོན་ནི། ཆུང་དུས་སུ། རྨོ་མོས་ང་ལ་གླུ་གཞས་མང་པོ་ཞིག་བསླབས་ཤིང་།གླུ་གཞས་ཀྱི་ནང་དོན་ལ་རྒྱུ་འབྲས་དང་དྲང་བདེན།དཀའ་སྤྱད།སྙིང་སྟོབས།བློ་སྤོབས་སོགས་ཡོད་པས་ཡིན།

ངས་སྙན་ངག་འབྲི་དོན་ནི། ངས་རང་ལ་ཁེར་བུ་ཞེས་ཁེར་རྐྱང་གི་གོ་དོན་སྟུག་པོར་ཡོད་པའི་སྨྱུག་མིང་ཞིག་བཏགས་པ་དང་།རྒྱུན་པར་ཁེར་བུར་བསམ་གཞིག་དང་འགྲུལ་སྐྱོད།སྡུག་བསྔལ།དཔེ་ཀློག་བྱེད་པར་གོམས་པས་ཡིན།

ངས་སྙན་ངག་འབྲི་དོན་ནི། ངས་མང་པོ་ཞིག་བརྗེད་པར་དོགས་པས་ཡིན།མང་པོ་ཞིག་དྲན་པར་སྐུལ་བ་ཡིན།མང་པོ་ཞིག་ལ་བསམ་བློ་མ་དཔོག་པས་ཡིན།མང་པོ་ཞིག་ཐག་མ་ཆོད་པས་ཡིན།མང་པོ་མང་པོ་ཞིག་མ་ལྕོགས་པས་ཡིན།

ངས་སྙན་ངག་འབྲི་དོན་ནི། ངས《ལང་ཚོའི་རྦབ་ཆུ》ཟེར་བའི་སྙན་ངག་ཅིག་བློར་བཟུང་སྟེ་ཡང་ཡང་གྱེར་མྱོང་བས་ཡིན།

ངས་སྙན་ངག་འབྲི་དོན་ནི། ངས་མི་ཉིད་དམིགས་ཡུལ་དུ་བཟུང་ཞིང་མི་གཤིས་ལ་བརྩི་འཇོག་དང་དོ་ཁུར་བྱེད་པས་ཡིན།

ངས་སྙན་ངག་འབྲི་དོན་ནི། ལམ་ལ་མུན་པ་དང་ཁུག་ཀྱོག་མོད་རུང་མདུན་ཕྱོགས་སུ་འོད་སྣང་ཡོད་པར་ཡིད་ཆེས་པས་ཡིན།

ངས་སྙན་ངག་འབྲི་དོན་ནི། ང་རང་དཀའ་སྡུག་ལ་འཕྲད་མྱོང་ཞིང་།དཀའ་སྡུག་ལ་མགོ་མ་བསྒུར་བས་ཡིན།

ངས་སྙན་ངག་འབྲི་དོན་ནི། ང་རང་འཆར་ཡན་བྱ་རྒྱུར་མོས་ཤིང་།དུས་མཚུངས་སུ་དངོས་ཡོད་དོར་མེད་པས་ཡིན།

ངས་སྙན་ངག་འབྲི་དོན་ནི། ང་རང་དགའ་སྐྱོ་ཆགས་སྡང་གི་རྣམ་འགྱུར་གསལ་ལ།ཡ་ཡོ་དང་ཁ་ཁོག་མེད་པའི་མི་ཞིག་ཡིན་པའི་རྐྱེན་གྱིས་ཡིན།

ངས་སྙན་ངག་འབྲི་དོན་ནི། ང་ལ་མིག་གསུམ་པ་ཞིག་ཡོད་པས་ཡིན།

ངས་སྙན་ངག་འབྲི་དོན་ནི། ངས་སྙན་ངག་འབྲི་རྒྱུ་ལས་གཞན་ཅི་ཡང་མི་ནུས་པས་ཡིན།

ངས་སྙན་ངག་འབྲི་དོན་ནི། ང་ལ་ཐོབ་པ་ལས་ཤོར་བ་མང་བས་ཡིན།

ངས་སྙན་ངག་འབྲི་དོན་ནི། ཆུང་དུས་སུ།རྨོ་མོས་ང་ཡི་ལག་མགོར་འཇུས་ནས་དགོན་པར་མཇལ་སྐོར་དུ་ཐེངས་གཅིག་སོང་བས་ཡིན།ཕྱིར་ལོག་ཁར་ཆར་བ་བབས་བྱུང་བས་ཡིན།དུས་དེར།ཆར་བའི་ཁྲོད་དུ།ངས་མུ་མཐའ་མེད་པའི་ཞིང་སའི་མཛེས་སྡུག་ཐེངས་དང་པོར་མཐོང་བས་ཡིན།

ངས་སྙན་ངག་འབྲི་དོན་ནི། ཞིང་གྲོང་ཡོད་ཚད་དུ་རྨོ་མོའི་གྲིབ་མ་ཡོད་ཅིང་།ཞིང་གྲོང་ཡོད་ཚད་ནི་རྨོ་མོའི་ཕ་ཡུལ་ཡིན་པའི་རྐྱེན་གྱིས་ཡིན།

ངས་སྙན་ངག་འབྲི་དོན་ནི། ང་ལ་བོད་པ་ཞིག་ཡིན་པའི་ང་རྒྱལ་དང་།བོད་པ་ཞིག་ཡིན་པའི་ཁེར་རྐྱང་ཡོད་པས་ཡིན།

ངས་སྙན་ངག་འབྲི་དོན་ནི། ང་ལ་མདོ་དབུས་མཐོ་སྒང་ཟེར་བའི་མཐོ་སྒང་ཞིག་ཡོད་ཅིང་།ང་ཡི་མཐོ་སྒང་ནི་ཁེར་རྐྱང་གི་མཐོ་སྒང་ཡིན་པའི་རྐྱེན་གྱིས་ཡིན།

ངས་སྙན་ངག་འབྲི་དོན་ནི། ང་ལ་ཆེས་སྤྱིར་བཏང་གི་ཕུགས་འདུན་ཞིག་ཡོད་ཅིང་།དེ་ནི་འཇིག་རྟེན་འདིར་སྙན་ངག་དཀོན་དྲགས་པས།ང་ནི་སྙན་ངག་འདེབས་མཁན་ཁོ་ན་ཞིག་བྱ་འདོད་པ་དེ་ཡིན།

ངོ་སྤྲོད་མདོར་བསྡུས།

res01_attpic_brief (2).jpg

ལྷ་ལུང་རྒྱ་མཚོ། སྨྱུག་མིང་ལ་ཁེར་བུ། 1992ལོར་མཚོ་སྔོན་ཞིང་ཆེན་རེབ་གོང་སྨད་པའི་རི་རྩ་སྡེ་བར་སྐྱེས།སྔ་རྗེས་སུ་སློབ་གྲྭ་ཆུང་འབྲིང་རིམ་བཞིན་འགྲིམས་ཤིང་།2009ལོར་ནུབ་བྱང་མི་རིགས་སློབ་ཆེན་ལ་རྒྱུགས་འཕྲོད་པ་དང་བོད་སྐད་ཡིག་རིག་གནས་སྡེ་ཁག་ཏུ་དངོས་གཞི་ལོ་ངོ་བཞིའི་རིང་ལ་བོད་སྐད་ཡིག་རྩོམ་རིག་གི་ཆེད་ལས་ལ་སློབ་གཉེར་བྱས།2013ལོར་སློབ་གྲྭ་དེ་གའི་རབ་འབྱམས་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་དེ་དགེ་རྒན་དམ་པ་བདུད་ལྷ་རྒྱལ་གྱི་མཛུབ་སྟོན་འོག་ལོ་ངོ་གསུམ་གྱི་རིང་ལ་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་ནང་གསེས་ཏེ་བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག་གི་ཁ་ཕྱོགས་ལ་སློབ་གཉེར་བྱས་པ་དང་།2016ལོའི་ཟླ6པར་ནུབ་བྱང་མི་རིགས་སློབ་ཆེན་ནས་རབ་འབྱམས་པའི་སློབ་མཐར་ཕྱིན།རབ་འབྱམས་པའི་སློབ་སྦྱོང་གི་འབྲས་རྟགས་སུ《ལྗང་བུའི་སྙན་ངག་ཞིབ་འཇུག》ཅེས་པའི་མཐར་ཕྱིན་དཔྱད་རྩོམ་ཕུལ་བ་དང་།དཔྱད་རྩོམ་དེར་ནུབ་བྱང་མི་རིགས་སློབ་ཆེན་གྱི་ཕུལ་བྱུང་མཐར་ཕྱིན་དཔྱད་རྩོམ་གྱི་མཚན་སྙན་ཐོབ།སྔ་རྗེས་སུ《སྦྲང་ཆར》དང《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《ཟླ་ཟེར》 《མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ》 《མཚོ་སྔོན་བོད་ཡིག་གསར་འགྱུར》 《ཁྲིམས་ལུགས་ཚགས་པར》སོགས་དུས་དེབ་དང་ཚགས་པར་སྟེང་སྙན་ངག་གཙོ་བྱས་པའི་བརྩམས་སྒྲུང་དང་།ལྷུག་རྩོམ།དཔྱད་རྩོམ་སོགས་བཞི་བཅུ་ལྷག་སྤེལ་མྱོང་ཞིང་།《ལམ་དང་ཁེར་རྐྱང་།ད་དུང་གཞན་དག》ཅེས་པར་མཚོ་སྔོན་བོད་ཡིག་གསར་འགྱུར་གྱིས་གཙོ་སྒྲུབ་བྱས་པའི“ཀྲུང་གོའི་འདུན་མ··ང་ཡི་གདམ་ག”ཞེས་པའི་རྒྱལ་ཡོངས་བོད་ཀྱི་སློབ་གྲྭ་ཆེན་མོ་བའི་རྩོམ་ཡིག་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ།ད་ལྷ་མཚོ་སྔོན་ཞིང་ཆེན་སྒྱུ་རྩལ་ཞིབ་འཇུག་ཁང་དུ་ཞིབ་འཇུག་གི་ལས་ཀ་གཉེར་བཞིན་ཡོད།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།