སྙིང་ཉེ་བའི་ཧྲུའུ་ཨེར་ལགས།

གཅིག

ཀྲའོ་དབྱི་ཡིས་ཤིད་ཆས་ཚོང་ཁང་དུ་ལག་ནས་སེམས་ཆུང་བག་ཟོན་སྒོས་ཀུ་ཤུ་བཅོ་བརྒྱད་པ་རྟགས་ཅན་གྱི་འབག་བཟོས་རིས་དབྱིབས་ཤིད་ཆས་ཤིག་སྦྱོར་གྱིན་ཡོད། ད་སྐབས་འདི་དར་ཁྱབ་ཆེ་བར་བརྩི་སྟེ་ཚང་མས་གཅིག་མཐུན་གྱིས་ཡུལ་དེ་གར་ཅུང“མགྱོགས”འདོད་པས་ཀྲའོ་དབྱིས་ཀྱང་ཀུ་ཤུ་བཅོ་བརྒྱད་པ་བཟོས་ཡོད། ཁོས་རྒྱུན་པར་བསམ་རྒྱུར། ཡུལ་དེ་གར་ཅི་འདྲ་ཞིག་ཡིན་ནམ། ལོ་ཧྲིལ་པོར་མུན་པ་རུབ་ནས་ཡོད་དམ་ཡང་ན་ཉི་འོད་མིག་ལ་འཚེར་བའང་རྒྱས་ཡོད་དམ། དུས་བཞི་ཟེར་བ་ཞིག་ཡོད་དམ། ཡང་ན་དྲག་ཆར་འབབ་ལ་ཉེ་བའི་དབྱར་གཞུང་གི་སྐབས་ཡིན་ནམ། འབུ་བླ་མ་མ་ཎི་མང་པོ་ཡང་ཁྱུ་དང་ཁྱུ་བྱས་ཏེ་ཆུ་ངོས་སུ་འཕུར་ལྡིང་བྱེད་བཞིན་ཡོད་དམ། གལ་སྲིད་ཅི་ཡང་ཡོད་ཚེ་ཡུལ་དེ་གར་ཡང་མི་སྐྱིད་རྒྱུ་ཆེར་མེད་པ་འདྲ་སྟེ་ས་ཆ་གཞན་ཞིག་ཏུ་འཚོ་བ་རོལ་བ་ལས་མ་འདས་སྙམ། དེ་དག་དྲན་མ་ཐག་ཁོའི་སེམས་ལ་རང་དབང་མེད་པར་དགའ་ཚོར་བྱུང་སྟེ་འབག་བཟོས་ཁ་པར་སྦྱོར་གྱིན་པའི་ལག་པའང་གཡོལ་ཐབས་མེད་པར་འདར་འོངས་ལ། སོ་ཞིག་བཏབ་ཡོད་པ་ལྟ་བུའི་ཀུ་ཤུའི་རི་མོ་དེ་ཡང་དགའ་སྤྲོ་འགོག་ཏུ་མེད་པ་ཞིག་གི་ངང་ནས་འཁྱོག་པར་སྦྱར་སོང་།

འོན་ཀྱང་། ཡུལ་འདི་ག་ནས་དེ་གར་གོམ་ཁ་སྤོ་དགོས་པ་དེ་ནི་དོན་གྱིས་དཀའ་སྡུག་ཆེ་བ་ཞིག་ཡིན་ཏེ། མཱ་ཅང་རྒྱག་པ་དང་འདྲ་བར་དོན་ངོ་མར་ཆེས་དཀའ་བ་ནི་མཱ་ཅང་ཁྱུ་གཅིག་ཏུ་བསྲེས་བཞིན་པའི་སྐབས་ཀྱི་མཇུག་འབྲས་དེ་མ་ཡིན་པར། མཱ་ཅང་ལག་ཏུ་བཟུང་ནས་ལྟ་སྐབས་སེམས་ལ་མདུད་པ་དགུ་མདུད་ཐེབས་པ་བཞིན་རྙོག་འཁྲུལ་འབྱུང་འོང་བ་དེ་ཡིན། དེའི་ཁར་སྐབས་འདིར་པུར་ཆོག་ཁང་ནང་དུ་སླར་ཡུལ་ལ་འདས་མཆོད་དུ་མྱུར་སྐྱོད་བྱེད་བཞིན་པའི་བུ་མོའི་ངུ་སྐད་ལྷང་བྱུང་སྟེ།  ཕ་རྒན་གྱི་བཟང་ཆ་མ་ལུས་རེ་རེ་བཞིན་བརྩི་ཞིང་ཕ་རྒན་གྱིས་མྱངས་པའི་སྡུག་ཐམས་ཅད་ཀྱང་རེ་རེ་བཞིན་བགྲངས། མདོར་ན་ཤི་གསོན་གཉི་གའི་གང་བདམས་ཀྱང་ཕན་མི་ཐོགས་པར་ངུ་སྐད་དེ་རྦ་རླབས་བཞིན་གཡོས་ཏེ་གནམ་ས་ཁེབས་པར་བྱས་པས། ཀྲའོ་རྒན་པོ་ཟིལ་ཤུགས་དེས་ངང་གིས་ནོན་པར་གྱུར་ཏེ་སྙིང་ལྷོག་ལྷོག་ཏུ་ལྡིང་ཞིང་། བཙན་གྱིས་བསྲན་པའི་སེམས་ཀྱི་སྐྱོ་སྡུག་ཐམས་ཅད་དེ་འཕྲལ་དུ་ཕར་དབྱུག་བྱུང་།

མདང་ནུབ། མེང་ཧྲེང་གིས་གདོང་དུ་རྣམ་འགྱུར་ཅི་ཡང་མེད་པར། ཧིན། ཁྱོད་ཀྱིས་རང་ཉིད་སུ་ཡིན་བསམས་ཡོད་ཅེས་སྨྲས།

གཞོན་ནུ་མེང་ཧྲེང་ནི་སེམས་རྩུབ་པོ་ཅན་ཞིག་ཡིན་ཞིང་ཆུང་དུས་ནས་ནུས་པ་འདི་ལྡན་ཏེ། ཁོས་གཏམ་དྲོན་མོ་ཞིག་ཡིན་ན་དེ་གྲང་མོ་ཞིག་ཏུ་གཏོང་ཞིང་། གྲང་མོ་དེ་ཡང་བཙོག་པར་བསྒྱུར་འོང་ལ། བཙོག་པ་དེ་ཡང་གཞི་ནས་མེད་པར་གཏོང་བ་ཞིག་ཡིན།

ཁྱོད་ཀྱིས་རང་ཉིད་སུ་ཞིག་ཡིན་བསམས་ཡོད། ཚོ་ལྟིག་མེང་ཧྲེང་ནི་སྲོག་ཆགས་ལུས་མཉེན་པོ་ཅན་ཞིག་དང་འདྲ་བར་འབོལ་ཁྲིའི་སྟེང་ཉལ་སྟབས་སུ་ལོག་ནས་བསྡད། ཁོས་དེ་ལྟར་བཙན་གཤིས་དང་གཡོ་ཁྲམ་གྱི་ཉམས་བསྟན་ཏེ་ཁོ་ལ་གཏན་ནས་མི་དབང་བའི་ཁང་པ་འདིར་ལོ་ངོ་ཞེ་གཉིས་ཧྲིལ་པོ་ཞིག་ལ་འཚོ་བ་རོལ་ཡོད་ཅིང་། ཁང་བདག་ངོ་མ་དེ་ནི་རྐེད་པ་བསྒུར་ཏེ་བར་ཁྱམས་ཏུ་ལངས་ཡོད།

ང་སུ་ཡིན་ཟེར་རམ། ངས་ཁྱོད་རང་ལོ་གཉིས་དང་ཕྱེད་ཀའི་སྟེང་ནས་བཟུང་གཉོར་སྐྱོང་བྱས་པ་ཡིན། ད་ནི་ཁྱོད་ཀྱིས་ང་སུ་ཡིན་ཟེར་རམ། ཀྲའོ་རྒན་པོའི་ངག་ཅུང་འདར་སིག་སིག་བྱས། ཁོ་རང་ཚིག་པ་གཏིང་ནས་ཟ་འདོད་པ་ཞིག་བྱུང་མོད། འོན་ཀྱང་། ཁོས་མི་ཚེ་གང་བོར་གཞན་ལ་ངོ་མདང་ལོག་པ་ཞིག་སྟོན་མ་མྱོང་བས་ཚིག་མགོ་ཇི་ལྟར་གླེང་རྒྱུ་ཤེས་མ་སོང་། དེའི་རྒྱུ་མཚན་ནི“མི་ཤེས་པ”འདིས་ཁོ་རང་ཁག་འགེལ་བསྲན་མི་ཐུབ་ཞིག་གིས་མནར་མགོ་ཚུགས་པར་མ་ཟད། ཅི་བྱ་གཏོལ་མེད་དུ་གྱུར་པ་ཞིག་ཀྱང་བྱུང་།

ཁང་རྙིང་ཐབས་ཆག་དེའི་གྲུ་ཟུར་ནས་མགྲོན་ཚོམས་ཀྱི་གློག་སྒྲོན་དང་བརྙན་འཕྲིན་གྱི་འོད་ཟེར་དེ་འཁྱོགས་པར་འཕྲོ་བཞིན་བར་ཁྱམས་ཀྱི་གྲིབ་མ་དང་ཕན་ཚུན་བསྣོལ་འདྲེས་བྱུང་སྟེ་བུད་ཤིང་གི་ཐལ་མདོག་སྲབ་མོ་ཞིག་ཏུ་གྱུར་པས་འཇིག་རྟེན་གཉིས་ཀྱི་འབྲེལ་མཚམས་ལྟར་སྣང་། བར་ཁྱམས་ཏུ་བཞག་ཡོད་པའི་ཞེང་ཚད་ལ་རྨིད་གཅིག་དང་རིང་ཚད་ལ་རྨིད་གཉིས་ཅན་གྱི་ལྕགས་དྲའི་ཉལ་ཁྲི་འདི་ནི་ཀྲའོ་རྒན་པོར་དབང་བའི་སྟོབས་ཤུགས་ཀྱི་ཁྱབ་ཁོངས་ཉག་གཅིག་པུ་དེ་ཡིན། ཁོ་རང་ཤིད་ཆས་ཚོང་ཁང་དུ་སླེབས་པའི་ཕྱི་ཉིན་ནས་བཟུང་། ཁོ་རང་གི་ཉལ་ཤག་དེ་ཡང་གཞི་ནས་ཡལ་སོང་།

ཀྲའོ་རྒན་པོས་ཁུ་སིམ་མེར་ཕྱོགས་ཀུན་ལ་ལྟ་བཞིན་ལོ་དེར་ཁང་པའི་ནང་སྤར་འོངས་པའི་རྣམ་པར་ཕྱིར་དྲན་བྱས་ཤིང་། ད་དུང་ཆུང་མ་ཧྲུའུ་ཨེར་ཉལ་ཤག་ནང་ཕར་རྒྱུག་ཚུར་རྒྱུག་བྱས་པའི་ངང་ཚུལ་ཡང་དྲན་འོངས། གཉེན་སྒྲིག་བྱས་པའི་ལོ་དེར། ཧྲུའུ་ཨེར་གྱིས《ཉ་བདའ》ཟེར་བའི་ཧོང་མེ་ཟློས་གར་གྱི་ལོ་སར་རི་མོ་ཆ་ཚང་ཞིག་ཉོས་འོངས་ནས་བར་ཁྱམས་ངོས་སུ་སྦྱར་ཞིང་དེ་ནི་བཀྲ་ཤིས་པར་བརྩི་འོས་པ་ཞིག་ཡིན། ཕྱི་ལོའི་དགུན་ཁར། ཁོས་བར་ཁྱམས་ཀྱི་རྩིག་པར་ཁུང་བུ་ཞིག་བྲུས་ཏེ་ཕྱི་ལོགས་སུ་ཁྲུས་གཞོང་སྟབས་བདེ་ཞིག་བཟོས་ཤིང་། དེར་ཆུ་སྒམ་ཞིག་ཀྱང་ཚ་ལས་སྦྱར་ནས་ལྕགས་ཤོག་གི་མེ་ཐབ་ལ་མཐུད། ཧྲུའུ་ཨེར་གྱིས་ལུས་པོ་འཁྲུད་དུས་ཁོས་ལྕགས་ཤོག་གི་མེ་ཐབ་སྲུང་སྟེ་ལོགས་སུ་རྡོ་སོལ་བསྣན་པ་ཡིན། མེ་ཐབ་སྟེང་ཞོག་ཁོག་བསྲེགས་པས་ཉལ་ཤག་ནང་དྲོ་ཐིང་ཐིང་བྱེད་ཅིང་སྒྲ་སྡུད་འཕྲུལ་ཆས་ལས《གྲི་མཁན་ཝང་ཝུའུ》ཞེས་པའི་སྒྲུང་གཏམ་དེ་ཙག་སྒྲ་དང་བཅས་གཏོང་བཞིན་ཡོད། ཧྲུའུ་ཨེར་གྱིས་ལུས་པོ་འཁྲུད་ཚར་རྗེས་སྒོར་བུད་དེ་སྒྲ་སྡུད་འཕྲུལ་ཆས་ཀྱི་འཕྲིན་ལམ་དེ་ཧོང་མེ་ཟློས་གར་སྟེང་ལ་བསྐོར་བྱུང་། ཁང་པའི་ནང་སྐྲ་འཁྲུད་ལྡེ་གུའི་དྲི་ངད་ཞིམ་པོས་ཡོངས་སུ་བཀང་ཞིང་། དེའི་ཁར་ཞོག་ཁོག་བསྲེགས་པའི་བྲོ་བ་དང་ཧོང་མེ་ཟློས་གར་གྱི་སྤྲོ་སྣང་བཅས་ཞིམ་སྣང་ལ་མཐའ་མེད་པའི་བདེ་སྐྱིད་ཀྱི་བྲོ་བ་ཞིག་ཏུ་གྱུར། ཧྲུའུ་ཨེར་གྱི་ངོ་མདང་དམར་པོ་ཡིན་ཞིང་། ལག་ངར་དཀར་པོ་ཡིན། སྐྲ་ལོ་ཡང་རློན་པ་ཡིན། མེ་ཐབ་ལ་བསྲོས་པས་རླངས་པ་དཀར་པོ་ཞིག་འཐིབ་བཞིན་ཡོད་དེ། རང་ཁྱིམ་ངོ་མ་ནི་འདི་ལ་ཟེར་བ་མིན་ནམ།

འོན་ཀྱང་། མིག་མདུན་དུ་དེ་ཙམ་སྐྱིད་སྣང་མེད།

ཉལ་ཤག་ནང་དབུགས་ཐིམ་མེར་ཡོད་ཅིང་མཁའ་དབུགས་ཡོད་ཚད་ཚོ་ལྟིག་མེང་ཧྲེང་གིས་རྔུབ་ཚར་འདུག་པ་འདྲ། ཀྲའོ་རྒན་པོའི་བྲང་ཁོག་ཅུང་འཚུབ་པོ་བྱུང་བས་སྒོར་བུད་དེ་དབུགས་ལྷོད་ཙམ་བྱེད་འདོད། ཁོས་སྲིང་བལ་གྱོན་གོས་ཚུར་བླངས་ནས་དལ་བུར་སྒོ་འགྲམ་དུ་ཕྱིན་ཏེ་འདར་སིག་སིག་གིས་རྐང་ལྷམ་གྱོན་རྗེས་སྒོ་ཕར་དེད།

གྲང་ངར་ཆེ་བའི་རླུང་རྒྱུན་ཚུར་ལྡང་འོངས་ཏེ། ཀྲའོ་རྒན་པོའི་ལུས་ལ་ཕོག་པས་ཁོས་སྒོར་འབུད་པར་ཚམ་ཚོམ་ཞིག་བྱས།

མེང་ཧྲེང་གིས་ལག་གི་བརྙན་འཕྲིན་རྒྱང་འགྱུར་ཕར་དབྱུགས་ཏེ་ལྷ་མིན་འདྲེ་མིན་གྱི་རྣམ་འགྱུར་ཞིག་གིས་སྒོར་འབུད་རྒྱུ་ཡིན་ནམ་མིན་ཟེར།

མ་གཞི་ཁོ་རང་སྒོར་བུད་ནས་དབུགས་ལྷོད་ཙམ་བྱེད་འདོད་པ་དེ་ཡིན་མོད། “རྒྱང་འཕུད”གཏོད་འདོད་ཡོད་པ་བསམ་ཡུལ་ལའང་ཤར་མ་སོང་།

མེང་ཧྲེང་གིས་ཀྲའོ་རྒན་པོ“རྒྱང་འཕུད”གཏོང་འདོད་ཡོད་པར་སྨོས་ཅི་དགོས་ཏེ། རྒྱུ་མཚན་ནི་མེང་ཧྲེང་ལ་ཁང་པ་འདི་དགོས་འདོད་པ་དང་། ད་དུང་ར་སྐོར་འདི་ཡང་དགོས་འདོད་པས་ཡིན།

འོན་ཀྱང་། ཁང་པ་འདི་ཁོས་མེང་ཧྲེང་ལ་སྟེར་མི་རུང་། དེའི་རྒྱུ་མཚན་ནི་ཁང་པ་འདི་ལ་ར་སྐོར་ཞིག་ཡོད་ཅིང་ར་སྐོར་ནང་དུ་ཤིང་སྡོང་ཞིག་ཀྱང་ཡོད།

མཛའ་བརྩེ་ཡོད་པའི་ཤིང་སྡོང་ཞིག་ཡིན།

ལོ་རེ་རེའི་དཔྱིད་ཀ་སླེབས་འོང་དུས། ཤིང་སྡོང་འདིར་ཐག་འཁྱུད་མེ་ཏོག་བཞད་སྲིད་ཅིང་བྱེ་ལེབ་དཀར་པོ་བཞིན་ལྕུག་ཕྲན་ཐོག་ཡོངས་སུ་དཔྱང་ངེས་ཏེ། ཉི་འོད་ཕོག་ནས་རླུང་བུ་གྱ་གྱུར་ལྡང་ཚེ་སྡོང་མགོ་ཧྲིལ་པོར་བྱེ་ལེབ་དཀར་པོའི་ཁྱུ་ཚོགས་ལྡེམ་ལྡེམ་འཁྱུག་འཁྱུག་གིས་ཞབས་བྲོ་འཁྲབ་པ་དང་མཚུངས། ཤིང་སྡོང་དེ་ནི་ཀྲའོ་དབྱིའི་མི་ཚེ་གཅིག་གི་ཉམས་འགྱུར་གྱིས་ཕྱུག་པའི་འཆར་ཡན་གཅིག་པུ་དེ་ཡིན།

མེང་ཧྲེང་ནི་ཐག་འཁྱུད་མེ་ཏོག་གི་ཤིང་སྡོང་འདི་ལ་དགའ་པོ་མེད། ཁོས་ཤིང་སྡོང་དེ་ལ་གཤིན་པོའི་སྡོང་པོ་དང་གཤིན་པོའི་མེ་ཏོག་ཟེར་ཏེ་རླུང་རྟ་རྒུད་པར་འགྱུར་བ་ཞིག་ཡིན།

གཉིས།

ཁོ་རང་སུ་ཡིན་ནམ།

ཐོབ་ཐང་དཔང་ཡིག་སྟེང་ཁོའི་མིང་ལ་ལིང་ཧུའུ་ཀྲའོ་དབྱི་ཟེར་ཞིང་མིང་ཧ་ཅང་སྙན་མོ་ཞིག་ཡིན། ཡིན་ན་ཡང་མི་ཕལ་ཆེ་ཤོས་ཀྱིས་ཁོ་ལ་ལིང་རྒན་པོ་ཟེར་བ་དང་། མེང་ཧྲེང་ཁྱིམ་མི་གང་བོས་ཁོ་ལ“གསོ་མཁན”ཟེར། ཧུའུ་རྒན་པོ་ནི་དབུགས་རིང་འབྱིན་རྒྱུར་དགའ་བས་ཁོ་ལ“ཧུའུ”ཞེས་ཟེར།

ལིང་ཧུའུ་ནི་རུས་མིང་ཉིས་འབྲེལ་ཞིག་ཡིན། ངག་རྒྱུན་ལྟར་ན། ཁྱིམ་རྒྱུད་ཀྱི་ལོ་རྒྱུས་ཤིན་ཏུ་རྒྱུན་རིང་སྟེ་ཀྲོའུ་ཝུན་ཝང(张文王)གི་ཀྲིན་རུས་གདུང་རྒྱུད་ནས་བཟུང་མགོ་བརྩམས་ཡོད་ཅིང་། ཁོའི་མེས་པོ་རྣམས་གདུང་རིགས་དབྱང(杨)དང་འགྲོགས་ནས་ཧྲན་ཞིའི་ས་ཆ་ནས་ལམ་རིང་པོར་མདུང་ཐོགས་ཁྲབ་སྤྲས་སྒོ་ནས་ལྷོ་ནུབ་ཀྱི་ས་ཆར་བསླེབས་ཏེ། ཐང་ཆེན་པོའི་ཚབ་བྱས་ནས་ལྷོ་ནུབ་ཀྱི་མཐའ་འཁོབ་སྲ་བརྟན་དུ་བཏང་རྗེས། དེ་ནས་ཁོ་ཚོའི་ཡུལ་དཔོན་གྱི་རྒྱལ་པོའི་རྒྱལ་ཁབ་བཙུགས་པ་ཡིན། ལོ་ངོ་བདུན་བརྒྱ་འདས་པའི་རིང་དུ་རྨི་ལམ་ཇི་བཞིན་འདུ་ལོང་ཆེ་ཞིང་མི་རབས་མཆོག་ཏུ་གྱུར་པ་བྱུང་མྱོང་ཡོད་དེ། མེང་རྒྱལ་རབས་ཀྱི་གོང་མ་ཁྲི་རབས་བཅུ་གསུམ་པའི་ལོ་དུས་སུ་ཐེངས་ཤིག་གི་དམག་འཁྲུག་བྱུང་བས། ད་གཟོད་ཡུལ་དཔོན་དང་ཁོའི་གཞིས་ཀ་གོང་མའི་དབང་ཤུགས་འོག་ཚིག་རོ་ལྟར་མེད་པར་བཟོས་པ་དང་། ལིང་ཧུའུ་ཁྱིམ་རྒྱུད་ཀྱང་རླུང་གིས་ཁུར་བའི་སྙེ་མ་ཇི་བཞིན་རི་ལུང་ཕྱོགས་ཀུན་ཏུ་འཐོར་ཞིང་། དེ་ལས་ཁོའི་སྤོ་བོའི་སྤོ་བོ་ནི་སྙེ་མ་དེ་དག་ཁྲོད་ཀྱི་གཅིག་ཡིན་ཏེ། མིའོ་རིགས་དང་། རྒྱ་རིགས། པུའུ་དབྱི་མི་རིགས་བཅས་འདྲེས་ནས་བསྡད་ཡོད་པའི་གྲོང་སྡེ་ཆུང་ངུ་འདིར་གཞི་འཆའ་བཞིན་སྨྲ་བ་ཅི་ཡང་མེད་པར་འཚར་ལོངས་བྱུང་ཞིང་། ལོ་ཟླ་ཡང་མི་མངོན་པའི་སྐྱོ་སྡུག་གིས་མནར་བའི་ངག་སྒྲོས་ལས་མུ་བསྐྱངས་པ་ཡིན་པས། “ཕ་ཡུལ”ཟེར་བའང་ངག་རྒྱུན་འདི་ལས་རྒྱང་ཐག་རིང་བའི་འོད་ཟེར་ཕྲ་མོ་ཞིག་ཏུ་གྱུར། ཡིན་ན་ཡང་དོན་ངོ་མར་ཕ་ཡུལ་ཟེར་བ་དེ་གནས་གང་ཞིག་ཡིན་ནམ། ཡུལ་དེ་ན་ཅི་ཞིག་སྐྱེས་ཡོད་དམ། འབྱམས་ཀླས་པའི་སྤང་ཐང་སྔོན་མོ་ཞིག་ཡིན་ནམ། ཡང་ན་གྲམ་ཐང་ཞིག་ཡིན་ནམ། སྤོ་བོ་ན་རེ། གཞིས་ཀ་རྙིང་པ་དེར་ཐག་འཁྱུད་མེ་ཏོག་གི་ཤིང་སྡོང་འགའ་ཡོད་ཅིང་མེ་ཏོག་བཞད་དུས་ཡལ་གར་ཁ་བས་ཡོངས་སུ་བཀླུབས་པ་དང་མཚུངས་ཞེས་བརྗོད་རག་བར་དུ་ཕ་ཡུལ་ཟེར་བ་དེ་གཞི་ནས་རྒྱུས་མེད་དུ་གྱུར་ཡོད།

ཀྲའོ་དབྱིས་ཐག་འཁྱུད་མེ་ཏོག་གི་ཤིང་སྡོང་ཟེར་བ་ནི་ཅི་འདྲ་ཞིག་ཡིན་པ་མི་ཤེས་ཏེ། ད་དུང་ངག་རྒྱུན་དང་ལོ་རྒྱུས་ཟེར་བའང་མི་ཤེས་ལ། མེས་པོ་ཟེར་བ་ཞིག་ཡོད་པའང་བདེན་པ་ཡིན་མིན་མི་ཤེས། ཁོ་ཚོ་ནི་ཁོ་ལ་མཚོན་ནས་བཤད་ན། དངོས་ནས་རྒྱང་ཐག་ཤིན་ཏུ་རིང་བ་ཞིག་ཡིན་པར་མ་ཟད་ཆར་རླུང་བཞིན་མག་མོག་ཏུ་གཡོ་བ་ཞིག་ཡིན། འོན་ཀྱང་། སྤོ་བོ་དང་ཕ་རྒན་གྱི་རྣམ་འགྱུར་ལས་དུས་ནམ་རྒྱུན་ལྷིང་འཇགས་སུ་འཁུམས་པའི་མྱ་ངན་ཞིག་སྟེ་ཕྱིར་ལོག་ཐབས་མེད་པའི་སྐྱོ་བས་ཡོངས་སུ་མནར་བ་ཞིག་མངོན་ཡོད་ཅིང་། སྐྱོ་བ་འདིས་ཁོ་ཚོར་ཡང་ཤན་ཤུགས་ཐེབས་ཡོད། ཁོས་རྒྱུན་པར་ས་ཁྲར་ལྟ་དུས་མཛུབ་མོ་ནམ་རྒྱུན་རི་རྒྱུད་དམ་ལུང་གཞུང་གི་གནས་ངེས་ཅན་ཞིག་ནས་ཆད་འགྲོ། མེས་པོ་རྣམས་ཇི་ལྟར་ཡོང་བ་ཡིན་ནམ།

ཡིན་པ་དེ་འདྲ་རང་རེད་འདུག་ཟེར་བཞིན། ཁོ་རང་ངང་རྒྱུད་རིང་བའི་སྒོ་ནས་གད་མོ་ཤོར་ཏེ། ཉིན་རེ་རེ་བཞིན་འདས།

སྟོན་མཇུག་གི་ཞོགས་པའི་ཉི་ཟེར་དེ་མཉེན་པོའི་སྒོ་ནས་ཧུའུ་རྒན་པོའི་གདོང་ལ་ཕོག་ཅིང་། ཧུའུ་རྒན་པོ་དེ་ལྟར་རྒས་སོང་། ལོ་ན་གཞོན་དུས་ཀྱི་མིག་མདང་རྣོན་པོ་དེ་ཡང་མཉེན་པར་གྱུར་ཡོད། ཁོ་ན་རེ། ཁྱོད་ཀྱི་ངང་རྒྱུད་རིང་བ་དེས་གྱོང་རག་འདུག ཧྥེང་ཧྲུའུ་ཨེར་གྱིས་ཁྱོད་ནི་སྲིང་བལ་ཞིག་དང་མཚུངས་ཟེར་བའང་ཅིས་མ་བདེན་ཞེས་སྨྲས།

ཉི་འོད་དེ་འཕྲལ་བཀག་སོང་།

ཧྲུའུ་ཨེར་ཟེར།

ལོ་དེར་ཁོ་རང་ལོ་ཉེར་དགུ་ཡིན།

ཧྲུའུ་ཨེར། ཁྱོད་ཀྱིས་ང་རང་སྲིང་བལ་ཞིག་དང་མཚུངས་ཞེས་ཟེར་དོན་ཅི་ཡིན།

གཤིས་རྒྱུད་འཇམ་ཞིང་མཉེན་པ་ཞིག་རེད་ཟེར་བ་མིན་ནམ། འོན་ཀྱང་བརྩེ་དུང་ཡོད་པ་ཞིག་ཡིན། འཚེར་སྣང་སྐྱེ་བའི་ཧྥེང་ཧྲུའུ་ཨེར་གྱིས་ལྕེ་ནར་ཞིག་བྱས་ཏེ་སྐད་དམའ་བར་གྱུར་སོང་། ཡོམ་ཡོམ་དུ་འགུལ་བཞིན་པའི་ལ་འོད་ལྟ་བུའི་ཡིད་འོང་ཞི་འཇམ་གྱི་ཡུལ་སྐད་དེའི་གདངས་གཞུག་ཀྱང་སླར་ཅུང་ཟད་ཡར་བཀྱགས་ཤིང་། མེ་ཏོག་ཞིག་དང་མཚུངས་པར་དཔྱིད་ཀའི་སྡོང་མགོ་ན་ཡོམ་ཡོམ་དུ་འགུལ།

ཡིན་ཏེ། ཁོའི་གཤིས་རྒྱུད་ནི་དངོས་ནས་སྲིང་བལ་བཞིན་འཇམ་པ་ཞིག་ཡིན་ཞིང་། གྲོང་ཚོའི་ནང་གི་བྱིས་པ་ཚང་མས་ཀྱང་ཁོའི་ལག་གི་དཔེ་ཆ་འཕྲོག་ཕོད། ཁོ་ཚོས་ཨག་སྐད་སྣ་ཚོགས་བརྒྱབ་ནས་འཚུབ་རླུང་བཞིན་སྡེ་པའི་ནང་ཕར་ཚུར་དུ་རྒྱུག་དུས་ཁོས་ངུ་ཞོར་དུ་རྗེས་བདའ་བར་བྱེད། དེ་ལྟ་བུའི་རྣམ་པ་ནི་ནམ་ཉིན་མོ་ཞིག་ལ་མཐོང་རྒྱུ་མེད་ན་དེ་ཡ་མཚན་པ་ཞིག་ཏུ་བརྩིས་ཡོད།

ཧུའུ་རྒན་པོ་ནི་དེ་ལས་འཕྲོག་མཁན་རྩེ་བུད་ཀྱི་གྲས་ཡིན་པ་སྨོས་ཅི་དགོས།

བསམ་བློ་ཞིག་ཐོངས་དང་། འཇིག་རྟེན་ན་ཁོ་ལ་བརྙས་བཅོས་མི་བྱེད་མཁན་ཞིག་ཡོད་པ་ནི་ཕ་མ་གཉིས་མ་གཏོགས་གཞན་ཧྥེང་ཧྲུའུ་ཨེར་གཅིག་པུ་ཡིན། ཁོ་མོས་ནི་ཁོ་ལ་བརྙས་བཅོས་མི་བྱེད་པར་མ་ཟད་གཉེན་སྒྲིག་བྱས་རྗེས་ཀྱང་བྱ་བ་གང་ཡིན་ཀྱང་གང་འདོད་སྒྲུབ་ཏུ་བཅུག་པ་ཡིན། ཁོ་རང་འཇིག་རྟེན་གྱི་བྱ་དོན་ཡོད་ཚད་རང་གིས་འགན་བླངས་ཏེ་ཐག་གཅོད་བྱེད་དགོས་པའི་མི་ཚེ་འདི་ལ་ག་བྱེད་འདི་བྱེད་མི་ཤེས་པར་གྱུར་ཡོད་ནའང་། “ཧྲུའུ་ཨེར་གྱིས་ཅི་བཤད་ན། དེ་ལྟར་དུ་བསྒྲུབ་ན་དགའ་སྙམ་ངེས།” འོན་ཀྱང་། ཧྥེང་ཧྲུའུ་ཨེར་གྱི་རྣམ་འགྱུར་གྱིས་ཁོ་ལ་འཚོ་བའི་ལོངས་སྤྱོད་ཀྱི་དགའ་མགུས་ཚིམ་པར་བྱེད།

ཁོས་ཧྲུའུ་ཨེར་དང་ཁོ་གཉིས་ཀྱང་ཏུའུ་ན་རྫོང་གི་ཆུ་མིག་རྙིང་པ་དེ་དང་འདྲ་བར་མི་ཚེ་འདིར་མཉམ་དུ་རྒས་འགྲོ་སྙམ་ཡོད་མོད། མཇུག་འབྲས་ལ་ལྗང་བུའི་གཞས་ལས་བསླུ་བྲིད་དེ་ཐེབས་སོང་།----བྱེའུ་ལ་ཤས་ཀྱིས་འབབ་སའི་ལྕུག་ཕྲན་རྙེད་ཀྱང་རིང་པོ་མི་ལོན་པར་ལྕུག་ཕྲན་ཆག་འགྲོ་ཞིང་། སྟོན་ཀའི་ལྗང་བུ་ལ་ཤས་ལའང་སྙེ་མ་ཐོགས་ནས་རིང་པོ་མི་ལོན་པར་སྙེ་མ་བག་ལ་ཞ་འགྲོ།

གཉེན་སྒྲིག་བྱས་ནས་ལོ་གཉིས་ཙམ་ལས་མ་འགོར་བར། ཧྲུའུ་ཨེར་འཇིག་རྟེན་མི་ཡུལ་དང་རིང་དུ་གྱེས་སོང་།

ད་ལྟའི་བར་དུའང་ཁོས་གསུས་སྦྲུམ་ཟེར་བ་ནི་ནད་ཅི་ཞིག་ཡིན་པ་ཧ་གོ་མེད། གང་ལྟར་ཡོད་ཚད་ཁོའི་ནོར་འཁྲུལ་ཡིན་ཞིང་། ཧྲུའུ་ཨེར་ནི་དོན་རྐྱེན་འདི་ལ་བརྟེན་ནས་ཕྱི་མར་བཞུད་སོང་བ་ཡིན་པས། ཁོ་རང་གཅིག་པུ་ཤུལ་དུ་ལྷག་ཡོད། ད་ནི་རང་ཉིད་གཅིག་པུ་ཡིན་ཚེ་ཧ་གོའམ་མ་གོ་རུང་དེ་ལའང་སྙིང་པོ་མི་འདུག་བསམས། གང་ལྟར་ཤིང་སྡོང་དེ་རྩ་ནས་འབལ་འཇོག་སྙམ་ནའང་སེར་སྣ་སྐྱེ་འོང་།

དེའི་ཕྱིས་སུ། མེང་ཧྲེང་དང་ཁོའི་ཨ་མ་ཀྲི་ཨེར་གཉིས་ར་སྐོར་འདིའི་ནང་བསྡད་བྱུང་། ཡང་དག་པའི་སྒོ་ནས་བཤད་ན། ར་སྐོར་འདིའི་ནང་བཙན་ཤུགས་ཀྱིས་བསྡད་པ་ཡིན་ཞིང་། སྐབས་འདི་ནས་བཟུང་བསྡད་དེ་ལོ་བཅུ་ཕྲག་ཅིག་འགོར་སོང་།

གསུམ།

འཛིན་གྲྭའི་ནང་ཅོང་བརྡ་གྲགས་བཞིན་པ་མཚམས་བཞག་སོང་། ཀྲའོ་དབྱི་ཡིས་བག་ཁུ་དཀྲུགས་པའི་སྤུ་ཤད་སར་བཞག་སྟེ་མཛུབ་མོའི་ཐོག་གི་བག་ཁུ་གྱང་ངེ་གྱོང་ངེ་དག་འབྲད་ཙམ་བྱས།

ཟ་མ་ཟ་གི་ཤོག་ཅེས། ཧུའུ་རྒན་པོའི་ཚ་ཧུར་ཧུར་གྱི་སྐད་གདངས་དེ་ཡང་ཚོང་སྒྲོམ་གྱི་ཕྱི་ནས་གྲགས་བྱུང་།

ལས་དབང་ནི་ངོ་མཚར་ཆེ་བའི་རྒྱུ་ཞིག་རེད། བློ་རིག་རྒོད་ཅིང་སྐྱེས་གཟུགས་ལྡེམ་མྱུར་ཅན་གྱི་ཧུའུ་རྒན་པོས་ཀྲའོ་རྒན་པོ་ལ་མི་ཚེ་ཕྱེད་ཀ་ཞིག་ལ་བརྙས་བཅོས་བྱས་ཡོད་ཅིང་། ལོ་ན་རྒས་ནའང་ཉིན་རེ་བཞིན་དུ་ཁོ་ལ་ཟ་མ་བསྐོལ་དགོས།

ཀྲའོ་རྒན་པོས་སེམས་ཀྱིས་བཟོད་མ་བྱུང་། ཧུའུ་རྒན་པོས་བཙན་ཧམ་གྱི་སྒོ་ནས་ལག་པས་གཡུག་གཡུག་བྱས་ཏེ། འུ་གཉིས་ལས་བདེན་ཐག་གཅོད་ཆོག་པའི་སྐད་ཆ་བཤད་རྒྱུའི་དབང་ཆ་དེ་ནམ་ཞིག་ལ་ཁྱོད་ལ་དབང་སོང་ངམ་ཟེར་བཞིན། སླར་རང་ལ་འཕྱ་དགོད་བྱས་ཏེ། ད་ནི་འུ་གཉི་གའང་བདེ་བ་ཅན་ལ་བཞུད་པར་ཐག་མི་རིང་། ངས་བསྐྱལ་བ་དེ་ཁ་ཟས་ཙམ་ག་ལ་ཡིན། ཁྱོད་ཀྱི་ཚེ་སྲོག་གི་རྒྱུན་བསྲིང་བའི་ཆེད་རེད།----ངས་ཁ་ཟས་བསྐྱལ་བ་ཁྱོད་ཀྱིས་ཟ་ཐུབ་ན་དེ་ཡང་ཚེ་སྲོག་གི་རྒྱུན་བསྲིངས་པ་རེད།

ངོ་མ་དེ་འདྲ་ཞིག་མིན་ནམ། སེམས་ལ་སྐྱོ་བ་སྐྱེ་བྱུང་། མི་ཚེ་ཟེར་བ་ནི་ལོ་ཟླ་བཅུ་ཕྲག་ཅིག་རེད། དགའ་དགའ་སྐྱིད་སྐྱིད་ཇི་འདྲ་བྱས་རུང་། མཐར་ནི་སྔར་བཞིན་རང་ཉིད་གཅིག་པུ་ཡིན།

མི་ཚེ་འདིར་དགའ་དགའ་སྐྱིད་སྐྱིད་ཀྱང་བྱས་མྱོང་སྟེ། ཁོ་གཉིས་དམའ་འབྲིང་མཐར་ཕྱིན་པའི་སྐབས་དེར་རྒྱལ་ཁབ་ཀྱིས་འཐབ་ཕྱོགས་གསུམ་པ་འཛུགས་སྐྲུན་བྱེད་དགོས་པའི་འབོད་སྐུལ་བསྒྲགས་པས། མཐའ་འཁོབ་ཏུ་གནས་པའི་ཏུའུ་ན་རྫོང་དུ་གློ་བུར་གཞན་སའི་མི་འགའ་སླེབས་བྱུང་། ཁོ་ཚོ་པེ་ཅིན་ལྗིབ་འཁོར་ལ་བསྡད་དེ་ལ་ལས་ལྕེ་རྩེ་བསྒྲིལ་ནས་པེ་ཅིན་སྐད་བཤད་ཅིང་ལ་ལས་ཡ་ཡ་ཡོ་ཡོ་ཟེར་བཞིན་ཧྲང་ཧྭེ་སྐད་བཤད་དེ། ཚང་མ་རྫོང་སྣེ་ལེན་ཁང་དུ་འཚང་སྟེ་སྣ་རིས་སྤུ་ཚོགས་གཅིག་ཏུ་འདྲེས་པ་བཞིན་མཚར་ཆེ་བའི་ལུང་སྐད་སྣ་ཚོགས་ཚོགས་ལ་ཉན་དགོས་པ་ཞིག་བྱུང་། ཕྱིས་སུ་ཚང་མས་གཅིག་རྗེས་གཉིས་མཐུད་དུ་ཤེས་གསལ་བྱུང་རྒྱུར། སུའུ་ལེན་གྱི་ཨ་ཇོ་དེ་གཞུང་བཟང་ཁོག་ཡངས་ཤིག་མིན་པར་ཁོས་ཀྲུང་གོ་དང་ཕྱི་འབྲེལ་མཚམས་གཅོད་རྒྱུ་བྱས་ཡོད་པས། མཁས་མཛངས་ལྡན་པའི་རླབས་ཆེན་གྱི་མའོ་ཀྲུའུ་ཞི་མཆོག་གིས་ཚང་མ་འཐབ་ཕྱོགས་གསུམ་པར་བསྐྱོད་དེ་དམག་འཁྲུག་དང་མུག་སྐྱོབ་ཀྱི་གྲ་སྒྲིག་བྱ་དགོས་པའི་འབོད་སྐུལ་མཛད་པ་ན། པེ་ཅིན་དུ་ལྐོག་ཏུ་གྱུར་པའི་བཟོ་གྲྭའི་དང་ལེན་ཞུ་བའི་སྐུལ་བརྡ་ཞིག་ཡོད་པ་མྱུར་བར་ཏུའུ་ན་རྫོང་གི་བྱེ་སྣ་ཁུག་འཁྱོག་ཏུ་སྤར་དགོས་བྱུང་།

ཏུའུ་ན(都那)ཞེས་པ་ནི། ལོ་དེར་སོག་དམག་ལྷོར་བསྐྱོད་ནས་ལྷོ་ནུབ་ཏུ་བཅའ་སྡོད་བྱས་ཡོད་པའི་གཡུལ་དམག་རྣམས་ཚར་བཅད་རྗེས་མིང་དེ་ལྟར་ཐོགས་པ་ཡིན་ཏེ་ཆུ་མིག་གི་ཆུ་ཡོད་པའི་གནས་ཞེས་པར་གོ་ཞིང་། ད་སྐབས་ཆུ་མིག་ཡོད་པའི་གནས་འདི་མེས་རྒྱལ་གྱི་འཐབ་ཕྱོགས་གསུམ་པར་གྱུར་ཡོད། ཧུའུ་རྒན་པོ་ནི་སློབ་སྦྱོང་ལ་ཞན་སྟབས། ཁོ་ན་རེ། འོ་ན་མེས་རྒྱལ་གྱི་འཐབ་ཕྱོགས་དང་པོ་དང་གཉིས་པ་དེ་གང་ན་ཡོད་དམ་ཞེས་ཀྲའོ་དབྱི་ལ་ཁེངས་སྐྱུང་གི་སྒོ་ནས་དྲིས་པ་འདི་འདྲ་ཞིག་སྔོན་ཆད་བྱུང་མྱོང་མེད།

ཀྲའོ་དབྱིས་མགོ་བོ་ཐད་ཀྱིས་གཡུག་ཞོར་མེས་རྒྱལ་ནི་དེ་འདྲའི་ཡུལ་ཆེན་པོ་ཞིག ཁོས་ཅི་ལྟར་ཤེས་ཟེར།

ཁྲོམ་སྲང་ན་དུང་ཆེན་གྱི་སྒྲ་མཚམས་ཆད་མེད་པར་ཝང་ཝང་ཞེས་གྲགས་ཏེ། མི་བཟང་རྟ་བཟང་དག་འཐབ་ཕྱོགས་གསུམ་པར་བསྐྱོད་དགོས། བྱེ་སྣ་ཁུག་འཁྱོག་ཏུ་ས་རྒོད་སློག་པར་འགྲོ་འདོད་པ་རྣམས་རྩལ་སྦྱོང་ར་བར་མིང་ཐོ་འགོད་དུ་ཤོག་ཅེས་བོས།

ཧུའུ་རྒན་པོས་ཧ་གོ་མ་སོང་བར་དོགས་པ་སྐྱེས་ཏེ། འཐབ་ཕྱོགས་གསུམ་པར་བསྐྱོད་དགོས་ན་གཅེར་བུར་འབུད(མ་ཡིག་ཏུ་རྒྱ་ཡིག་གིས拓荒ཞེས་བྲིས་པ་དེ脱光ཞེས་པའི་སྒྲ་དང་ཉེ་བའི་དབང་གིས་གོ་ནོར་ཐེབས་པར་གོ། བོད་འགྱུར་གྱི་མཆན།)དགོས་དོན་ག་རེ་ཡིན་ནམ་ཞེས་དྲིས།

ཀྲའོ་དབྱིས་འཛུམ་བག་ཅིག་སྟོན་བཞིན་གད་མོ་ཤོར།

གོ་བ་ཡང་དག་པ་ཞིག་ལོན་རྗེས། ཧུའུ་རྒན་པོས་ཀྲའོ་དབྱི་ལ་མཉམ་དུ་མིང་ཐོ་འགོད་པར་ངན་སྐུལ་བྱས། འཚང་ཁ་ཤིག་ཤིག་བྱེད་ཀྱིན་པའི་མི་ཚོགས་ཁྲོད་ལས་རྫིག་ཉམས་ཆེ་བའི་ཧུའུ་རྒན་པོ་དང་ཞི་དུལ་གཤིས་འཇམ་གྱི་ཀྲའོ་དབྱི་གཉིས་ལ་ཚང་མས་རང་ཤུགས་ཀྱིས་མཉམ་འཇོག་བྱས་སོང་།

མི་མེད་ལུང་སྟོང་གི་བྱེ་སྣ་ཁུག་འཁྱོག་དེ་མཚན་གཅིག་གི་རིང་འདུ་ལོང་ཆེ་བ་ཞིག་ཏུ་གྱུར་ཅིང་གང་སར་མིས་ཁེངས་ཡོད། སྒྲ་དུང་ཆེན་མོའི་ནང་མའོ་ཀྲུའུ་ཞིའི་གསུང་བཏུས་ཀྱི་གླུ་དབྱངས་གཏོང་བཞིན་ཡོད་དེ། མི་རྣམས་ཀྱིས་དཔའ་ངར་ཆེ་སྐྱེད་ཀྱི་སྒོ་ནས་རི་གཤགས་པ་དང་། མེ་སྒྱོགས་རྒྱག་པ། ས་དོང་བརྐོ་བ། གཡུལ་ས་སྙོམས་པ། འགྲོ་ལམ་བཟོ་བ། ས་རྡུང་བ། རྫ་གཡམ་སྲེག་པ། རྡོ་ཐལ་སྲེག་ཐབ་འཛུགས་པ། སོ་ཕག་དམར་པོ་སྲེག་པ། ལས་བཟོ་པའི་ཉལ་ཁང་འཛུགས་པ་སོགས་འཛུགས་སྐྲུན་གྱི་དཔུང་སྡེ་དེས་དངོས་ནས་ཕག་རྒོད་ཀྱི་ཚང་དང་དུག་སྦྲུལ་གྱི་ས་ཕུག་ལྟ་བུའི་ནང་ནས“འཇིག་རྟེན་གསར་པ”ཞིག་འཛུགས་སྐྲུན་བྱེད་ཐུབ་སོང་། དབྱར་གཞུང་གི་མཚན་མོ་རེ་རེའི་དུས་སུ་འཛད་མཐའ་མེད་པའི་ལྗིད་ཐེག་རླངས་འཁོར་དག་གིས་འཕྲུལ་ཆས་དང་། ཡིག་ཆའི་སྒམ། ད་དུང་ཆེད་མཁས་རྣམས་བཅས་སྐྱེལ་བཞིན་ཁུ་སིམ་པོའི་ངང་ནས་བྱེ་སྣ་ཁུག་འཁྱོག་ཏུ་བསྐྱོད་དེ་ལྷ་དཔོན་དང་ལྷ་དམག་བཞིན་བཅའ་སྡོད་བྱེད་དུ་ཐོན།

ཧུའུ་རྒན་པོ་དང་ཀྲའོ་དབྱི་གཉིས་ཀྱིས་རླངས་འཁོར་དེ་འདྲའི་མང་པོ་ཞིག་མི་ཚེ་གང་བོར་ཡང་མཐོང་མྱོང་མེད།

དམའ་འབྲིང་འགྲིམས་མྱོང་བའི་རྐྱེན་གྱིས་ཁོང་གཉིས་ཀྲངས་ཀ་ཉུང་བའི་ཉར་སྤྱོད་བཟོ་པ་དངོས་སུ་གྱུར། སྤྱང་གྲུང་ལྡན་པའི་ཧུའུ་རྒན་པོ་ལ་སྐབས་དེར་ཧུའུ་རིག་རྒོད་ཟེར་ཞིང་། ཀྲའོ་དབྱི་ནི་མི་དྲང་རྐྱང་ཞིག་ཡིན་པས་ཚང་མས་ཁོ་ལ་ཀྲའོ་གླེན་པ་ཟེར་ཏེ། བཟོ་གྲྭའི་ནང་ཁོ་གཉིས་མཐོང་མ་ཐག་རིག་རྒོད་དང་གླེན་པ་གཉི་ག་ཞེས་འབོད།

ལས་ཐུན་ལ་དངོས་སུ་ཞུགས་པའི་ཉིན་ཐོག་མ་དེར། བཟོ་ཚན་གྱི་མགོ་པས་ལྐོག་གྱུར་དང་སྤོབས་པ་བསྐྱེད་པའི་སྒོ་ནས་ན་རེ། བཟོ་གྲྭ་ནི་ཆེད་དུ་རྒྱལ་ཁབ་ལ་ལྷུ་ལག་དང་རྒྱུ་ཆ་གལ་ཆེན་ཐོན་སྐྱེད་བྱེད་ས་ཡིན་ཞིང་། རྒྱུ་རྫས་འདི་དག་སྒྱོགས་མདེལ་དང་གནམ་གྲུའི་རྡུལ་ཕྲན་འགད་མདེལ་གྱི་ཕྱོགས་ལ་བཀོལ་དགོས་པ་དང་། དེ་མིན་མེས་རྒྱལ་སྲུང་སྐྱོབ་བྱེད་པའི་ཕྱོགས་ལ་བཀོལ་དགོས་ཚུལ་སྨྲས། ཁོ་ཚོའི་བཟོ་ཚན་གྱིས་ཐོན་སྐྱེད་ཀྱི་འགན་ཁུར་ཡོད་པ་ནི་འཛེར་ཞྭ་ཁྱད་པར་བ་ཞིག་ཡིན་ཏེ། ཀྲའོ་དབྱི་ལ་མཚོན་ན། གཟའ་འཁོར་རེ་རེའི་ནང་ཆབ་སྲིད་ལ་སློབ་སྦྱོང་བྱེད་དུས་བཟོ་ཚན་གྱི་མགོ་པས་ནན་གྱིས་བསྟན་དོན། ཚད་མཐུན་གྱི་འཛེར་ཞྭ་ཞིག་མིན་ཚེ། ཕལ་ཆེར་རྒྱལ་ཁབ་ལ་དཔོག་ཐབས་མེད་པའི་གྱོང་གུན་བཟོ་སྲིད་ཟེར་བ་དེ་ཤེས་པ་ཙམ་ལས། འཛེར་ཞྭ་འདི་གནས་གང་ཞིག་ལ་སྐྱེལ་དགོས་པ་ཤེས་མ་སོང་། ཀྲའོ་དབྱིས་ཉིན་རྒྱུན་མནོ་བསམ་ཞིབ་ཏུ་བཏང་སྟེ་ཁོས་རང་གི་ལག་བརྒྱུད་པའི་འཛེར་ཞྭ་རེ་རེ་དེ་གང་ཞིག་ལ་བཀོལ་བཞིན་ཡོད་དམ་སྙམ། ཁོས་དབུགས་ལེན་དུས་བློ་ཡང་འཚུབ་ཆེ་བ་དང་ཕྲ་ཞིང་རིད་པའི་མགྲིན་པར་འཕར་བཞིན་པའི་ཁྲག་རྩ་སྔོན་པོ་དེ་ནི་སྐྱེས་བུ་འབུལ་བའི་ལང་ཚོ་ཇི་བཞིན་དྭངས་ཤིང་སྤྲོ་སེམས་འཁོལ་བ་ཞིག་ཡིན།

 རི་ལུང་གི་འཚོ་བས་འཇིག་རྟེན་བྱ་བ་ཐམས་ཅད་གཏན་ནས་སྤངས་ཡོད་དེ། ཉིན་རེར་རྫོང་མཁར་དུ་བསྐྱོད་པའི་ཆེད་སྤྱོད་རེས་འཁོར་གཅིག་ལས་མེད་ཅིང་། རླངས་འཁོར་དེས་ཕྱི་རོལ་ནས་སྔོ་ཚལ་དང་། ཤ་རིགས། བྱ་སྒོང་སོགས་ཀྱི་དངོས་རྫས་སྐྱེལ་འོངས། བཟོ་གྲྭའི་ཕྱི་རོལ་དུ་གཞུང་ལས་སྒྲུབ་པར་འགྲོ་བཞིན་པའི་ལས་བྱེད་རྣམས་བཟོ་གྲྭས་བྱིན་པའི་ལས་དོན་སྒྲུབ་པའི་འཛིན་ཤོག་ལ་བརྟེན་ནས་རླངས་འཁོར་ལ་སྡོད་པ་ལས་འཁོར་གླ་མི་སྤྲོད་པར། ཁོ་ཚོ་རླངས་འཁོར་ནང་འབུད་པ་དང་འབབ་པའི་དུས་ཀྱི་ཉམས་དེ་ནི་རང་རློམ་ཁེངས་དྲེགས་ཆེ་བའི་ཕྱ་ཕོ་ཞིག་དང་མཚུངས།

ལོ་ངོ་བཞིའི་ཕྱིས་སུ། ད་གཟོད་ཀྲའོ་དབྱི་དང་ཧུའུ་རྒན་པོ་གཉིས་ཀྱང་ཐོག་མར་རླངས་འཁོར་ལ་བསྡད་ནས་རི་ཕུག་ལས་ཕྱིར་འབུད་པའི་གོ་སྐབས་བྱུང་། ཁོ་གཉིས་རླངས་འཁོར་ནང་འབུད་དུས་ཀྱང་རྐེད་པ་དྲང་པོར་སྲིང་ཞིང་ཨོང་ཏོ་མཐོར་འགྲེང་བས་ཁེངས་དྲེགས་ཅན་གྱི་བྱ་ཕོ་ཆུང་ཆུང་གཉིས་དང་འདྲ།

བྱ་ཕོ་ཆུང་ཆུང་ཁོ་གཉིས་ནི་གསར་དུ་སླེབས་པའི་ཆེད་མཁས་པ་ལ་རྐེད་པ་ཤུ་ཐོར་གྱི་ནད་གསོ་བཅོས་བྱེད་པའི་མེའོ་སྨན(苗药)འཚོལ་དུ་འོངས་པ་ཡིན།

རྫོང་མཁར་དུ་སླེབས་རྗེས། ཁོ་གཉིས་ཁ་གདངས་མིག་བགྲད་ཀྱིས་ཧ་ལས་བྱུང་། ཁ་དཔེར། ས་ཕུག་ནང་ནས་ཉིན་གཅིག་བསྡད། །འཇིག་རྟེན་ལོ་ངོ་སྟོང་ཕྲག་འགོར། །ཟེར་བའང་ཧ་གོ་བྱུང་།

རྫོང་མཁར་གྱི་རྣམ་པ་འགྱུར་འདུག  འདམ་བག་གི་ལམ་ནི་ཨར་འདམ་གྱིས་བསྐྲུན་ཡོད་ཅིང་ས་ཕག་གི་ཁང་པའང་སོ་ཕག་ཏུ་བསྒྱུར་ཡོད། གློག་བརྙན་ཟློས་གར་གླིང་གི་སྒོ་ཁར་ཚོན་མདོག་གི་བརྙན་པར《མ་ཡུང་ཀྲིན》ཞེས་པ་སྦྱར་ཡོད་དེ། འཛིན་ཡིག་བཙོང་སའི་སྒོ་ཁར་གྲལ་གཤར་རིང་པོ་ཞིག་བསྒྲིགས་ཡོད་ཅིང་། ཕོ་གསར་མོ་གཞོན་མང་པོས་འཚང་ཁ་ཤིག་ཤིག་གིས་འུར་བརྒྱབ་ནས་མོ་གཞོན་ཚོའི་ངོ་མདང་ཡང་དམར་པོར་གྱུར་ཏེ། ཡ་ཐོད་ཀྱི་ཁྲོ་ཉམས་ལངས་པའི་སྨིན་མ་ནི་བྱེ་མ་ལེབ་འཕུར་བ་དང་མཚུངས། ན་གཞོན་ཕོ་མོའི་འཇིག་རྟེན་སྣང་བ་མཐུན་སའི་སྡེ་ཆེན་རྩེད་ར་ཟེར་བའང་དེ་ཙམ་མ་གཏོགས་གཞན་ཅི།

གློག་བརྙན་ཟློས་གར་གླིང་ལ་གཏན་ནས་འགྲོ་མ་མྱོང་བའི་ཧུའུ་རྒན་པོ་ལ་དགའ་ཚོར་དཔག་མེད་སྐྱེས་བྱུང་། བྲེལ་འཚུབ་འཚུབ་སྒོས་བཀོད་སྒྲིག་བྱེད་རྒྱུར། ཀྲའོ་དབྱི། ཕྱི་དྲོའི་ཆུ་ཚོད་གསུམ་དང་ཕྱེད་ཀའི་ཐོག་སྟོན་བཞིན་པའི་གློག་བརྙན་ཞིག་འདུག ཁྱོད་ཚུར་ཤོག་ལ་གྲལ་སྒྲིགས་དང་། ང་མེའོ་སྨན་རྒན་ཡོད་སར་སྨན་ལེན་དུ་འགྲོ། བླངས་མ་ཐག་ཕྱིར་ཐོན་འོང་ཟེར།

གལ་ཏེ་ཁྱོད་ཀྱིས་རྗེས་མ་ཆོད་ཚེ་ཅི་ལྟར་བྱ། འུ་གཉིས་ཕྱིར་ལོག་པའི་རླངས་འཁོར་གྱི་རྗེས་མི་ཆོད་ཚེའང་ཅི་ལྟར་བྱ། ཀྲའོ་དབྱིས་དེ་ལྟར་སྨྲས།

རྗེས་ལོས་ཆོད། ངས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་མྱུར་ཚད་དེ་བཀོལ་ཆོག་ཟེར། ཧུའུ་ཅིང་གིས་དེ་ལྟར་བཤད་པའི་མོད་ལ་གྲོང་ཁྱེར་གྱི་ལྷོ་རུ་བྱ་འཕུར་བ་བཞིན་དུ་རྒྱུག ཏོག་ཙམ་གྱིས་མ་གཏོགས་གློག་བརྙན་ཟློས་གར་གླིང་གི་སྒོ་ཁའི་མོ་གཞོན་མུ་ཏིག་ལྟ་བུའི་མིག་ཟུང་ལྡན་པ་ཞིག་གི་ཀུབ་འབྲུ་བཤམས་ས་དེ་སར་བསྒྱེལ་བྱུང་བས། ཁོ་མོས་མིག་ཞར་འདུག་པ་ཡིན་ནམ་ཞེས་བསྡིགས། ཧུའུ་ཅིང་གིས་ཁ་ཕྱིར་འཁོར་ནས་ཁ་ལན་སློག་རྩིས་བྱས་ཏེ་མོ་གཞོན་དེར་ལྟ་ཙམ་བྱེད་སྐབས། མིག་གི་རྣམ་འགྱུར་དེ་འཕྲལ་མ་ཉིད་ནས་གསལ་ལ་མི་གསལ་བ་ཞིག་ཏུ་གྱུར་སོང་། ཀྲའོ་དབྱིས་ཁོ་ལ་རེམ་པར་རྒྱུག་ཅེས་བསྐུལ་བ་ན། ད་གཟོད་ཁོ་རང་རྣམ་འགྱུར་དེ་ལས་ཕྱིར་ལྡོག་སྟེ་འཛུམ་དགོད་ཅིག་ལངས་བཞིན་བུད་སོང་།

ཁོ་གཉིས་ཀྱིས་སྨན་ཉོས་ཏེ་གློག་བརྙན་ལ་བལྟས་ཚར་རྗེས། དེ་ནས་རླངས་འཁོར་ལ་སྡོད་དུ་ཕྱིན་ཅིང་རྗེས་ཆོད་ཙམ་ཡིན། ཡུན་རིང་དུ་སེམས་ལ་དགའ་སྤྲོ་རྒྱས་ཡོད་པའི་ཧུའུ་ཅིང་རླངས་འཁོར་ལ་བསྡད་རྗེས་ཐོག་མར་ཡིད་དགའ་པོ་བྱུང་མོད། རིམ་གྱིས་སྐད་ཆ་བཤད་སྟངས་ཀྱང་འགྱུར་ཏེ་རྐང་པའི་ཉྭ་རྒྱུས་བཅད་པ་བཞིན་ལུས་སེམས་ཉོབ་པར་གྱུར།

གློག་བརྙན་ནང་གི་ཡུལ་གྲུ་ཀུན་ཏུ་ཁྱབ་པའི་དཔའ་སྟོབས་ཀྱི་གཟི་ཉམས་དེ་དག་དང་། ཁོས་སྔོན་ཆད་གཏན་ནས་ཐོས་མ་མྱོང་བའི་ཡིད་སྐྱོ་ཞིང་བརྗིད་ཉམས་ལྡན་པའི་རོལ་མོ་དེ་དག ད་དུང་ཀུབ་འབྲུ་འཚོང་མཁན་གྱི་མིག་ཟུང་མུ་ཏིག་ལྟ་བུའི་བུད་མེད་དེའི་ལན་བུར་བརྒྱུས་པའི་སྐྲ་རྒྱན་སྨུག་པོ། ཚོང་རའི་ནང་གི་གསོན་ཉམས་ལྡན་པའི་འུར་ཟིང་གི་སྒྲ་སྣ་ཚོགས་ཏེ། ཡོད་ཚད་ཀྱི་ཡོད་ཚད་ཟླ་འོད་མཁའ་ལ་འཕགས་པའི་ལྷིང་འཇགས་ཀྱི་མཚན་མོའི་པང་ནས་འདྲོག་སྐད་སྒྲོག་པའི་བྱེའུ་ཞིག་འཕུར་བ་དང་འདྲ་བར། གཤོག་རླབས་དེས་བརྡབས་འགུལ་དང་བཅད་གཏོར་བྱས་པ་ནི་ཟླ་འོད་ཀྱི་བཀྲག་མདངས་མ་ཡིན་པར། མཁའ་དབུགས་ཤིག་དང་། འབྱིན་རྔུབ་ཅིག ད་དུང་ལང་ཚོ་ཞིག… …

ཧུའུ་ཅིང་གློ་བུར་དུ“སད”བྱུང་།

ཝེ། ཀྲའོ་དབྱི། ང་ཕྱིར་ལོག་མི་འདོད། རི་ཕུག་ཏུ་བསྡད་ན་ལས་རྒྱུ་ཅང་མི་འདུག ཧུའུ་ཅིང་གིས་གདོང་ངོས་ཅིག་ཤོས་ཤེལ་སྒོར་གླན་ཏེ། རྣམ་འགྱུར་ཅི་ཡང་མེད་པའི་སྒོ་ནས་སྒེའུ་ཁུང་ཕྱི་རོལ་གྱི་སྐྱ་ཐིང་ཐིང་གི་འདམ་རྩྭ་རེ་རེ་ལ་ལྟ་བཞིན་ཉོབ་སྣང་ཞིག་གིས་དེ་ལྟར་སྨྲས།

རི་ཚོགས་དག་སྒེའུ་ཁུང་གི་ཕྱི་རོལ་ནས་རླངས་འཁོར་གྱི་སྤྲུག་གསིག་དང་འགྲོགས་ནས་རྒྱུན་ཆད་མེད་པར་མཆོང་ལྡིང་བྱེད།

ཀྲའོ་དབྱིས་བློ་ཡུལ་ལའང་མི་ཤོང་བའི་སྒོ་ནས་ཧུའུ་ཅིང་ལ་བལྟས། དེ་འདྲའི་འཚོ་བ་ནི་ཇི་འདྲའི་སྤོབས་པ་སྐྱེད་ཅིང་གཟི་བརྗིད་ཀྱི་དཔལ་འབར་བ་ཞིག་རེད་ཨང་། བཟོ་གྲྭ་ནི་ལྐོག་ཏུ་གྱུར་པ་ཞིག་ཡིན། ཕྱི་ཕྱོགས་སུ་ཨང་ཀིའི་ཨང་སྒྲིག་བསྟར་ཕྲེང་གཅིག་མ་གཏོགས་བསྒྲགས་མེད་དེ། ཀྲའོ་དབྱིས་ལུང་ཕུག་དེ་ནས་བསྐུར་བའི་འཕྲིན་ཡིག་ཏུ་བྲིས་པ་ནི་ཨང་སྒྲིག་ཅིག་ཡིན་ཞིང་། ཨ་ཕས་ཕྱིར་ལུང་ཕུག་དེར་འཕྲིན་ལན་བསྐུར་བའང་ཨང་སྒྲིག་ཅིག་ཡིན། དེའི་རྒྱུ་མཚན་ནི་ཕ་མེས་ཡང་མེས་ཀྱི་རྒྱུ་རྐྱེན་དབང་གིས་ཀྲའོ་དབྱིའི་ཕ་ལགས་ནི་སྡེ་པའི་ནང་གི་ཡི་གེ་ཤེས་མཁན་ཉུང་ཤས་ལས་མེད་པའི་གྲས་ཀྱི་གཅིག་ཡིན་ཞིང་། ཡིན་རིང་པོར་སྤྱི་ཁང་དུ་ལས་ཀ་ངེས་མེད་བསྒྲུབས་མྱོང་ཡོད་པ་དང་། སྤྱི་ཚོགས་ཀྱི་གང་ཅིའི་གནས་ཚུལ་ཡང་ཅུང་ཟད་ཐོས་མྱོང་། རྒྱལ་ཁབ་ཀྱི་དོན་ཆེན་སྐོར་ནས་ཁོས་ནམ་རྒྱུན་མང་པོ་མི་འདྲི་བར། གཞོན་ནུ་ལགས། ལས་ཀར་ཧུར་བརྩོན་བྱོས། ལོ་ངོ་བཅུའི་རྗེས་ནས་ད་ནི་ཁྱོད་ཀྱིས་རི་ཕུག་ཏུ་ལས་ཀ་རླབས་ཆེན་ཅི་ཞིག་བསྒྲུབས་མྱོང་བ་དེ་ཨ་ཕར་བརྗོད་ཆོགས་ཟེར།

རླབས་ཆེ་བའི་ལས་དོན་ཞིག་རེད། ཧུའུ་ཅིང་གིས་དེ་ལ་སྙིང་པོ་མི་འདུག་སྙམ་དོན་ག་རེ་ཡིན་ནམ།

རྒྱུ་མཚན་ཅི་ཡིན་ཧ་མི་གོ་མོད། ངས་བསམས་ན་རླབས་ཆེན་གྱི་ལས་དོན་ཞིག་མ་བསྒྲུབས་ཀྱང་ང་ཚོར་དེ་ལས་གཞན་དུ་ཡང་འཚོ་ཐབས་མང་པོ་ཞིག་ཡོད་སྙམ། ཧུའུ་ཅིང་ན་རེ། ཁྱོད་ཀྱིས་ཧ་གོ་འམ། ད་ལྟ་ངའི་སེམས་ནི་དཀྲུག་དཀྲུག་བྱས་པའི་གྲོ་འདག་རྫ་གཞོང་གང་དང་འདྲ་བར་རུལ་མྱགས་སུ་གྱུར་ནས་བ་སྤུ་སྐྱེས་འདུག་པས།  ད་ནི་ཐབས་བཀོད་ཅི་ཡོད། ཕྱིར་ལོག་ཐབས་མེད།

དུས་སྐབས་དེ་ནི་སྟོན་ཀའི་ཚ་གདུག་ཆེ་བའི་སྐབས་ཤིག་ཡིན་ཏེ་ཉིན་རེ་རེའི་རྟ་བདུན་དབང་པོ་འོད་ལམ་ལམ་དུ་འཚེར་འོངས། དོན་ངོ་མར་རི་ཁྲོད་དུའང་འཁྲུག་ཆ་དོད་པོ་ཡོང་སྲིད་དེ། ལོ་ཏོག་སྐྱེས་པ་དང་། ཤིང་ཏོག་སྨིན་པ། ད་དུང་རྒང་མོ་དང་། ནགས་ཀྱི་ཕུག་རོན། སྦྲུལ། ཕག་རྒོད། དགོ་བ་བཅས་གང་སར་མཐོང་རྒྱུ་ཡོད། ཡིན་ཡང་དགའ་སྤྲོ་འཁོལ་བའི་སྟོན་ཀའི་ཉི་འོད་དེ་ཧུའུ་ཅིང་གི་གདོང་ལ་ཕོག་ཚེ། འདུ་ལོང་དེ་ཁོའི་མིག་ལམ་དུ་མངོན་པར་བྱེད་ཅིང་ཁོ་རང་སྔར་ལས་སྨྱོ་འཚུབ་ཆེ་བའི་སྒོ་ནས་སེམས་ལ་ནམ་རྒྱུན་ཕྱི་རོལ་དུ་རྒྱུག་འདོད་སྐྱེས་འོངས། སྐྱེས་པའི་ཐོག་མ་ཉིད་ནས་རི་སྐྱེས་བྱི་ལ་ཞིག་དང་འདྲ་བའི་ཧུའུ་ཅིང་གིས་ལུང་པའི་ཕྱི་རོལ་གྱི་བྲོ་བ་མངར་མོ་མྱངས་ཡོད་པས། རི་ལུང་ཆེན་པོས་ད་ནི་ཁོ་རང་འགོག་ཐུབ་ཀྱིན་མི་འདུག ཁོས་དེ་རིང་འུར་བརྒྱབ་ནས་གནམ་ས་ཡངས་ཤིང་རྒྱ་ཆེ་བ་ཞིག་ཏུ་འགྲོ་འདོད་ཟེར་ཞིང་། གནངས་ཉིན་ཡང་ཁོ་རང་གནམ་གྲུ་ཞིག་ལ་བསྡད་དེ་ཞི་བདེ་རྒྱ་མཚོ་ཆེན་པོར་བསྐྱོད་ནས་ཨ་རིའི་བཙན་རྒྱལ་རིང་ལུགས་ཕམ་པར་གཏོང་རྒྱུ་ཡིན་ཚུལ་ལབ་འོངས་པས། བཟོ་གྲྭའི་ནང་དུ་ཁ་ཁུ་སིམ་པོར་འདུག་པའི་གཞོན་ནུ་སྐོར་ཞིག་ཡོད་པ་དག་ཀྱང་སྨོན་པ་ཤོར་ཏེ་ཧུའུ་ཅིང་དང་མཉམ་དུ་རི་ལུང་གི་ཕྱི་རུ་འབུད་འདོད། དེ་ནས་བཟོ་གྲྭའི་མགོ་པས་ཐེ་ཚོམ་སྤུ་ཙམ་ཡང་མི་བྱེད་པར་ཧུའུ་ཅིང་གི་ལས་གནས་ལ་འཕོ་འགྱུར་གཏོང་བའི་སེམས་ཐག་བཅད། ཧུའུ་ཅིང་འགྲོ་སའི་ལས་ཁུངས་གསར་པ་དེ་ནི་འདྲུད་འཐེན་འཁོར་ལོའི་བཟོ་གྲྭ་ཞིག་ཡིན་ཞིང་ཏུའུ་ན་རྫོང་གི་ཉེ་འདབས་སུ་ཡོད་དེ། ཧུའུ་ཅིང་ལ་ལྟ་སྐྱོང་ལེགས་པོ་བྱེད་ངེས་ཞེས་བརྗོད་ཆོག

ཡིན་ཡང་ཧུའུ་ཅིང་གིས་ལས་གནས་དེ་རུ་སྤོ་འདོད་མ་བྱུང་། ཀྲའོ་དབྱི་ཡང་ཁོ་དང་མཉམ་དུ་འགྲོ་ན་མ་གཏོགས་ཁོ་རང་གཅིག་པུ་འགྲོ་མི་འདོད་ཚུལ་སྨྲས།

བཟོ་ཚན་གྱི་ཏང་གི་ཡན་ལག་མགོ་གཙོས་ཧུའུ་ཅིང་ལ་གསང་བ་དམ་སྲུང་གི་འགན་འཁྲིའི་ཡི་གེར་མིང་རྟགས་འགོད་དགོས་པའི་བླང་བྱ་བཏོན་པའི་སྐབསས་སུ། ད་གཟོད་ཀྲའོ་དབྱིས་བཟོ་གྲྭ་ལ་ཁོ་རང་དགོས་འདོད་མེད་པ་ཤེས་སོང་།

རླབས་ཆེ་བའི་འཛུགས་སྐྲུན་གི་བྱ་གཞག་སྒྲུབ་པར་མི་ཚེ་གང་བོར་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་ལབ་ཡོད་པ་མིན་ནམ། ད་ནི་མི་དགོས་ཟེར་ན་ལས་སླ་མོས་མི་དགོས་པ་བྱས་ཆོག་གམ།

དེ་མ་ཐག་ངུས་བྱུང་།

ད་ནི་གནས་ཚུལ་ཀྱང་ཚད་དེ་འདྲར་སླེབས་ཟིན་པས་བཅོས་སྒྱུར་བྱ་ཐབས་མེད།

བཟོ་གྲྭ་ལས་སྒོར་བུད་པའི་ཉིན་མོ་དེར། ཆར་པ་སིམ་སིམ་དུ་བབས་ནས་རི་ལམ་ཧྲིལ་པོ་འདམ་རྫབ་ཏུ་གྱུར་ཅིང་། རླངས་འཁོར་བསྐོར་ནས་ལམ་རྐེད་དུ་སླེབས་རྗེས་གློ་བུར་ཆག་སྐྱོན་བྱུང་བས་ཧུའུ་ཅིང་དང་ཀྲའོ་དབྱི་གཉིས་རྐང་ཐང་དུ་འགྲོ་དགོས་བྱུང་། ལམ་བར་ལུང་ཤུར་ཧྲིལ་པོ་བ་ལི་ཚེར་མགོ་མའི་འདབ་མས་ཡོངས་སུ་ཁེངས་ཏེ་ས་གཞིར་གངས་ཀྱི་མེ་ཏོག་འཐོར་བ་དང་འདྲ་བར་སེམས་ཀྱིས་བཟོད་དཀའ་བ་བྱུང་། ཟླ་བཅུ་པའི་ཆར་པ་ནི་མཚོ་ངོས་ལ་རྨིད་ཆིག་སྟོང་སུམ་བརྒྱ་ཡོད་པའི་རྫོང་མཁར་ལ་མཚོན་ན་གྲང་ངར་ཆེར་མེད་མོད། འོན་ཀྱང་མཚོ་ངོས་ལ་རྨིད་ཆིག་སྟོང་དགུ་བརྒྱ་མཆིས་པའི་རི་ལུང་དུ་ཆར་རླུང་གི་གྲང་ངར་ཆེན་མོ་རུས་པར་ཟུག་འོངས། ཧུའུ་ཅིང་སྒ་རིང་གིས་ཀྲའོ་དབྱི་སྐམ་གྱོང་སྐྱོར་བཞིན་སྣུམ་ཤོག་གིས་བཟོས་པའི་བསིལ་གདུགས་ཀྱི་ཕལ་ཆེ་བ་ཀྲའོ་དབྱིའི་མགོ་ལ་བཀབ་སྟེ། ལས་གནས་ཤིག་སྤར་བ་དེ་ཙམ་མིན་ནམ། སྐྱེ་དམན་ཞིག་དང་འདྲ་བར་དེ་འདྲའི་སྡུག་སྣང་སྐྱེ་དགོས་དོན་ཅི་ཡོད། དེ་དོན་དག་ཆེན་པོ་ཞིག་ག་ནས་ཡིན་ཞེས་མགོ་བསྐོར་བཏང་སྟེ་སེམས་གསོ་བྱས།

ཀྲའོ་དབྱི་སྔར་བཞིན་བློ་ཕམ་ཡིད་ཆད་བྱུང་ཞིང་སྣང་བ་བན་བུན་ཞིག་གི་དབང་དུ་ཡོད་དེ། གཞན་གྱིས་བྲན་དུ་བཀོལ་བ་བཞིན་ཧུའུ་ཅིང་གི་རྗེས་འབྲངས་ཏེ་གོམ་ཁ་ཟུང་ལ་ཡང་ལྕི་ཤོར་བཞིན་འགྲོ་ཞིང་། སྨྲ་བ་ཅི་ཡང་མེད་པར་སྐབས་སྐབས་སུ་རི་ལུང་གི་ཕྱོགས་སུ་ཕྱིར་ལྟ་ཙམ་བྱེད། འདི་ལྟར་བྲལ་བ་ནི་གསོན་གྱེས་ཤི་བྲལ་ལྟ་བུ་ཞིག་མིན་རུང་། ད་ནི་གནས་འདིར་ཁོ་རང་ཡང་ཡང་ཕྱིར་ལོག་མི་ཐུབ་པ་ཀྲའོ་དབྱིས་ཤེས་ཡོད།

མཁར་གྲོང་དུ་སླེབས་རྗེས། ཆར་པའང་འབབ་མཚམས་བཞག་སོང་། ཧུའུ་ཅིང་གིས་སྐད་ངག་མཚར་པོ་ཞིག་གིས་ངག་འདར་སིག་སིག་བྱེད་བཞིན། ཝེ། ཀྲའོ་དབྱི། ང་སྨན་ཁང་ནང་འགྲོ་དགོས་ཞེས་སྨྲས།

ཀྲའོ་དབྱིས་ཕར་ཧུའུ་ཅིང་ལ་ལྟ་དུས། ད་ནི་ཧུའུ་ཅིང་གི་ལུས་ཡོངས་སུ་ཆར་པས་བརླན་ཞིང་སྐྲ་ལོ་དག་འགྲམ་པར་འབྱར་ནས་གདོང་གྲང་རེག་གིས་གཙེས་ཏེ་དམར་ནག་ཏུ་ཆགས་པ་དང་ལུས་ཧྲིལ་པོ་འདར་སིག་སིག་བྱེད་བཞིན་པ་ཤེས་སོང་། 

ཆར་པ་དེས་དངོས་ནས་ཧུའུ་ཅིང་གི་ལུས་པོའི་ཕྱི་ནང་ཡོངས་སུ་བརླན་དྲགས་ཏེ། ཚ་བ་ཆེར་རྒྱས་ནས་ཉིན་བཅུ་འགོར་ཡར་དྲག་སྐྱེད་མ་བྱུང་བར། མཐར་གློ་བའི་ཚ་ནད་བྱུང་སྟེ་རང་སྐྱོང་ཁུལ་སྨན་ཁང་དུ་བསྐྱལ་ནས་ཉིན་ཉི་ཤུ་ལྷག་ཙམ་རིང་སྨན་བཅོས་བྱེད་དགོས་ཐུག་པས། ཀྲའོ་དབྱི་ལའང་འཇིགས་སྐྲག་མི་ཆུང་བ་ཞིག་ཐེབས་ནས་ཧུའུ་ཅིང་གི་ཉལ་ཁྲིའི་མདུན་དུ་དམིགས་ཀྱིས་བསྲུངས་ནས་འདུག་ཅིང་། ཉིན་གང་བོར་གནམ་ཁབ་དམ་བི་ལ་བལྟས་ཏེ་གོམ་པ་ཁྱིམ་གཞན་ལ་སྤོ་མི་ཕོད་པར་བསྡད། བཟོ་གྲྭ་ནས“ཕྱིར་ཕུད”བཏང་བའི་བདེན་ཡུས་ཀྱི་འཁང་སེམས་ཕྲ་མོ་དེ་ཡང་ཧུའུ་ཅིང་གི་ཁ་བསྔལ་ལྕེ་ལྐུགས་ཀྱི་རྣམ་པ་དང་ཤི་གསོན་ཕྱེད་མའི་འཁུན་སྒྲ་དེས་སྐྲག་ཐག་ཆོད་དེ་གཞི་ནས་མེད་པར་བྱས་ཡོད།

ཝེ། ཀྲའོ་དབྱི། ཁྱོད་རང་ཁོང་ཁྲོ་མ་ལངས། ངས་ཁྱོད་ལ་བཤད་ཡ། ཁྱོད་དེ་འདྲའི་མི་གཉོམ་ཆུང་ཞིག  ཁྱོད་རང་རྗེས་སུ་མ་ཁྲིད་ཚེ། ངའི་བློ་སེམས་བདེ་པོ་ཡོང་དཀའ། ཧུའུ་ཅིང་གིས་གློ་ལུ་རྒྱག་ཞོར་དུ་དེ་ལྟར་སྨྲས།

ཀྲའོ་དབྱིའི་སེམས་གཏིང་དུ་བྱ་སྤུ་འཇམ་པོ་ཞིག་ལྡང་བྱུང་། ཧུའུ་ཅིང་ལ་ལྟ་ཙམ་བྱེད་ཀྱིན། བཟོད་སྒོམ་གྱི་ངང་ནས་གད་མོ་ཤོར།

བཞི།

འདྲུད་འཁོར་བཟོ་གྲྭ་ནི་རི་ལུང་དང་རྦད་དེ་མི་འདྲ་བར། དྲོས་ཇའི་སྐབས་ལ་སླེབས་དུས་ཟ་ཁང་དུ་རྒན་རྒོན་ཕོ་མོ་ལུང་པ་གང་ཐོན་པས། ཀྲའོ་དབྱིས་གང་ལ་བསྟུན་དགོས་པའང་མ་ཤེས་པར་ཉིན་རེ་བཞིན་ཅོང་རྡོག་དང་འབྲས་སྐྱ་ཁོ་ན་མི་ཟ་ཐབས་མེད་དུ་གྱུར་ཅིང་། ཁོ་རང་གཅིག་པུ་ཟ་ཁང་གི་རྒྱབ་ཏུ་ཕྱིན་ནས་གྱང་ཐོག་ལ་ཞོན་ཏེ་རྒྱང་རིང་ལ་ལྟ་བཞིན་བསྡད།

རྒྱང་རིང་ཟེར་བ་ནི་དོན་ངོ་མར་གང་ཞིག་ཡིན་ནམ། ཕ་ཡུལ་ནི་གང་ཞིག་ན་ཡོད་དམ། ཀྲའོ་དབྱིས་ར་སྐོར་ཕྱི་རོལ་གྱི་འབྲས་ཞིང་ལེབ་མོར་ལྟ་བཞིན་དེ་ལྟར་སྙམ། འབྲས་ཞིང་གི་ཕ་མཐའ་ནི་ཕྲེང་བསྟར་རི་རྒྱུད་ཅིག་ཡིན་ཞིང་རི་རྒྱུད་དེའི་ཕ་རོལ་ན་རི་བོ་དེ་ལས་ཀྱང་བརྗིད་ཅིང་ཟབ་པ་ཡོད་དེ། དེ་གར་ཁོའི་སྔོན་ཆད་ཀྱི་ཕུགས་བསམ་དང་བྱ་གཞག་ཐམས་ཅད་ཀྱང་ཡོད་མོད། དེང་སྐབས་ཅི་ཡང་མེད་པར་གྱུར་ཡོད།

ཧུའུ་ཅིང་གིས་རྗེས་འབྲངས་ནས་སླེབས་ཏེ། སེམས་ཁོང་ན་མེས་རྒྱལ་ཡོད་ན། གང་སར་དམག་རྩལ་སྦྱོང་ཐང་གིས་ཁེངས་འདུག་ཅིང་སྙམ། ཕ་གི་ཡུལ་དེའི་ལྐོག་ཏུ་གྱུར་པའི་ཐོན་སྐྱེད་དེ་ནི་མི་དམངས་ལ་ཞབས་འདེགས་སྒྲུབ་སའི་གནས་ཡིན་ལ། འདི་ག་ཡང་མི་དམངས་ལ་ཞབས་འདེགས་སྒྲུབ་ས་ཡིན།

ཀྲའོ་དབྱི་གྱང་མགོར་ཙོག་ནས་འདུག་ཅིང་། མིག་ལ་རྣམ་འགྱུར་ཅི་ཡང་མེད་པར་ནག་ཐོམ་ཐོམ་དུ་འདུག

བཟོ་གྲྭའི་མགོ་པ་ཞིང་ཆེན་ནས་བསམ་བློ་བཅིངས་འགྲོལ་བྱེད་པའི་བཞུགས་མོལ་ཚོགས་འདུར་ཞུགས་ནས་ཕྱིར་ཐོན་རྗེས། འབོལ་ཁྲི་ཟེར་བའི་ཐ་སྙད་གསར་པ་ཞིག་བརྗོད་བྱུང་།

གདོན་རྫས་དེའི་སྟེང་བསྡད་ན། སྲིང་བལ་ཐོག་སྡོད་པ་དང་འདྲ་བར་སྤྲིན་དང་སྨུག་པ་བར་སྣང་དུ་ལྡིང་བའི་སྣང་བ་སྟེར་འོངས་ཟེར་བཞིན། བཟོ་གྲྭའི་མགོ་པས་ལྕེ་རྩེ་བསྒྲིལ་ནས་དབྱིན་ཇིའི་སྐད་དུ་འབོལ་ཁྲི་ལ་So—fa—ཟེར་ཞིང་ཕྱི་གླིང་གི་ཁྱིམ་ཆས་ཤིག་རེད་ཅེས་སྨྲས།  

དེ་ནས་ཚང་མ་འབོལ་ཁྲིའི་སྟེང་འདུག་འདོད་ཅིག་བྱུང་།

ཅུང་མ་འགོར་བར་རྫོང་སྲིད་གཞུང་དང་། མཁོ་འཚོང་མཉམ་ལས་ཁང་། ཡིག་སྐྱེལ་གློག་འཕྲིན་ཁང་བཅས་ལའང་འབོལ་ཁྲི་ཡོད་བྱུང་།

སྡོད་ཚུགས་མེད་པའི་ཧུའུ་ཅིང་གི་སེམས་ལ་སླར་ཟ་འཁྲུག་ལངས་བྱུང་། ཉིན་ཞིག་ཁོ་རང་ནམ་སྨད་ལ་སྲིད་གཞུང་ཐོག་ཁང་གི་ལོགས་སུ་ཡོད་པའི་ཤིང་ཝུའུ་ཐང་གི་སྡོང་མགོར་འགོས་ནས་ཉིས་ཐོག་གི་གྲོས་ཚོགས་ཁང་ནང་དུ་མཆོངས་ཏེ། གྲི་ལོ་ཞིག་གིས་འབོལ་ཁྲི་གཙབས་ནས་མཚན་ཕྱེད་ལྷག་ཙམ་གྱི་རིང་ལ་ས་སློག་རྡོ་སློག་བྱས་ཤིང་། ཐོ་རངས་ཀྱི་བྱ་ཕོ་གྲགས་དུས་ད་གཟོད་ཁོ་རང་ནག་ཉེས་ཀྱི་ལས་བགྱིས་པའི་ཡུལ་དངོས་དང་ཁ་གྱེས། ཕྱིར་ཐོན་རྗེས་ཧུའུ་ཅིང་གིས་དབུགས་གཏོང་ཐེངས་གཅིག་གིས་བཟོ་གྲྭ་ནས་ཤིང་ཆ་དང་། རྣོ་སྐུད། གཅུས་འཛེར། ལྕགས་ཤོག ལྡེམ་རྩིབ། ད་དུང་སོ་སྒྱེའི་རས་བཅས་བརྐུས་འོངས་ཏེ། བཟོ་ཁུལ་རྒྱབ་ལོགས་ཀྱི་བཟོ་ཚན་ཞིག་གི་ལོ་ངོ་དུ་མར་མཁོ་མེད་དུ་བསྐྱུར་བའི་བཟོ་ཁང་ནང་དུ་ཁ་ཁུ་སིམ་པོའི་ངང་ནས་ཚོད་ལྟ་བསྒྲུབས། ཐོག་མར་ཤིང་ཆ་དྲས་ནས་འབོལ་ཁྲིའི་རུས་སྒྲོམ་བཟོ་བ་དང་དེ་རྗེས་རུས་སྒྲོམ་རེ་རེར་ལྡེམ་སྒོར་ལྷུ་སྒྲིག་བྱས་ཏེ་ལྕགས་སྐུད་ཀྱིས་བརྟན་པོར་བཅིངས་རྗེས། དེ་ནས་ཤིང་སྒྲོམ་དང་ཤིང་གི་བེར་གའི་སྟེང་སོ་རས་སྦྱར་ནས་རས་ཀྱི་མཐའ་རྒྱང་བཟོས་པ་ཡིན་ཏེ། དུམ་ཚན་འདི་ཁོ་རང་གཅིག་པུས་འགྲུབ་མི་ཐུབ་པར་འབོལ་ཁྲི་ནང་སྙིང་གིས་ཁ་གང་བ་དང་ལྡེམ་ཤུགས་ཡོད་པར་ཁག་ཐེག་བྱ་དགོས་ལ། དེ་ལས་ཚད་རན་པོའི་སྒོ་ནས་ལྡེམ་རྩིབ་སྙོམས་པོས་ཁག་ཅིག་གནོན་ཐུབ་དགོས་ཤིང་རས་ཀྱིས་འགེབ་དགོས། ཡིན་ཡང་ཁོ་གཅིག་པུས་གནོན་མི་ཐུབ་པས་ཧུའུ་ཅིང་བྱ་ཐབས་བྲལ་ཏེ། ཕོ་རྒོད་གཅིག་ལ་ཕོ་གྲོགས་གསུམ་དགོས་ཟེར་བའི་དཔེ་དེ་ཡང་གཞི་ནས་རྟོགས་སོང་ལ། ཁོས་ད་དུང་མི་གཞན་འཚོལ་དགོས་ཡོད།

ཀྲའོ་དབྱི་གཅིག་པུ་མ་གཏོགས་གཞན་དུ་འཚོལ་རྒྱུ་མེད།

ལས་ཐུན་གྲོལ་རྗེས་ཧུའུ་ཅིང་གིས་ཀྲའོ་དབྱི་བཙན་གྱིས་ཁྲིད་ནས་འཇག་སྐྱ་རྫོབ་པོ་སྐྱེས་ཡོད་པའི་བཟོ་ཁུལ་གྱི་སྒོ་ར་རྒྱབ་མར་ཕྱིན།

རྒྱུ་མཚན་ཅིའི་ཕྱིར་ཡིན་ནམ། ཀྲའོ་དབྱིའི་ཕྱིར་དྲན་ཁྲོད་ཉིན་དེའི་ལ་ཁའི་ཉི་མ་ནི་དབྱར་གཞུང་གང་དང་གང་ལས་ཀྱང་མཛེས་པར་སྣང་། གསེར་མདོག་གི་ཉི་འོད་དེ་ནི་རྟོག་སྨོན་གྱིས་བསྐྲུན་པའི་ཡིད་ཀྱི་ལྗོངས་རིས་ཤིག་དང་འདྲ་བར་ཁོའི་གདོང་ལ་ཕོག་སྟེ་གོམ་པ་རེ་རེ་བཞིན་མདུན་དུ་སྤོས། རྩྭ་ཡན་མཐུག་པོའི་ལམ་ཕྲན་དུ་ལོ་སྔོན་མར་བཞད་པའི་མདོག་སྨུག་པོའི་རྒྱ་ལྕང་མེ་ཏོག་དེ་ཡང་བག་ལ་ཞ་སྟེ་བཏུ་མཁན་སུ་ཡང་མ་བྱུང་བའི་མེ་ཏོག་དག་ལས་ལྷག་མེད་པར་སྤྲིན་ཕུང་བཞིན་རྩྭ་ལྡུམ་ཀློང་ན་རླུང་གིས་ཅི་དགར་བསྐྱོད་ནས་ཡོད། ཆ་མེད་རྒྱུས་མེད་ཀྱི་ཤིང་སྡོང་ཞིག་རྩྭ་ཡན་མཐུག་པོའི་ཀློང་ན་ཁུ་སིམ་མེར་སྐྱེས་ཏེ་ཁ་བའི་འདབ་མ་ལྟ་བུའི་མེ་ཏོག་ཡོངས་སུ་བཞད་ཡོད་ཅིང་། འདབ་མ་དེ་དག་གིས་ལ་ཁའི་ཉི་འོད་ཀྱི་ཟེར་མ་རེ་རེ་ལུས་སུ་གྱོན་ཏེ་ཁྱད་མཚར་ཆེ་ཞིང་སྨྲ་བ་མེད་པའི་འོད་ཀོར་དང་འདྲ་བར་ཀྲའོ་དབྱི་ལ་འབོད་པ་གཏོང་བཞིན་ཡོད། ཤིང་སྡོང་དེ་ནི་རྩད་གཅོད་བྱེད་མཁན་སུའང་མེད་པའི་གནས་ཤིག་ཏུ་སྐྱེས་ཡོད་ནའང་། དེ་འདྲའི་བག་ཕེབས་ངང་ནས་ལ་ཁའི་ཉི་ཟེར་འོག་ཏུ་ལྷོད་འཇགས་ཀྱི་མེ་ཏོག་རེ་རེ་མཛེས་སྡུག་གིས་བཞད་ཡོད། ཤིང་སྡོང་དེ་ལ་འདོད་འདུན་མེད་ཅིང་མི་ཡུལ་གྱི་བྱ་བ་གང་ལའང་དཀྲོག་རྐྱེན་བཟོ་མི་སྲིད་པར་ཁུ་སིམ་པོའི་ངང་ནས་སྐྱེས་ཡོད་དེ། ཁོས་ནི་ཤིང་སྡོང་དེ་འདྲ་ཞིག་གཏན་ནས་མཐོང་མྱོང་མེད།

ཧུའུ་ཅིང་ལྟག་རྒྱབ་ཏུ་བཞད་གད་ཐག་གེར་སོང་། ན་རེ། གཡས་གཡོན་ལ་མ་བལྟ། ཡུད་ཙམ་གྱི་རྗེས་ནས་ཁྱོད་ལ་སྐྲག་སྣང་སྐྱེ་འོང་ཟེར།

བེད་མེད་དུ་བསྐྱུར་བའི་བཟོ་ཁང་གི་སྒོ་ཕྱེས་མ་ཐག ཀྲའོ་དབྱི་ལ་དངོས་ནས་སྐྲག་ཅིག་ལངས་སོང་སྟེ་འཕྲལ་མར་ཁ་ཕྱིར་འཁོར་ནས་འབྲོ་འདོད་བྱུང་།

ཧུའུ་ཅིང་ལ་ཆ་རྒྱུས་ཡོད་མཁན་དེ་ཁོ་ལས་སུ་ཞིག་ཡོད་དམ། སྤྱི་བདེ་ཅུས་ཀྱིས་བར་སྐབས་འདིར་ཉིན་རྒྱུན་ཉེན་རྟོག་རླངས་འཁོར་གྱི་སྒྲ་དིར་དིར་གྲགས་ཏེ་འཛིན་བཟུང་བྱེད་བཞིན་པའི་གཞུང་གི་རྒྱུ་ནོར་ལ་བརླག་མཁན་གྱི་ལྟས་ངན་དེ་འདི་གར་ཡོད།

ཧུའུ་ཅིང་གིས་སྔོན་ནས་དོགས་ཟོན་བྱས་ཏེ་སྒོ་དམ་པོར་བཀག་ཡོད་ཅིང་། ཁོས་ཟླ་བ་གཉིས་ལྷག་ལ་སྐྲ་ལོ་ཡང་གཞར་མེད། སྐབས་འདིར་བཟོ་ཁང་གི་མུན་ནག་གི་འོད་ཐིག་ཁྲོད་ལས་ཁོའི་མགོ་ནི་བྱ་ཚང་ཞིག་དང་འདྲ་བར་ཁྱད་མཚར་ཆེ་ཞིང་འཇིགས་སུ་རུང་བ་ཞིག་ཀྱང་ཡིན། ཧུའུ་ཅིང་གིས་ཁྲོ་ངར་ལངས་པའི་སྒོ་ནས་ཀྲའོ་དབྱི་ལ་ཅེ་རེར་ལྟ་ཞིན་ལག་ནས་གཅུ་སྐམ་ཞིག་གཡས་འཁྱོར་གཡོན་འཁྱོར་དུ་དབྱུག་དབྱུག་བྱས་ཏེ། ཡང་མིན་ན་ང་ལ་རོགས་རམ་བྱས། ཡང་མིན་ན་ངས་ཁྱོད་རང་གཅུ་སྐམ་བར་དུ་འཇུག་རྒྱུ་ཡིན་ཟེར།

གཅུ་སྐམ་གྱི་བར་དུ་གཅུར་ནའང་། ངས་ནི་ཁྱོད་ལ་སྒྲུབ་རོགས་བྱེད་མི་སྲིད། ནག་ཉེས་ཀྱི་ལས་སྒྲུབ་མཁན་ཁྱོད་ཅེས་སྨྲས་པ་ན། ཧུའུ་ཅིང་བློ་འཚུབ་བྱུང་སྟེ་མཆིལ་མ་མིད་ཀྱིན་བསྡད།

ནག་ཉེས་ཅི་ཞིག་སྒྲུབ་སོང་། ངས་སྦྱངས་ཚར་རྗེས་ཁོ་ཚོར་འབོལ་ཁྲི་ཞིག་གིས་སྐྱིན་པ་འཇལ་ན་དེས་འགྲིག་མི་འདུག་གམ། དེས་ན་དེ་ལྟར་བྱ་ཟེར་བཞིན། ཧུའུ་ཅིང་གིས་ལག་གི་གཅུ་སྐམ་དང་ཐོ་བ་གཉིས་འཛིན་ཞོར་ཀྲའོ་དབྱི་ལ་བཀོད་འདོམས་བྱས། གན། དེའི་སྟེང་དུ་ཁ་སྦུབ་ཏུ་ལོག་ཅིག་ཟེར།

ཅི་ཞིག་བྱེད་དགོས་སམ། ཀྲའོ་དབྱི་ཅུང་ཧ་ལས་བཞིན་མགོ་བོ་ལག་པས་སྐྱོར་ཏེ་བློ་འཚུབ་སྒོས་དྲིས།

སྟེང་ནས་རྡེམ་རྩིབ་གནོན་རོགས་བྱོས་དང་། ངས་རས་ཀྱིས་གཡོགས་དགོས་ཟེར། ཧུའུ་ཅིང་གིས་སུན་སྣང་སྐྱེ་ཚུལ་ཞིག་གིས་སེང་རས་ཤིག་བཟུང་ནས་སླར་ན་རེ། ཁ་ནས་གང་ཐོན་མ་བཤད། ད་ལྟ་ཁྱོད་ཀྱང་ངའི་ངན་གྲོགས་རེད་ཅེས་ཐ་ཚིག་བསྒྲགས།

ཧུའུ་ཅིང་གིས་བཤད་པ་ཅིས་མ་བདེན། འབོལ་ཁྲི་འདིས་ཁོ་ཚོ་འཇིག་རྟེན་གསར་བ་ཞིག་ཏུ་བགྲོད་པའི་སྒོ་མོ་ཕྱེས་བྱུང་། རིགས་རུས་ལའང་ཁུངས་གཏུག་ས་མེད་པའི་གཞོན་ནུ་གཉིས་གློ་བུར་དུ་རྫོང་མཁར་ནས་སྐད་གྲགས་རྒྱས་ཏེ་ཁྲོམ་སྲང་གང་དུའང་རྒན་ལགས་ཞེས་འབོད་མཁན་བྱུང་། སྤྱི་བདེ་ཅུས་ཀྱིས་ཁུངས་སྣེ་འདི་འཆོར་དུ་མ་བཅུག་མོད། འོན་ཀྱང་ཧུའུ་ཅིང་གིས་ངོས་ལེན་མི་བྱེད་པར་ལག་ཆ་ཁྱེར་ནས་འབོལ་ཁྲི་སླར་བསྒྲིགས།

འབོལ་ཁྲི་སླར་ལེགས་པར་བསྒྲིགས་ཚེ་སྐྱོན་ཆེན་པོ་ཅི་ཡོད། དེའི་ཁར་བདེན་དཔང་ཡང་མེད་པ་མིན་ནམ།

ལུང་ཧྲུལ་དུ་ལྷག་པའི་འདྲུད་འཁོར་བཟོ་གྲྭའི་བཟོ་ཁུལ་རྒྱབ་མར་འདུ་ལོང་འཁྲུག་པོ་བྱུང་། དབྱར་གཞུང་གི་སྐབས་ཡིན་པས། མེ་ཏོག་སྣ་བརྒྱ་དང་རྩྭ་ལྡུམ་མང་པོ་དཔྱིད་ཀྱི་དཔལ་ཡོན་ཤར་བ་ལྟར་རྒྱས་ཤིང། ཧུའུ་ཅིང་ཉིན་རེ་བཞིན་འདི་ག་བརྒྱུད་ནས་འགྲོ་སྐབས་མེ་ཏོག་གི་ཟེའུ་འབྲུ་ཞིག་བཅད་དེ་རྩི་བཅུད་རྒྱས་པའི་ཟི་མངར་འཇིབ་ལེན་བྱེད་པར་དགའ། ཀྲའོ་དབྱི་ནི་ཐག་འཁྱུད་མེ་ཏོག་གི་ཤིང་སྡོང་གཅིག་པ་དེར་དགའ་ཞེན་ཆེ་ཞིང་། རླུང་འཚུབ་ཐེངས་རེར་ཁོ་མོའི་སེམས་པའང་སྡོང་པོའི་ཡལ་ག་དང་འགྲོགས་ནས་ལྷོད་འཆམ་བྱེད།

འབོལ་ཁྲི་འདྲུད་དུ་འོངས་པའི་ནགས་ལས་ཅུས་ཀྱི་ཅུས་ཀྲང་གིས་ཁོ་ལ་བཤད་རྒྱུར། ཐག་འཁྱུད་མེ་ཏོག་གི་ཤིང་སྡོང་ཟེར་བ་འདི་མཚོ་ངོས་མཐོ་ཆེ་བའི་ས་ཆར་འཁྱགས་པའི་དབང་གིས་མེ་ཏོག་བཞད་དཀའ་བ་མ་གཏོགས་ལྷོ་ནུབ་ས་ཁུལ་དུ་ཧ་ཅང་རྒྱུན་མཐོང་རེད་ཟེར།

མེ་ཏོག་མ་བཞད་ཀྱང་ཐག་འཁྱུད་མེ་ཏོག་གི་ཤིང་སྡོང་ལོས་ཡིན། མེ་ཏོག་ནི་སེམས་ལ་བཞད་ཆོག  ནགས་ལས་ཅུས་ཀྱི་ཅུས་ཀྲང་གིས་འཆར་ཡན་གྱིས་ཕྱུག་པའི་སྒོ་ནས་དེ་ལྟར་སྨྲས།

ཀྲའོ་དབྱིས་འདབ་མ་དཀར་པོ་ལ་ལག་པས་རེག་ཙམ་བྱེད་བཞིན་བློ་དོགས་སངས་པའི་སྒོ་ནས་འཛུམ་ཅིག་ལངས་ཏེ། དོན་ངོ་མར་སྤོ་བོས་ཚེ་གང་བོར་བཙལ་བའི་ཐག་འཁྱུད་མེ་ཏོག་དེ་ཡང་སེམས་ལ་བཞད་ཡོད་ངེས།

འབོལ་ཁྲི་བཟོ་བའི་ཡོང་འབབ་ནི་གླ་ཕོགས་དངུལ་བཅུ་ཁ་ཙམ་དེ་ལས་ཞེ་དྲགས་ཀྱིས་མང་བ་སྨོས་ཅི་དགོས་ཏེ། རིག་རྒོད་དང་གླེན་པ་གཉི་གའི་འཚོ་བའང་སྐབས་འདི་ནས་བཟུང་ཇེ་སྐྱིད་དུ་སོང་ཡོད་པས། རང་ཉིད་ལ་དབང་བའི་ཁང་པ་ཞིག་ཀྱང་ལས་དགོས་བསམས་བྱུང་།

མཁོ་སྤྲོད་མཉམ་ལས་ཁང་གི་མགོ་གཙོས་ཏག་ཏག་བུ་མོར་དུས་རབས་དང་མཐུན་པའི་སུམ་སྦྱར་གཞི་གཅིག་ཅན་གྱི་ལག་སྐྱོར་འབོལ་ཁྲི་ཞིག་བཟོ་བཞིན་ཡོད། མགོ་གཙོ་ན་རེ། རྫོང་གི་ཆུ་མཛོད་ཀྱི་ཉེ་ལོགས་སུ་ཁང་པ་སུམ་བསྐོར་ལག་མཐིལ་གྱི་ཆེ་ཆུང་ལྟ་བུ་ཞིག་ཡོད། བཅིངས་འགྲོལ་མ་བྱས་པའི་སྔོན་ས་བདག་ཆུང་མའང(ཁྱོ་གཅིག་ཤུག་མང་ལམ་ལུགས་ཏེ་ཆུང་མ་ཕྱི་མ་དེར་གོ)འདི་གར་དཔྱང་ཐག་བརྒྱབ་ནས་ལྕེབས་བྱུང་བས་སུ་ལའང་དགོས་མཁན་མ་བྱུང་། དེའི་ཕྱིས་སུ་ཞིང་ཁར་ཆུ་ཆེན་གཏོང་དུས་སུའང་མཐའ་ཕྱེད་རྩ་བརླག་ཏུ་བཏང་སོང་། གལ་སྲིད་ཁྱོད་གཉིས་འཐད་པ་ཡིན་ཚེ། རང་ཉིད་ཀྱི་ཐབས་བཀོད་ལ་བརྟེན་ནས་ལེགས་སྒྲིག་ཅིག་བྱོས་དང་། ཕལ་ཆེར་འདུག་ས་ལྟ་བུར་གོ་ཆོད་ཐུབ་ཟེར།

ཁོ་གཉིས་ཕར་བརྒྱུགས་ནས་ལྟ་དུས། ར་སྐོར་ནང་གི་རྩྭ་ལྡུམ་སྐམ་པོ་དག་ནི་མིའི་སྐྱེས་གཟུགས་ལས་ཀྱང་རིང་ཞིང་རྫོབ་ལ་བཙོག་པ་ཞིག་ཀྱང་ཡིན་ཏེ། ཧྲུག་ཆགས་ཐེབས་པའི་གཡམ་ལེབ་ཐོག་གངས་ཆུ་དང་སྔོ་དྲེག་གིས་ཁེངས་ཡོད་ཅིང་། གདུང་མའི་རྩེ་ནའང་རྫ་གཡམ་འགའ་ལས་ལྷག་མེད་པས་འདྲེ་ཡང་སྡོད་མི་སྲིད་ན་ལྷ་བཞུགས་པར་ལྟ་ཅི་སྨོས། འགྲོ་བསམ་ན་འགྲོ་རྒྱུར་ཡང་ཡིད་ཕངས་ཏེ། ཕྱིར་ལོག་ཚེ་གནམ་ན་གདུང་འདེགས་ཀྱི་ཀ་བ་དང་ས་ན་ར་བའི་རྩིག་པ་ཡོད་པས། ཡུད་ཙམ་ལ་བསྡད་རྗེས། ཧུའུ་ཅིང་གིས་སྔར་བཞིན་སྐུལ་མ་བཏང་སྟེ་རང་ཅག་བཟོ་པ་ཚོར་ནུས་ཤུགས་ལོས་ཡོད། ལེགས་སྒྲིག་ཅིག་བྱོས་དང་། ཁང་རྙིང་ཡིན་མིན་ལ་ཁ་ཡ་བྱེད་དགོས་དོན་མི་འདུག་ཟེར། ཀྲའོ་དབྱི་ནི་ཧུའུ་ཅིང་གི་རྗེས་འབྲངས་པར་གོམས་ཡོད་པས་ཁོས་ཇི་ལྟར་བཤད་ན་དེ་ལྟར་བསྒྲུབ་ངེས་ཏེ། ཁོ་གཉིས་ཀྱིས་ཁོམ་ལོང་རེ་བཙལ་ནས་སྔ་ཕྱིར་དུ་དགུན་ཟླ་ཧྲིལ་པོ་ཞིག་ལ་བསྒྲུབས་པས། ལོ་ཕྱི་མའི་དཔྱིད་གསར་དུས་ཆེན་ཚུགས་ལ་ཉེ་དུས་ཁང་པ་སུམ་བསྐོར་གྱི་རྣམ་པ་དེ་གཞི་ནས་ལེགས་འགྲུབ་བྱུང་ཞིང་། བཟོ་བཀོད་ལེགས་ཤིང་སྤུས་གཙང་བས་ཁོ་གཉིས་ཀྱི་བསམ་ཡུལ་ལས་འདས་པར་གྱུར། ཧུའུ་ཅིང་གི་བསམ་ཕྱོགས་ལྟར་ན་ཁོ་རང་འདུག་ས་གཡོན་དང་ཀྲའོ་དབྱི་འདུག་ས་གཡས་ཡིན་ཞིང་། དཀྱིལ་དུ་འཕྲེད་ཀྱིས་བཀོད་པའི་ཁང་ཆེན་དེ་ཧུའུ་ཅིང་གིས་སྒྲིག་བཀོལ་ཁང་ཞིག་ཏུ་འཆར་འགོད་བྱས་ཡོད་དེ། འདི་གར་བཟོ་གྲྭའི་ནང་གི་སྐད་ཆ་རྩུབ་མོ་དེ་འདྲ་ཐོས་རྒྱུ་མེད་པར། གནས་འདི་ནི་ང་ཚོའི་བཟོ་ཚན་ཡིན།

ཀྲའོ་དབྱིས་དེ་ཐོས་རྗེས་སེམས་ལ་ངར་ཤུགས་སྐྱེས་ཏེ། ག་ས་གར་དུ་མེ་ཏོག་མཚན་བཞད་མ་དང་། མེ་ཏོག་བྱ་ཟེ་མ། མེ་ཏོག་དམར་རྩི་མ། མེ་ཏོག་སེན་རྩི་མ་སོགས་བརྐོས་ནས་ར་སྐོར་ནང་སྐྱེལ། ཁོས་སྔར་བཞིན་ཐག་འཁྱུད་མེ་ཏོག་གི་ཤིང་སྡོང་དེ་དྲན་གྱིན་ཡོད་ཅིང་སྡོང་པོ་ཧྲིལ་པོ་ནག་གེ་བར་གྱུར་ཡོད་པའི་བབ་དང་བསྟུན་ཏེ་སྡོང་རྐང་རྨང་ནས་དྲུས་རྗེས། ཧུའུ་ཅིང་གིས་གྱང་སྐོར་གྱི་ཕྱི་ནས་དཔུང་རོགས་བྱས་ཏེ་ར་སྐོར་ནང་དུ་སྐྱེལ་ཞོར་གད་མོ་ཤོར། ད་དུང་ང་དེ་འདྲ་ཞིག་རེད་ཟེར། ཁྱོད་རང་གིས་ཀྱང་རྐུ་བྱེད་བཞིན་ཡོད་པ་མིན་ནམ་ཟེར།

ཀྲའོ་དབྱི་ཁ་སྐྱེངས་ནས་གདོང་དམར་རྐྱང་ཆགས་ཏེ། དེ་ལ་བདག་གཉེར་བྱེད་མཁན་མེད་ཅེས་སྨྲས།

བདག་གཉེར་བྱེད་མཁན་མེད་ཀྱང་གཞུང་གི་རྒྱུ་རྫས་རེད།

ཕལ་ཆེར་ཤིང་སྡོང་དེ་ནི་བྱེའུས་ཁ་ཟས་གཏོར་བ་ལས་འབུས་པའི་མྱུ་གུ་ཡིན་ཡང་སྲིད། ཀྲའོ་དབྱིས་མགོ་ཡར་བཀྱགས་ནས་དགུང་ལ་ལྟ་བཞིན་མཚེར་བག་གི་སྒོ་ནས་ན་རེ། དེ་ཡང་འུ་ཅག་དང་འདྲ་བར་གང་ཡིན་འདི་ཡིན་མེད་པར་འདིར་རྩ་བ་ཚུགས་འདུག་ཟེར།

ཐག་འཁྱུད་མེ་ཏོག་གི་ཤིང་སྡོང་དེ་ར་སྐོར་ནང་དུ་སྐྱེལ་ནས་ཟླ་བ་གཅིག་ལས་མ་འགོར་བར་མེ་ཏོག་བཞད་བྱུང་། ཧུའུ་ཅིང་གིས་ལག་གཉིས་སྐེད་གཟེར་བྱས་ནས་སྐོར་ལྟ་ཞིག་བྱས་རྗེས། “ཐག་འཁྱུད་མེ་ཏོག་གི་ཤིང་སྡོང་འདི་ཧུའུ་ཅིང་ཚང་གི་རེད།” “ར་སྐོར་འདིའི་ནང་དུ་ལི་ཧུའུ་ཚང་དང་ལིང་ཧུའུ་ཚང་གཉིས་ཡོད”ཟེར། དྲང་མོར་བཤད་ན། སོལ་ནག་ཅིག་གིས་ཤིང་ལེབ་སྟེང་རེམ་པར“ཝ་མོའི་གཞིས་ཁྱིམ”ཞེས་པའི་ཡིག་འབྲུ་གསུམ་བྲིས་རྗེས། དེ་ནས་ཁུང་བུ་བཏོད་ནས་སོ་ཐག་གིས་བསྡམས་ཏེ་ར་སྐོར་གྱི་སྒོར་བཀལ་བ་དེ་ཙམ་ཡིན།

ཀྲའོ་དབྱིས་མགོ་ཡར་བཀྱགས་ནས་ཡུད་ཙམ་ལ་བལྟས་རྗེས་རང་དབང་མེད་པར་གད་མོ་ཤོར་ཏེ། སྙིང་སྟོབས་ཆེན་པོའི་སྒོ་ནས་ན་རེ། ངོ་མ་ཡིག་བཙོག་ཅིག་བྲིས་འདུག་ཟེར།

ཁྱི་ཁ་ཚུམས་ལ་སྡོད་ཟེར་བཞིན། ཧུའུ་ཅིང་གིས་ཐལ་ལྕག་ཅིག་གཞུས་ཏེ། གོ་ཆོད་པ་ཞིག་ཡིན་ཚེ་འགྲིག་འདུག  རྗེས་ཕྱོགས་འདི་ག་འུ་གཉིས་ཀྱི་སྟོབས་ཤུགས་ཁྱབ་ཁོངས་རེད་ཅེས་སྨྲས།

མཚན་མོ་རྩྭ་རྩེར་ཟིལ་པ་ཆགས་པའི་དུས་སུ། ཧུའུ་ཅིང་ར་སྐོར་ནང་ཙོག་པར་བསྡད་དེ་དཔུང་པ་གཉིས་ལྗེན་པར་མངོན་ནས་ཀུབ་འབྲུ་ཟ་ཞོར་གླེན་དགོད་བྱས། ཀྲའོ་དབྱིས་ཁོ་ལ་ཁ་ཡ་བྱེད་རྒྱུར་སུན་སྣང་སྐྱེས་ཡོད། ཧུའུ་ཅིང་གིས་གློག་བརྙན་ཟློས་གར་ཁང་གི་མདུན་དུ་ཀུབ་འབྲུ་འཚོང་བའི་བུ་མོ་དེ་ཞེས་རང་དབང་མེད་པར་གླེང་འདོད་པ་ཞིག་བྱུང་།

ཨོ། ཅི་རེད།

ཤ་མདང་ངོ་མ་དཀར། ཧུའུ་ཅིང་གིས་དེ་ལྟར་སྨྲས།

ཀྲའོ་དབྱིས་ཀྱང་ཧ་གོ་སྟེ་ཧུའུ་ཅིང་ལ་མཛུབ་མོ་བཙུགས་ནས་ཁྲོ་ཉམས་ཤིག་གིས་དེ་ཐ་ཤལ་བའི་སྤྱོད་པ་རེད་ཟེར།

ཆུང་མར་ལེན་ཐུབ་ཚེ་དེ་མ་རབས་ཐབས་སྡུག་གི་སྤྱོད་པ་ཞིག་ག་ལ་ཡིན། ཧུའུ་ཅིང་དགོད་ཞོར་དུ་རང་ཉིད་ཀྱི་གཅེར་བུར་མངོན་པའི་དཔུང་པ་ཟུང་ལག་པས་སྡོམ་བཞིན་ཡིད་ཀྱི་བརྟན་པ་ཅིག་ཅར་འཕྲོག་པའི་མིག་ཟུང་ཤོར་ཚུལ་ཞིག་གིས། ངག་ནས་ཁྱོད་ཀྱི་སྐྱེས་གཟུགས་དང་གླུ་སྐད་ནི་དུས་ནམ་ཡང་ང་ཡི་སེམས་ཁོང་ན་ཡོད་ཅེས་བླངས།

ཀྲའོ་དབྱི་བཞད་གད་ཆི་ལེར་སོང་། མེ་ཏོག་མཚན་བཞད་མ་དང་མེ་ཏོག་དམར་རྩི་མའི་བསུང་ཞིམ་མངར་མོ་དེ་མཚན་རླུང་དང་བསྡེབས་ནས་ཡང་ཡང་འཐུལ་འོངས་པ་ན། ཀྲའོ་དབྱི་མེ་ཏོག་གི་དྲི་ངད་ཀྱིས་གཞི་ནས་བཟི་བར་གྱུར་ཏེ་རྡོ་གཡམ་ཐོག་རྐང་ལག་བཞི་བརྒྱངས་བྱས་ནས་ཉལ་སྟབས་སུ་འདུག་བཞིན། ནམ་མཁའི་ཟླ་འོད་ལ་བལྟས་ནས་ཁ་བགྲད་བགྲད་ཀྱིས་འཛུམ་ལངས།

མི་ཡུལ་གྱི་ཆེས་མཛེས་ཤིང་ལྟ་ན་སྡུག་པའི་མཚན་ལྗོངས་ཟེར་བ་ནི་འདི་ལྟ་བུའི་མཚན་རླུང་གི་དབྱིངས་སུ་ཞུགས་པ་དེ་ཡིན།

ངོ་མ་དེ་འདྲ་ཞིག་རེད། ཀྲའོ་དབྱི་མི་ཚེའི་སྟེང་དེ་འདྲའི་མཛེས་སྡུག་ལྡན་པའི་མཚན་ལྗོངས་ཤིག་ཡང་ཡང་བྱུང་མ་མྱོང་།

ལྔ།

ཧུའུ་རྒན་པོས་དེ་རིང་བསྐྱལ་འོངས་པ་ནི་ཆུ་མོག་ཡིན། ཤུན་པ་སྲབ་ཅིང་ཤ་མང་སྟེ་སྤྱིར་བཏང་གི་མིས་བཟོ་མི་ཐུབ་པའི་ལག་རྩལ་བཟང་པོ་ཞིག་ཡིན།

ལག་རྩལ་དེ་དོན་ངོ་མར་ཆུང་མ་ཞིའུ་ཧྭས་ཁོ་ལ་བསླབས་པ་ཡིན་ཏེ། ཁོ་མོ་ནི་ཀྲའོ་དབྱིས་ལོ་དེར་ཡིད་ལ་གསལ་པོར་མི་དྲན་པའི་གློག་བརྙན་ཟློས་གར་ཁང་གི་མདུན་དུ་ཀུབ་འབྲུ་འཚོང་མཁན་གྱི་སྐར་ཆེན་ལྟ་བུའི་མིག་ཟུང་ལྡན་པའི་བུ་མོ་སྟེ་ཧུའུ་ཅིང་གི་ཡིད་དབང་འཕྲོག་མཁན་དེ་ཡིན།

ཞིའུ་ཧྭ་ནི་དཀའ་སྤྱད་སྡུག་རུས་ཆེ་བའི་བསམ་པ་བཟང་པོ་ཅན་གྱི་བུ་མོ་ཞིག་ཡིན་ཞིང་། ལོ་བདུན་ཅུ་དོན་གསུམ་ཐོག་མཆིན་པའི་ངན་སྐྲན་གྱི་ནད་ཕོག་ཡོད་པ་ཤེས་རྗེས་ཀྱང་འཆི་བར་མི་སྐྲག་པར། ཤི་རྗེས་ཐ་ན་ཟ་མ་སྒོང་འབྲས་ཤིག་ཀྱང་བཟོ་མི་ཐུབ་པའི་ཧུའུ་རྒན་པོས་སྡུག་མྱོང་བར་སེམས་ཁུར་བྱས་ཡོད་དེ། ཉིན་གང་བོར་ལུས་ལ་ཟུག་གཟེར་ལངས་ཞོར་དུ་ཚལ་ཐོ་ཞིག་བཟུང་ནས་ཧུའུ་རྒན་པོར་ཟ་མ་བཟོ་ལུགས་དམར་ཁྲིད་བྱེད་ཅིང་། སྨན་པས་ནད་གསོ་བཅོས་བྱེད་དུ་འགྲོ་བར་བསྐུལ་ནའང་འགྲོ་འདོད་མ་བྱུང་།

ཆུང་མ་ཞིའུ་ཧྭ་འདས་པའི་ཕྱི་དྲོ་དེར། གློ་བུར་དུ་བསྟིམས་སྒོང་འབྲས་ཐུག་ཅིག་འཐུང་འདོད་བྱུང་བས།  ཧུའུ་རྒན་པོས་ཕར་ཀྲའོ་དབྱི་ལ་བལྟས་པ་ན། ཁོའི་གདོང་མདོག་ཤོར་ཞིང་འཆི་ཁའི་མར་མེ་ལྟར་འདུག་པ་ཧ་གོ་བྱུང་། འུ་ཐུག་སྟེ་བསྟིམས་སྒོང་འབྲས་ཐུག་ཅིག་བསྐོལ་ནས་ཆུང་མ་ཞིའུ་ཧྭའི་མདུན་ལ་ཁྱེར་དུས་ཁོ་མོ་འདས་ཟིན་ཡོད། ཧུའུ་རྒན་པོས་འབྲས་ཐུག་ཕོར་གང་བཟུང་ནས་རང་གི་ཁར་བླུགས་ཏེ་ཧུབ་ལོག་བརྒྱབ་ནས་འཐུངས་པས་མཇིང་པའི་སྡོད་རྩ་སྔོན་པོར་གྱུར་ཅིང་མིག་མཐའ་སྐྲངས།

ཀྲའོ་དབྱིའི་ཕྱིར་དྲན་ཁྲོད་འདི་ནི་ཧུའུ་རྒན་པོ་ངུས་ཐེངས་གཅིག་པུ་དེ་ཡིན།

དོན་ངོ་མར་ཧུའུ་རྒན་པོ་ཐེངས་གཉིས་ལ་ངུས་མྱོང་།

ཆུང་མ་ཞིའུ་ཧྭ་ཡིས་ཧུའུ་རྒན་པོར་བསླབས་པའི་ལག་རྩལ་དེ་རྒན་པོས་ཡུན་རིང་དུ་ཡིད་ལ་བཟུང་ཡོད་ཅིང་། ལག་པ་ཁོབ་ཏོ་ཆགས་ཏུ་འཇུག་མ་ཕོད་ལ་རང་ཉིད་གཅིག་པུས་འཐུང་བསམ་ན་ཡང་ངར་ཤུགས་ཆེར་མེད་པས། ཞིང་ཆེན་གྱི་ལྟེ་གནས་སུ་བུ་དང་ཚ་བོ་ཚ་མོ་རྣམས་ལ་ཟ་མ་ལས་བསམས། མཇུག་འབྲས་ལ་མནའ་མས་ཁོའི་སྔོ་ཚོད་གཡོས་སྦྱོར་བྱེད་སྟངས་ལ་གནའ་ཞད་ཆེ་ཚུལ་ལབ་བྱུང་།

ཧུའུ་རྒན་པོས་བདེན་རྫུན་གྱི་མཐིལ་རྟོགས་པའི་སྒོ་ནས་ན་རེ། ཁྱོད་རང་ཟ་མ་ལ་ཞེ་ལོག་ནས་འདོད་པར་མི་འགྲོ་བ་ག་ལ་ཡིན། ང་ལ་ཞེ་ལོག་པ་མིན་ནམ།  ཁྱོད་རང་ང་ལ་ཞེ་ལོག་ཀྱང་དེ་མི་སྐྱོན། གལ་སྲིད་ཁྱོད་ཀྱིས་ངའི་དངུལ་ལའང་ཞེ་ལོག་ནས་འདོད་པར་མི་འགྲོ་ཞེས་སྨྲ་ཕོད་ཚེ། ངས་ཁྱོད་རང་སློབ་དཔོན་དུ་བསྟེན་ངེས་ཡིན་ཞེས་སྨྲས།

མནའ་མས་དཔུང་པ་གསིག་གསིག་ཅིག་བྱེད་བཞིན་ཁྲེལ་མེད་སྒོས་གད་མོ་ཤོར་ཏེ། ང་རང་ཁྱོད་གཅིག་པུར་མ་གཏོགས་དངུལ་ལ་ཞེ་ལོག་པ་མིན་ཟེར་རམ།

བུས་སྐད་ཆ་དེ་ཐོས་རྗེས་བཞད་གད་ཐག་གེར་སོང་སྟེ་མིག་ཆུ་ཤོར་ཞིང་། ཁོག་རྩིས་ཅི་ཡང་མེད་པའི་སྒོ་ནས་ན་རེ། ཧུའུ་རྒན་པོ། ཁྱོད་ཀྱི་དངུལ་ཚང་མ་ངེད་ཚོར་མི་སྟེར་སུ་ལ་སྟེར་རམ་ཞེས་སྨྲས།

ཨ་ཕོ་ངས་དངུལ་ཚང་མ་མེར་སྲེག་རྒྱུ་ཡིན། གཤིན་ཤོག་ཡིན་ཚོད་དུ་བསྲེགས་པ་ཡིན་ཡང་ཆོག་ཟེར།

བུ་ཡང་བསྐྱར་རྟ་གད་པ་ལྟར་གད་མོ་ཤོར། ཧུའུ་རྒན་པོས་དེ་ལ་དགོད་རྒྱུ་ཅི་ཡོད་དམ་སྙམ། བུས་དགོད་ཞོར་མིག་ཆུ་ཕྱི་བཞིན་པར་བལྟས་ཀྱིན་བལྟས་ཀྱིན་དུ་ཧུའུ་རྒན་པོར་ཡང་མིག་ཆུ་ལྷུང་སོང་། ཡིན་ཡང་ཐེངས་འདིར་ཀྲའོ་དབྱིས་ཤེས་མ་སོང་།

ཧུའུ་རྒན་པོ་ཕྱི་ཉིན་ཕྱིར་རྫོང་མཁར་དུ་ལོག ནངས་མོ་ནམ་རྒྱུན་ཐའེ་ཅི་རྩལ་སྦྱངས་ཚར་རྗེས་སྔོ་ཚོད་ཚོང་རར་ཕྱིན་ནས་སྒོག་ལོག་དང་སྲན་ཐུད་སོགས་ཚོད་མ་ཁ་ཤས་ཉོས་འོངས་ཏེ། ཟ་མ་གཡོས་སྦྱོར་བྱས་རྗེས་ཤིད་ཆས་ཚོང་ཁང་དུ་ཁྱེར་ཡོང་ནས་ཀྲའོ་དབྱི་དང་མཉམ་དུ་ཟ་ཞིང་ཐོག་གིས་མི་ཞིག་པ་ལྟར་འདུག

ཧུའུ་རྒན་པོ་ན་ཚོད་བགྲེས་ཀྱང་སྔར་བཞིན་སྤྱང་གྲུང་ལྡན་པ་ཞིག་ཡིན་ཏེ། ཆུ་མོག་ཁམ་རེ་གཉིས་ལས་མ་ཟོས་པར་གནད་དོན་ཞིག་རྙེད་བྱུང་།

ཀྲའོ་དབྱི། དེ་རིང་ཆུ་མོག་དེ་ཙམ་ཞིམ་རྒྱུ་མི་འདུག་པ་ག་རེ་ཡིན་ནམ་ཞེས་སྨྲས།

དེར་སྐྱོན་ཅི་ཡོད།

སྐྱོན་མེད་ན་ག་ལ་འགྲིག་ཟེར།

ཡག་པོ་ཞིག་བཤད་རྒྱུ་ཅི་ཡོད། ཕྱེད་ཙམ་ས་འོག་ཏུ་ཤོར་འདུག

ཕྱེད་ཙམ་ས་འོག་ཏུ་ཤོར་འདུག་ཚེ། ད་ནི་ཡག་པོ་ཞིག་གླེང་རྒྱུ་མེད་དམ་ཞེས་སྨྲས། ཅི་ཞིག་གླེང་དགོས། ཧུའུ་རྒན་པོ་ཞེ་སྡང་ལངས་བྱུང་། གང་ལྟར་ཁོ་རང་ཀྲའོ་དབྱིའི་ཐོག་ལ་ཞེ་སྡང་ལངས་རྒྱུར་གོམས་བསྡད་ཡོད།

ཀྲའོ་དབྱི་བྱ་ཐབས་བྲལ་ཏེ་ཐུར་མ་བཞག་རྗེས། གལ་ཏེ་ཁྱོད་རང་མེད་ཚེ། ཝ་མོའི་གཞིས་ཁྱིམ་ཟེར་བ་ཞིག་ག་ལ་ཡོད། ང་རང་ཧྥེང་ཧྲུའུ་ཨེར་ལ་འཕྲད་མི་སྲིད་ཅིང་། ཕྱིས་ཀྱི་དོན་དག་འདི་དག་ཀྱང་འབྱུང་མི་སྲིད་ཅེས་སྨྲས།

ཧྲུའུ་ཨེར་ཟེར་རམ། འདས་ནས་ལོ་བཅུ་ཕྲག་ཅིག་འགོར་འདུག དེ་རིང་ཁོ་མོ་གློ་བུར་ཡིད་ལ་དྲན་དོན་ག་རེ་ཡིན་ནམ།

ཁོ་མོ་ཡིད་ལ་དྲན་པ་ཙམ་ག་ལ་ཡིན། ཀྲའོ་དབྱིས་ཤུགས་རིང་ཞིག་འབྱིན་བཞིན་མདུན་གྱི་ཆུ་མོག་ལ་ལྟ་ཞིང་། དཀར་ཡོལ་ནང་ཚ་རླངས་ལྷོག་ལྷོག་ཏུ་འཕྱུར་ནས་རིམ་གྱིས་མིག་མཐར་གཡོ་བར་བྱེད། དོན་དག་མང་པོ་ཞིག་གི་ངོས་ནས། ངས་མེང་ཧྲན་ཟེར་བའི་བུ་འདིའི་ནང་སེམས་ཀྱི་མཐིལ་གཞི་ནས་རྟོགས་སོང་།

དྲུག

ཀྲའོ་དབྱི་ཡིས་ཧྲུའུ་ཨེར་ཐོག་མར་མཐོང་དུས་ཁོ་མོ་ལོ་ན་ཉི་ཤུ་ལ་སོན་ཙམ་ཡིན། འབྲིང་རིམ་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་ཅིང་རྫོང་མཁར་དུ་ལོག་རྗེས་ཨུ་རུ་སུའི་སྐད་ཡིག་ཁྲིད་པ་ཡིན། འཐབ་ཕྱོགས་གསུམ་པ་འཛུགས་སྐྲུན་བྱེད་པའི་སྐབས་སུ་ཆེད་མཁས་པའི་དཔུང་སྡེའི་ཁྲོད་ལས་ཁྱིམ་བདག་ཞིག་ནི་ཨུ་རུ་སུའི་སྐད་ཡིག་དགེ་རྒན་ཡིན་པས། དེའི་རྗེས་སུ་འབྲངས་ནས་ཏུའུ་ན་རྫོང་དུ་ལས་གནས་སྤར་ཞིང་། སྐབས་དེ་ནས་བཟུང་ཏུའུ་ན་རྫོང་ལའང་ཨུ་རུ་སུའི་སྐད་ཡིག་འཛིན་གྲྭ་ཡོད་པར་གྱུར།

ཨུ་རུ་སུའི་སྐད་ཡིག་དགེ་རྒན་ཧྥེང་ཧྲུའུ་ཨེར་ནི་དབྱས་སྐྱེས་རྔ་སྒྲ་ལྡིར་ལྡིར་དུ་གྲགས་པའི་ས་སྲོད་ཅིག་ལ་བྱུང་བ་ཡིན།

མཚན་མོའི་སྨག་རུམ་ཤིན་ཏུ་འཐུག་པས་འཇིགས་པ་བསྐྱེད་འོངས་ལ་སྤྲིན་གྱི་བང་རིམ་ཡང་དམའ་སར་ལྷུང་སྟེ་རྫ་གཡམ་སྟེང་ལ་ཐུག་ཅིང་། རྒྱང་རིང་དུ་གསལ་ལ་མི་གསལ་བར་ལྷང་བཞིན་པའི་འབྲུག་སྒྲ་གཅིག་རྗེས་གཉིས་མཐུད་དུ་གྲགས་ཏེ་དྲག་ཆར་ཆེན་པོ་ཞིག་འབབ་ལ་ཉེ་བར་གདའ།

ཞིའུ་ཧྭ་ཡིས་རེམ་པར་བསིལ་སྐམ་བྱས་པའི་རས་གདན་སྡུད་ཞོར་དུ་མགོ་བོ་འཕྲེད་ཀྱིས་གཡུགས་ཏེ། འདི་གཞུང་གི་ཁང་པ་ཡིན། གཞན་ལ་མི་གླ་ཟེར།

ཧུའུ་ཅིང་དང་ཀྲའོ་དབྱི་གཉིས་ཀྱིས“བཟོ་ཚན”ནང་དུ་ཆུ་སྲོ་ཆས་ཤིག་ཚ་ལས་མཐུད་སྦྱོར་བྱེད་བཞིན་ཡོད་ཅིང་། སྐད་ཆ་དེ་ཐོས་རྗེས་ཧུའུ་ཅིང་གིས་བསྟོད་བསྔགས་རང་བཞིན་མཚོན་པའི་སྒོ་ནས་ཞིའུ་ཧྭ་ལ་མིག་འཁྱུག་ཙམ་བརྡབས། ཁོས་ཉིན་རྒྱུན་འདྲུད་འཁོར་བཟོ་གྲྭ་ནས་གཅུས་འཛེར་དང་ངར་ལྕགས་ལེབ་མོ་ཁ་ཤས་གཞན་གྱི་མི་མཐོང་སར་ལུག་ཞོར་ལུག་ཁྲིད་ཀྱི་དཔེ་བཞིན་ཁྱེར་ཡོང་གིན་ཡོད་པས། བུད་མེད་དེ་འདིར་སྡོད་དུ་བཅུག་པ་ནི་དངོས་ནས་བློ་འགེལ་དཀའ་བ་ཞིག་ཏུ་ཆགས་ཡོད། ཀྲའོ་དབྱི་ནི་གླེན་པ་ཞིག་ཡིན་པས་ཁོས་མི་མཐོང་ཡང་མི་གཞན་རྣམས་གླེན་པ་ག་ལ་ཡིན།

ཀྲའོ་དབྱི་ཡང་ཕར་འཁོར་ནས་འཁྱུག་ཙམ་བལྟས་ཤིང་། བལྟས་མ་ཐག་སེམས་ཀྱིས་མི་བཟོད་པ་ཞིག་བྱུང་། ལོ་ན་གཞོན་ཞིང་བབ་ཆགས་པའི་བུ་མོ་དེ་ནི་ཐག་འཁྱུད་མེ་ཏོག་གི་ཤིང་སྡོང་དེ་དང་འདྲ་བར་ཉམས་ཞན་གྱི་ངང་ནས་རླུང་ཤུགས་ཆེན་པོའི་ཁྲོད་ན་ཡོམ་ཡོམ་དུ་འགུལ།

ཡང་མིན་ན་ཁྱོད་རང་ངའི་སར་སྡོད་དང་། ངས་ཁྱོད་ལ་ཉལ་ཁང་གླས་པའི་རིན་པ་མི་ལེན། གང་ལྟར་འདི་གཞུང་གི་ཁང་པ་རེད་ཅེས་སྨྲས།

ཧུའུ་ཅིང་གིས་སྐད་ཆ་དེ་ཐོས་མ་ཐག་ཁ་སྐྱེངས་ནས་གདོང་ཚ་ལུམ་ལུམ་བྱུང་ཞིང་། ལག་གི་ཁྱིམ་ཆས་ཕར་དབྱུག་སྟེ་ན་རེ། གཞུང་གི་ཁང་པ་རེད་ཟེར་རྒྱུ་ཅི་ཡོད། དེས་ན་འུ་ཚོས་ཞིག་གསོ་བྱས་པ་དང་། ཁ་སྣོན་བྱས་པ། རང་གིས་ཉོས་པ་དེ་དག་སྒེར་ལ་མི་དབང་ངམ་ཟེར།

ཀྲའོ་དབྱིས་བཤད་ཕོད་ལ་མི་ཕོད་པའི་ངང་ནས་ན་རེ། གཞུང་གི་ཁང་པ་ཡིན་ཞེས་སྲུ་མོ་རང་ཉིད་ཀྱིས་དེ་ལྟར་ལབ་པ་མིན་ནམ་ཟེར།

སྲུ་མོ་དང་ཁྱོད་གཉིས་སོ་སོ་རེད། ཧུའུ་ཅིང་གིས་གཡོལ་ལོང་གབ་ལོང་མེད་པར་ར་སྐོར་འདིར་སྐད་ཆ་དེ་འདྲ་བཤད་རྒྱུའི་དབང་ཆ་ཁྱོད་ལ་ཡོད་དམ་ང་ལ་ཡོད་ཅེས་བསྡིགས་བྱུང་།

ཀྲའོ་དབྱིས་དཔུང་པ་གསིག་གསིག་ཅིག་བྱེད་བཞིན་སྐད་གདངས་དམའ་མོས་ན་རེ། དགེ་སྤུན་ལགས། ཁོ་མི་ནི་དགེ་རྒན་ཞིག་རེད། ཁོ་མོ་ཡོད་ན་སྲུ་མོས་བྱིས་པ་གསོས་རྗེས། རྗེས་ཕྱོགས་བྱིས་པར་ལས་བྱ་འཁྲིད་སྟོན་བྱེད་མཁན་ཡོད་འདུག་པ་མིན་ནམ་ཞེས་སྨྲས།

ཧུའུ་ཅིང་གིས་ཡུད་ཙམ་ལ་བསམ་བློ་ཞིག་བཏང་རྗེས། དེ་ཡང་བདེན་པ་རང་རེད་འདུག་ཟེར་བཞིན་སྨྲ་བ་མེད་པར་ཁས་བླངས། ཡིན་ན་ཡང་ཕྱིས་སུ་བློ་བདེ་བོ་མ་བྱུང་བར། དགོང་མོར་ཆར་པ་དྲག་ཏུ་འབབ་བཞིན་པར་གདོང་གཏད་ནས་རྐེད་པ་བསྒུར་ཏེ་ཀྲའོ་དབྱིའི་སར་བསླེབས་ཤིང་མགོའི་སྐྲ་ལོ་ཆུ་རུལ་ཉུལ་ཉུལ་དུ་གཡུག་བཞིན། གཉེན་སྒྲིག་བྱེད་འདོད་དམ་ཞེས་དྲིས།

ཀྲའོ་དབྱི་ཡུད་ཙམ་ལ་ཧོན་ཐོར་ནས་བསྡད་རྗེས། གཉེན་སྒྲིག་བྱེད་ལོས་འདོད་མོད། འོན་ཀྱང་ང་ལ་ད་དུང་དགའ་རོགས་མེད་ཟེར།

མིག་གི་ཐག་ཉེ་སར་ཡོད་པ་མིན་ནམ། ཧུའུ་ཅིང་གིས་མ་ཎི་འདྲེན་འདྲེན་དུ་བཤད་ནས་རྫོགས་རྒྱུ་མེད་པའི་ངང་ནས་ཀྲའོ་དབྱི་ལ་ཟླ་བ་གསུམ་གྱི་ནང་ཧྥེང་དགེ་རྒན་ཟེར་བ་དེ་ཚུར་འགུག་ཐབས་བྱེད་དགོས་པའི་བཀའ་ཕབ།

ཀྲའོ་དབྱིས་སྐད་ཆ་དེ་ཐོས་རྗེས་གཞི་ནས་ཧང་སང་བྱུང་། ཁྱོད་ཀྱི་སེམས་ལ་ཅི་ཞིག་དྲན་གྱི་ཡོད་དམ། ངས་ནི་དེ་ལྟར་སྒྲུབ་མི་ཕོད། ཁོ་མོ་ཁང་པ་གླ་རུ་ཡོང་ནས་ཆེར་འགྱངས་མེད་པ་མིན་ནམ། གང་ལྟར་མགྱོགས་དྲགས་འདུག་པས། ངས་ནི་རྗེས་ཆོད་དཀའ་ཞེས་སྨྲས།

ཁྱོད་ཀྱིས་ངའི་ཁ་ལ་ཉན་རྒྱུ་ཡིན་ནམ་མིན་ཟེར་བཞིན། ཧུའུ་ཅིང་གིས་ཀྲའོ་དབྱིའི་ལྭ་བ་ཤུགས་ཀྱིས་གཅུས།

ཉན། ཉན། ཀྲའོ་དབྱི་བྱ་ཐབས་བྲལ་ནས་ཁས་བླངས། ཁྱོད་འདི་ངོ་མ་སྨྱོས་བསྡད་ཡོད་དམ། མོ་གསར་ལྟ་ངས་མི་ངོམ་པ་ཞིག་དེ་འདྲའི་ལས་སླ་པོས་འགུག་ཐུབ་བམ་ཟེར།

ཧུའུ་ཅིང་སོང་རྗེས། ཀྲའོ་དབྱི་ཉལ་ཁྲིའི་ཐོག་ཕར་ཚུར་དུ་འགྲེ་ལོག་རྒྱག་བཞིན་གཉིད་མ་ཁུག་པར་བསྡད། འབྲུག་སྒྲ་ལྡིར་ལྡིར་དུ་གྲགས་ཏེ་ཁོའི་ལོ་ངོ་དུ་མར་ཁུ་སིམ་པོར་ལྷག་པའི་འཇིག་རྟེན་གཞི་ནས་དཀྲོགས་སོང་། ཁོས་དབྱར་གཞུང་གི་མཚན་མོ་ནི་དེ་འདྲའི་བརླན་ཚ་འགོག་ཐབས་མེད་པ་ཞིག་ཏུ་གཏན་ནས་བསམ་མ་མྱོང་སྟེ། རང་སེམས་ཀྱང་གྲོ་འདག་རྫ་གཞོང་གང་དང་འདྲ་བར་དཀྲུག་ཙམ་བྱས་པས་རུལ་མྱགས་སུ་གྱུར་ཡོད་པ་རྟོགས་སོང་།

འཇིག་རྟེན་འདི་ན་ཧུའུ་ཅིང་ཟེར་བའི་ཨ་ཕོ་ཞིག་ཡོད་པས། མངོན་འགྱུར་འབྱུང་མི་ཐུབ་པའི་དོན་དག་གང་ཡང་ཡོད་མི་སྲིད། ཟླ་གསུམ་གྱི་ཕྱིས་སུ། ཧུའུ་ཅིང་བཟའ་ཟླ་གཉིས་ཀྱིས་ཀྲའོ་དབྱི་དང་ཧྥེང་ཧྲུའུ་ཨེར་གྱི་གཉེན་ཆང་བཞེས་བྱུང་།

གཉེན་སྒྲིག་བྱས་པའི་ཉིན་མོ་དེར། ཀྲའོ་དབྱི་ཡིས་ཧྥེང་ཧྲུའུ་ཨེར་གྱིས་གླེང་བ་ཆེས་མང་བའི་ཨ་ཅེ་ཆུང་བ་ཀྲི་ཨེར་དང་ཁོ་མོས་པང་ཁར་འཛིན་པའི་མེང་ཧྲེང་ཟེར་བ་དེ་གཉིས་མཐོང་བྱུང་།

སྐྱེ་འབྲས་དྭངས་ཤིང་གཤིས་རྒྱུད་འཇམ་ལ་སྐྱེས་གཟུགས་ལྷོད་ཤུག་ཤུག་གི་ཧྲུའུ་ཨེར་དང་བསྡུར་ན། ཀྲི་ཨེར་ནི་ཤ་སྐམ་གཟུགས་ཐུང་ཞིག་ཡིན་ཏེ། སྐྱེས་གཟུགས་ད་དུང་དེ་ཙམ་སྐྱེས་ཚར་མེད་པ་འདྲ། སྐྲ་ལོ་སེར་ཞིང་སྐམ་ལ་བལྟས་ཚོད་ཀྱིས་ཉམ་ང་བར་འདུག་ཀྱང་། ཞིབ་ཏུ་བལྟས་ན་མིག་མདང་ལས་ཁྲོ་ངར་ཞིག་གསལ་འོང་ཞིང་། བྱི་ལ་ལྡོམ་པོ་ཞིག་དང་འདྲ་བར་མིག་འབྲས་ཕྲ་མོ་ཟུང་གིས་རིག་རིག་བྱེད།

ཁ་རྩུབ་ཅིང་ཁྲོ་ངར་སྐྱེ་སླ་བ་དང་གཤིས་རྒྱུད་གྱོང་པོ་ཡིན་པས། ཧྲུའུ་ཨེར་གྱིས་ཀྲི་ཨེར་གཉའ་རེངས་ཞེས་ཤུབ་ཤུབ་ཏུ་སྨྲས།

ཀྲི་ཨེར་ཁྱིམ་དུ་འཛུལ་བ་ནས་བཟུང་དུས་ཚོད་སྐར་མ་གང་ལའང་ཟས་ཟ་རྒྱུ་མཚམས་བཞག་མ་སོང་བར། སྔོ་ཚོད་དང་ཤ་ཟ་བ་མིན་ཚེ་ཆུ་ཁ་བ་བླུག་ནས་བཏུང་བར་བྱེད། མིང་སྲིང་གསུམ་ཡོད་ཀྱང་ཁོ་མོ་གཅིག་པུར་མ་གཏོགས་ལྟ་སྐྱོང་མི་བྱེད་དེ། ཕུ་བོ་དང་ངེད་གཉིས་ཀྱིས་སློབ་ཆུང་འགྲིམས་ཚར་རྗེས་ད་ནི་སློབ་གྲྭ་འགྲིམ་ཐུབ་མ་སོང་བར། ཡུལ་དུ་ཕག་རྩྭ་འབྲེག་པ་དང་། ཟོག་ལ་གཟན་རྩྭ་སྟེར་བ། མ་རྨོས་ལོ་ཏོག་འདེབས་པ། ཞོག་མངར་བརྐོ་བ་སོགས་ཀྱི་ལས་ཀ་ཅི་རིགས་བགྱིས། ཁོ་མོས་ནི་སློབ་ཆུང་འགྲིམས་ཚར་རྗེས་དམའ་འབྲིང་འགྲིམས་ཤིང་རིམ་གྱིས་དགེ་འོས་སློབ་གྲྭར་རྒྱུགས་སྤྲོད་པའི་གོ་སྐབས་བྱུང་བས། ཁྱིམ་མི་གང་བོས་སེན་མགོ་རྣག་དང་སེན་རྟིང་ཁྲག་བྱས་པའི་གསོག་དངུལ་ཚང་མ་ཁོ་མོ་སློབ་གྲྭ་འགྲོ་བར་བཏང་། ཝེ། མག་པ། ཁྱོད་ཀྱིས་ང་ལ་ཅིག་ལྟོས་དང་ཟེར་བཞིན། ཀྲི་ཨེར་གྱིས་ཟིང་ལོང་དགུ་ལོང་དུ་གྱུར་པའི་མགོའི་སྐྲ་ལོ་གཡུག་གཡུག་བྱས། ཁོ་མོའི་སྐམ་ཐག་ཆོད་པའི་སྐྲ་ལོ་ནི་འབྲས་སོག་སྤུངས་པ་དང་འདྲ་བར་མེ་མེད་ནའང་སྨན་རྟས་ཀྱང་འབར་སླ་པོ་ཡོད་པ་ལྟར་སྣང་། དེའི་རྒྱུ་མཚན་ནི་ཟས་བཅུད་ཚང་མ་ཀྲི་ཨེར་ལ་བྱིན་ཡོད་པས་ཡིན། དེ་ལྟར་སྨྲས་ཚར་རྗེས། མི་དགའ་བའི་རྣམ་འགྱུར་གྱིས་ཧྲུའུ་ཨེར་ལ་མིག་ལོག་གིས་བལྟས།

ཕར་བལྟས་ཚོད་ལ། ཧྥེང་ཚང་གི་ཁྱིམ་མི་གང་བོ་ཀྲི་ཨེར་ལ་ཆེར་དགའ་བོ་མེད་པ་འདྲ། དེ་བས་ཁོ་མོའི་སྐད་ཆར་ལན་འདེབས་མཁན་སུ་ཡང་མ་བྱུང་བར། ཚང་མས་མདུན་གྱི་ཤ་ཆང་ལ་རོལ་ཏེ་སྤྲོ་སེམས་འཁོལ་བ་དང་དགའ་སྤྲོའི་ངང་ནས་ཀྲི་ཨེར་ལ་སྣང་ཆུང་བྱས་པ་དེ་མཚོན་པར་བྱས།

ཀྲི་ཨེར་གྱི་མིག་མཐའ་རིམ་གྱིས་དམར་པོར་གྱུར་ཅིང་ཚིག་པ་གཏིང་ནས་ལངས་ཏེ་ཨམ་གཙིགས་ཁོག་བཅུག་སྒོས་ཧྲུའུ་ཨེར་ལ་ཁྲོ་ངར་ཆེན་པོས་མིག་ལོག་གིས་བལྟས།

ཧྲུའུ་ཨེར་གྱིས་བློ་མི་བདེ་བ་ཞིག་གིས་མིག་ལམ་མར་དཔྱངས་ཏེ་སྐྱོབ་རོགས་ཞུ་བའི་ངང་ནས་ཀྲའོ་དབྱིའི་ཕྱོགས་ལ་འཁོར་ནས་བསྡད་པ་ན། ཀྲའོ་དབྱི་བྱེད་སྟངས་ཕྲན་བུ་འདིས་སེམས་འགུལ་ཐེབས་སོང་། ཁོ་རང་ཕོ་ལོ་སུམ་ཅུར་སོན་ལ་ཉེ་ཡང་དེ་འདྲའི་ཚུར་བརྟེན་ཚུལ་ཞིག་ནམ་དུས་ཤིག་ལ་རོལ་མྱོང་བྱས་མྱོང་ངམ། ཁོས་མཛུབ་མོས་བརྡ་ཙམ་བསྟན་ཏེ་སྐྱོན་མི་འདུག་ཅེས་ཤུབ་ཤུབ་ཏུ་སྨྲས།

ཝེ། མག་གསར། ཁྱོད་ཀྱིས་ཉོན་ཅིག རྗེས་ཕྱོགས་ཧྲུའུ་ཨེར་གྱི་ཕོགས་དངུལ་སྐལ་བཞི་རུ་བགོ་དགོས། ངའི་ཕ་མ་གཉིས་དང་། ཕུ་བོ། ང་རང་བཅས་ཕུད་རྗེས། ལྷག་མ་དེ་ཁྱོད་གཉི་གའི་བྱས་ཆོག་ཟེར།

ཀྲའོ་དབྱི་ལ་དགོད་ཅིག་ཤོར་ཏེ། མགོ་བོ་ཡང་ཡང་ནང་འགུག་བྱེད་བཞིན། དེ་ལྟར་བྱས་ཆོག་ཟེར།

ཀྲི་ཨེར་གྱི་གམ་ན་ད་དུང་ཁོ་མོས་མག་པར་བླངས་ནས་ཅུང་འགོར་མེད་པའི་སྐྱེས་པ་དེ་དང་། ཀྲི་ཨེར་གྱིས་པང་དུ་བཟུང་ཡོད་པའི་བྱིས་པ་རློན་ནུ་སྟེ་སྐྱེས་པ་དེ་དང་ཁོའི་འདས་ཟིན་པའི་ཆུང་མ་སྔོན་མའི་བུ་མེང་ཧྲེང་གཉིས་བཅས་ཀྱང་ཡོད།

ཀྲི་ཨེར་གྱིས་སྐྱེས་པ་འདི་མག་པར་ལེན་དུས་ཅི་ཡིན་འདི་ཡིན་མེད་པ་ཞིག་བྱུང་ཡོད་དེ། ཧྲུའུ་ཨེར་དང་ཀྲའོ་དབྱི་གཉིས་ཀྱིས་དགའ་རོགས་བསྒྲིགས་ནས་ཕྱིར་གྲོང་གསེབ་ཏུ་ལོག་པའི་དུས་སུ། ཀྲི་ཨེར་གྱིས་ད་དུང་ཧྲུའུ་ཨེར་ལ་མིག་ལོག་བསྟན་ནས་ཟུར་ཟ་བྱས་ཏེ་མནའ་མ་འགྲོ་བར་བྲེལ་འདུག་པས་ངོ་ཚ་རྒྱུ་མེད་ཚུལ་བརྗོད་ཡོད། རིང་པོ་མ་ལོན་པར་ཀྲི་ཨེར་ཁོ་མོས་ཀྱང་འུར་འུར་ཟིང་ཟིང་བྱས་ཏེ་གཞན་གྱི་ཆུང་མ་བྱས་ནས་མ་གཡར་བྱེད་རྒྱུ་བྱས། སྐྱེས་པ་དེ་ནི་རྫོང་ཡུལ་ཐོན་སྤྱི་གཉེར་ཁང་ཞིག་གི་ཚོང་འགྲེམ་པ་ཡིན། གཤིས་ཀ་རྩུབ་ཅིང་སྤྲོ་ཐུང་ཐུང་ཅན་ཞིག་ཡིན་ལ་ཆང་རྐྱལ་གྲགས་ཆེ་བ་ཞིག་ཀྱང་ཡིན་པར་མ་ཟད། ཆུང་མ་འདས་སོང་བས་ལོ་ཕྱེད་ལོན་པའི་བྱིས་པ་ཞིག་ཀྱང་རྗེས་སུ་ཁྲིད་ཡོད། དེ་ལྟ་བུའི་གཉེན་སྒྲིག་གི་སྐྱ་ཡ་ནི་ཇི་ལྟར་ཁོག་རྩིས་བརྒྱབ་ནའང་ཕན་ཐོགས་མེད་པའི་དོན་དག་ཅིག་རེད་ཀྱང་། ཀྲི་ཨེར་གྱིས་གདེང་ཚོད་ཡོད་པའི་སྒོ་ནས་མག་པར་ལེན་རྒྱུ་ཡིན་ཚུལ་དང་། མིན་ཚེ་ལྕེབ་རྒྱུ་ཡིན་ཚུལ་སྨྲས་བྱུང་། སྡེ་པའི་ནང་གི་ཁྲོན་པའི་གམ་གྱི་ཤུག་སྡོང་དེའི་མགོ་ནས་ཀྱང་མི་གཞན་ལྕེབ་མ་མྱོང་བ་ག་ལ་ཡིན།

ད་དུང་བྱིས་པ་གཅིག་ཀྱང་གསོས་མ་མྱོང་བར་གཞན་གྱི་མ་གཡར་བྱེད་དགོས་བྱུང་། ཁོ་མོའི་བྱིས་པ་པང་དུ་འཛིན་སྟངས་ལ་བལྟས་ནའང་ཅུང་གླེན་ཞད་ཆེ་སྟེ། སེམས་ཆུང་མ་བྱས་པར་ཏོག་ཙམ་གྱིས་མ་གཏོགས་པང་གི་བྱིས་པ་མགོ་རྟིང་ལོག་ནས་འགྱེལ་བྱུང་།

ཚོང་འགྲེམ་པར་གློ་བུར་སྔངས་སྐྲག་ཅིག་ལངས་ཏེ། ཚེ་ཆད་རྒྱུ་མ་ཁྱོད། བྱིས་པ་པང་དུ་འཛིན་མི་ཤེས་སམ་ཞེས་དམོད།

ཁོ་མོ་ཡང་སྨྲ་མཁས་སྒོ་ནས་ལབ་པར་གོམས་ཡོད་དེ། ངས་ནི་བྱིས་པ་བཙས་མ་མྱོང་བས་ཇི་ལྟར་ཤེས། དེས་ན་ཁྱོད་རང་གིས་པང་དུ་གཉོར་ཞེས་ཁ་ལན་བསློགས།

ཚོང་འགྲེམ་པ་ཡུད་ཙམ་ལ་ཧད་དེ་བསྡད་རྗེས། ཁོ་མོར་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་གཞུས་ནས་སྣང་ཆུང་ཁྱུར་མིད་སྒོས་ཁ་ནས་མཆིལ་ཞག་འཕངས་ཏེ། ཨ་ཕོ་ངས་གྲོང་གསེབ་ཀྱི་བུ་མོ་ཁྱོད་ཆུང་མར་ལེན་དོན་ནི་བྱིས་པ་གཉོར་མཁན་ཞིག་མེད་པ་དེ་ཙམ་ཡིན། གཉོར་མི་ཤེས་ན་ངའི་ཁྱིམ་ནས་སྒོར་བུད་ཅེས་བསྡིགས།

དགའ་དགའ་སྐྱིད་སྐྱིད་ཀྱི་རྣམ་པ་དེ་འགྲམ་ལྕག་ཚ་ལུམ་ལུམ་འདིས་ཡོད་ཚད་སྨྲ་བ་ཅི་ཡང་མེད་པ་ཞིག་ཏུ་བཏང་སོང་།

ཀྲི་ཨེར་གྱིས་མནའ་མའི་མ་ཁྱིམ་གྱི་ཁྱིམ་མི་གང་བོའི་མདུན་ནས་གློ་བུར་ཐལ་ལྕག་ཅིག་ཉོས་བྱུང་བས་དེ་ཇི་ལྟར་བཟོད་ནུས་ཏེ། ཨག་སྐད་ཅིག་འབྱིན་ནས་དེ་མ་ཐག་ཁ་ཕྱིར་འཁོར་ཏེ་ར་སྐོར་གྱི་ཕྱི་རོལ་དུ་སར་བསྒྱེལ་ཞིང་། ཁ་ནས་ང་འཆི་རྒྱུ་ཡིན་ཞེས་གདུང་ཤུགས་དྲག་པོས་ངུ་འབོད་བྱས།

སྐབས་འཕྲལ་ཞིག་ལ། ཁོ་མོར་ཁ་ཏས་བློ་འགུག་མཁན་དང་། འདྲུད་མཁན་དང་། འགོག་མཁན་དང་། འཛིན་མཁན་མང་པོ་འུར་འུར་ཟིང་ཟིང་གིས་དཔུང་རུ་འཁྲུག་པ་ལྟར་བྱུང་།

ཚོང་འགྲེམ་པས་གཏན་ནས་ཁ་ཡ་མི་བྱེད་པར། མུ་མཐུད་དུ་ཟས་ཅོག་མདུན་ནས་ཤ་ཆང་གང་ཞིམ་རོལ་ཏེ། ཕོ་བ་གཞི་ནས་འགྲང་རྗེས་ད་གཟོད་སྒྲེགས་པ་འུར་འུར་དུ་བརྒྱབ་ནས་ཁ་བགྲད་བགྲད་བྱས་ཏེ་ཕྱི་རོལ་དུ་ཕྱིན།

ཧྥེང་ཧྲུའུ་ཨེར་མདུན་དུ་རྒྱུག་ནས་ཚོང་འགྲེམ་པ་བཀག་སྟེ། ཨ་རོ། གཅེན་མོའི་བཟའ་ཟླ། མི་ལ་གཅར་རྡུང་བྱས་ན་ཁྲིམས་འགལ་ཡིན་པ་མི་ཤེས་སམ། ཁྱོད་ཚོའི་བཟོ་ཚོགས་བཙལ་ནས་གནས་ལུགས་རེ་བརྗོད་མི་དགོས་སམ་ཞེས་སྨྲས།

ཧྲུའུ་ཨེར་གྱི་སྐད་གདངས་མཐོ་རྒྱུ་ཆེར་མེད་མོད། འོན་ཀྱང་སྐད་ཆ་ལ་གོ་རྒྱུ་ཆེན་པོ་ཡོད་པས། ཚོང་འགྲེམ་པས་ཀྱང་ད་སྔོན་ཏག་ཏག་གི་རྫིག་ཉམས་དེ་ཙམ་ཆེར་མི་སྟོན་པར་ཁྲོ་ངར་ཆེན་པོས་ད་དུང་འུར་ཟིང་སློང་བཞིན་པའི་ཆུང་མར་སྡང་མིག་བགྲད་ཀྱིན་བསྡད།

ཚོང་འགྲེམ་པ་སྟེ་ཁྱོ་ག་ཕྱིར་ཡུལ་ལ་ལོག་རྗེས་སྔོན་ལ་བསྒྲུབ་རྒྱུའི་དོན་དག་གཅིག་པུ་ནི་ཆུང་མར་གཅར་རྡུང་བྱེད་རྒྱུ་དེ་ཡིན་ཏེ། གལ་སྲིད་ད་དུང་ཁ་ལན་སློག་ཕོད་ན། ད་ནི་རང་ཁྱིམ་ལས་སྒོར་འཕུད་དགོས་བསམས་ཡོད།

ཁོ་མོར་མཚོན་ན་ཡུལ་གཞན་དུ་འགྲོ་ས་གང་ཡང་མེད་ཅིང་ཚིག་གཅིག་ཀྱང་ལབ་མི་ཕོད་པར་འདུག ཚོང་འགྲེམ་པས་ཐེངས་གཅིག་ལ་གཅར་རྡུང་བྱས་པས་ཡིད་མ་ཚིམ་པར། ཁོ་མོས་ཁ་ལན་སློག་ཚེ་ད་རུང་གཅར་རྡུང་བྱེད་སྲིད།

ཐེངས་དུ་མར་གཅར་རྡུང་བྱས་པས་ཆུང་མས་ཀྱང་ཁྱོ་གས་ཅི་བཤད་ཁ་ལ་ཉན་པར་འདུག་སྟེ། ཉིན་རྒྱུན་ཡུལ་དུ་ངག་ལྐུགས་པ་བཞིན་སྨྲ་བ་ཅི་ཡང་མེད་པར། ཁྱོ་ག་གཞུང་དོན་དུ་སོང་མ་ཐག་ཧྲུའུ་ཨེར་གྱི་གམ་དུ་འགྲོ་བ་ཁོ་ནར་སྒུག་ཡོད།

བཟའ་ཟླ་གཞན་ཞིག་ཡིན་ཚེ་དོན་མེད་རྩོད་གླེང་རེ་བྱུང་ནའང་། སྔ་དྲོ་བཟའ་འཁོན་བྱས་ཀྱང་ཕྱི་དྲོ་འགྲིག་མཐུན་ཡོང་ངེས། དེ་ཁྱོད་ལ་འབྲེལ་བ་ཡོད་དམ། ཁྲིམས་ལུགས་ཟེར། བཟོ་ཚོང་ཟེར། ཤེས་བྱ་ཡོད་ན་ཁྱོད་ཀྱིས་རང་ཉིད་དཔེ་ཟླ་མེད་པ་ཞིག་ཏུ་བསམས་ཡོད་དམ། ཁྱོད་ལ་ནུས་པ་ཡོད་ན་ཁོ་རང་བཙོན་ལ་ཆུགས་དང་། ཉིན་རྒྱུན་ང་ལ་གཅར་རྡུང་བྱེད་ཀྱིན་ཡོད་པ་མིན་ནམ། ཀྲི་ཨེར་གྱིས་དེ་ལྟར་སྨྲས།

ཧྲུའུ་ཨེར་གྱིས་སྙིང་རྗེ་སྟེ་ཕྱིར་ཇི་ལྟར་ལན་སློག་དགོས་པའང་མ་ཤེས་པར། ཡུད་ཙམ་ལ་སྨྲ་བ་མེད་པར་བསྡད། ཨ་ཅེ། ངས་རུས་ཐང་ཞིག་བསྐོལ་འོང་། ཁྱོད་ཀྱིས་རུས་ཐང་འཐུང་ལ་ལུས་ཟུངས་གསོས་དང་ཟེར།

ང་ལ་དེའི་ལས་གང་ན་ཡོད་དམ། ཀྲི་ཨེར་སླར་ངུས་ཏེ། ང་ད་དུང་ཕྱིར་ལོག་ནས་ནལ་བུ་དེ་ལ་བྱིས་པ་གཉོར་རོགས་བྱ་དགོས་ཟེར།

ཁ་ཕྱིར་འཁོར་ནས་སྒོར་འགྲོ་སྐབས་ལུས་པོ་གློ་བུར་དུ་འཁྱོར་ཏེ“དྲན་མེད་དུ་བརྒྱལ”བྱུང་། ཀྲའོ་དབྱི་བཟའ་ཟླ་གཉི་གས་ཁྱིམ་གྱི་འོ་གྲིའི་ཉིང་ཕྱེ་དང་། དམ་ཟས། ཀ་ར་ནག་པོ་སོགས་ཚང་མ་ཁྱེར་འོངས་ནས་ཐེངས་གཅིག་བླུད་པས་ཁོ་མོ་ད་གཟོད་དྲན་མེད་དུ་བརྒྱལ་བ་ལས“སད”པར་གྱུར། འགྲོ་བའི་དུས་སུ་ལག་གཡོན་པས་རྩིག་པ་སྐྱོར་ཞིང་གཡས་ལག་གིས་དམ་བེ་མང་པོ་བླུག་པའི་དྲ་གཟེབ་ཅིག་བཟུང་སྟེ་རྐང་པ་གཉིས་འཐེང་གིན་དུ་འུར་ཆེ་བའི་ཧུའུ་ཅིང་ཁྱོ་ཤུག་གཉིས་ལ་ན་རེ། ངའི་ཟུང་ཁྲག་ཉམས་འདུག ཡོད་ཚད་ཧྲུའུ་ཨེར་གྱིས་གནག་པ་ཡིན། ལོ་འགའི་སྔོན་ཡུལ་དུ་དངོས་རྫས་ཙག་ཙིག་ཡོད་པ་ཚང་མ་གཞན་ལ་བཙོངས་ནས་ཁོ་མོར་སློབ་ཡོན་དང་འཚོ་བའི་གྲོན་དངུལ་དུ་བྱིན་ཡོད། ངས་ནི་བྱ་སྒོང་ཞིག་ཟ་འདོད་ན་དེ་ཡང་ཟ་རུ་འཇུག་མི་སྲིད་ཅེས་སྨྲས།

ངས་ཁྱོད་ཀྱི་ངོ་མདང་ལ་བལྟས་ན། སྨན་པས་ནད་ངོས་བཟུང་བ་འཕྱུག་འདུག་པ་འདྲ། ཧུའུ་ཅིང་སྒོ་ལྡང་ལ་བསྙེས་ཏེ་ལག་པའི་སེན་མོ་འབྲ་ཞོར་དུ་ནན་ཏན་སྒོས་ཁོའི་ལྟ་ཚུལ་སྨྲས།

དེ་ཡིན་ནམ། ཀྲི་ཨེར་ཅུང་ཅི་བསམ་འདི་དྲན་མེད་པར་ཧད་དེ་ལུས།

ཧུའུ་ཅིང་བཞད་གད་ཐག་གེར་སོང་། ཨ་ཅེ་ཆུང་བ། ངས་བསམས་ན་ཁྱོད་ཀྱི་ནད་དེ་ཟུང་ཁྲག་ཉམས་པའི་ནད་དེ་མ་ཡིན་པར། ཁྲག་འཇིབ་འབུ་ཕྲའི་ནད་རེད་ཟེར།

ཁོ་མོས་ཀྱང་སྐད་ཆ་དེའི་ཤུགས་བསྟན་ཧ་གོ་སྟེ། འཕྲལ་མར་ཁ་ལོག་ངོ་ལོག་གི་རྣམ་འགྱུར་གྱིས་ནད་ངོ་མ་ནི་ཁྱོད་ལ་བྱུང་འདུག་ཅེས་བསྡིགས་ཏེ། ངོ་ཚ་རྒྱུ་མི་འདུག སྨིན་འཁྱོག་མིག་འཁྱོག་ཅིག ཁྱོད་ལ་འཆལ་པོའི་ཚུགས་ཀ་ངོ་མ་དེ་ཐོན་ཡོད་ཟེར།

ཧུའུ་ཅིང་གིས། ཧོ་ཧོ། ང་རང་ཡག་ཐག་ཆོད་སྒོས་རང་ཁྱིམ་གྱི་སྒོ་ཁར་ལངས་ཡོད། གཞན་ལ་བརྐུས་བྱས་མ་མྱོང་ལ་ཕྱི་རོལ་ནས་འཆལ་སྤྱོད་ལའང་རོལ་མ་མྱོང་། ཁྲེལ་མེད་པོ་ཇི་ལྟར་བཟོས་སོང་། ད་དུང་ཁྱོད་ཀྱིས་ང་རང་འཁྱམ་རྐྱལ་ལྡོམ་པོ་ཞིག་རེད་སྙམ་དོན་ཅི་ཡིན། ངས་ཁྱོད་ལ་ཆགས་རྩེད་བསླངས་མྱོང་བ་ཡིན་ནམ། ཡང་ན་ཁྱོད་ཀྱི་ཁེ་བཟང་རག་མྱོང་བ་ཡིན་ནམ་ཞེས་སྨྲས།

ཀྲི་ཨེར་གྱིས་ཧུའུ་ཅིང་ལ་རྒྱུ་མཚན་ཅི་ཡང་བཤད་རྒྱུ་མ་བྱུང་བར།  ཁྲོ་བ་སྐྱེས་ནས་གདོང་དམར་རྐྱང་ཆགས་ཏེ། ཁྱོད་ནི་འཁྱལ་རྐྱལ་འཆལ་པོ་ཞིག་ཅི་ལ་མིན་ཞེས་རྐང་པ་གཡོལ་ནས་ཚིག་རྩུབ་ངན་དམོད་བྱས།

ཅི་ཟེར་རམ། ད་དུང་ཁྱོད་ཀྱིས་དེ་ལྟར་ཟེར་ཕོད་ན། ངས་ཁྱོད་ཀྱི་ཁྱོ་གར་དྲན་སྐུལ་བྱེད་རྒྱུ་ཡིན། ཁྱོད་ཀྱི་རྣར་འགྲོའམ། ཁྱོད་རང་ཉིན་རེ་འགའི་ནང་ངེད་ཚང་གི་ར་སྐོར་ནང་རྒྱུག་འོངས་པ་འདི་དོན་ངོ་མར་ང་ལ་བསླུ་བྲིད་གཏོང་དུ་འོངས་པ་མིན་ནམ་ཞེས་འཇིགས་སྐུལ།

ཞིའུ་ཧྭས་ལོ་ངོ་དུ་མར་གློག་བརྙན་ཟློས་གར་ཁང་གི་སྒོ་ཁར་ཚོང་ལས་གཉེར་ཏེ་ཀུབ་འབྲུ་བཙོང་བ་ཡིན་པས། དོན་དག་མང་པོ་ཞིག་ནི་མཐོང་ལོབས་སུ་གྱུར་ཡོད། ཧུའུ་ཅིང་གི་སྐད་ཆ་དེ་ཐོས་མ་ཐག་བཞད་གད་ཐག་གེར་སོང་སྟེ་ཁ་ནས་ཀུབ་འབྲུའི་ཤུན་པ་འཕེན་ཞོར་རམ་འདེགས་ཀྱི་ཚུལ་དུ། དེས་ན་ང་སང་ཉིན་འགྲོ་ཞེས་སྨྲས།

ཀྲི་ཨེར་ནི་ཆུང་ལ་བརྙས་བཅོས་དང་ཆེ་ལ་སྐྲག་པའི་མི་དེའི་རིགས་ཡིན་པས། བཟའ་ཟླ་འདི་གཉི་གའི་དོ་ཡར་མི་ནུས་པ་ཤེས་རྗེས་འཕྲལ་མར་མགོ་བསྒུར་ནས་བྲོས་སོང་།

ཧུའུ་ཅིང་དང་ཞིའུ་ཧྭ་གཉིས་ཀྱིས་སྲུང་ཡོད་ནའང་། ཀྲི་ཨེར་བསླེབས་ནས“དྲན་མེད་དུ་བརྒྱལ”ཐེངས་རེར། ཀྲའོ་དབྱི་བཟའ་ཟླ་གཉི་གས་སྐབས་ཐོག་རིང་པོ་ཞིག་འཁྱོལ་ཐབས་ཙམ་བྱེད་དགོས། ཀྲི་ཨེར་གྱིས་ཅི་ཡང་འཁྱེར་ཏེ། སྔས་ཁེབས་དང་། ཨ་ཅོར། རས་འཛིན། བཏུང་ཕོར། ཐ་ན་རྐང་འབོབ་བཀྲུ་བྱེད་ཀྱི་ཕག་སྤུའི་སྤུ་ཤད་ཡིན་ཡང་མི་མཁོ་བ་མེད་པས། ཞིའུ་ཧྭས་ཁོ་མོར་གཙང་འཕྱག་ཆེན་མོ་ཞེས་པའི་མཚང་མིང་ཞིག་བཏགས་ཡོད།

ཧྲུའུ་ཨེར་གྱིས་ཨ་ཅེའི་ངང་ཚུལ་དེ་མཐོང་བས་ངོ་གནོངས་བྱུང་།

ཀྲའོ་དབྱི་ན་རེ། ད་དེ་ལ་སྣང་དོག་མ་བྱེད། ཁོ་མོ་ཁྱོད་ཀྱི་ཨ་ཅེ་ངོ་མ་ཡིན་པ་མིན་ནམ་ཞེས་ཁ་ཏ་བྱས།

ལོས་ཡིན། ངའི་ཨ་ཅེ་ངོ་མ་ཡིན་པས། ང་རང་དེ་འདྲའི་བློ་ཕམ་བྱུང་བ་ཡིན། ངོ་མ་སྤྱང་ཀི་ལས་ཀྱང་ཧམ་པ་ཆེ་བར་འདུག་ཟེར།

ད་འཁོན་འཛིང་མ་བྱེད། གཉེན་ཉེ་ཞིག་ཡོད་ཚེ། མ་མཐའ་ཡང་མེད་པ་ལས་བཟང་བ་མིན་ནམ་ཞེས་སེམས་གསོ་བྱས།

ཝེ། ཧུའུ་ཅིང་། ཁྱོད་འདི་དེ་འདྲའི་སེམས་རྒྱུད་བཟང་བ་ཞིག་ཡིན་དོན་ག་རེ་ཡིན། ཧྲུའུ་ཨེར་གྱིས་ཉན་ཏེ་མཚམས་འདིར་སླེབས་རྗེས། ཀྲའོ་དབྱི་ལ་སྙིང་རྗེ་སྐྱེ་སྟེ་མིག་ཆུ་རྡོག་གཅིག་ཕྱིས་ནས་བཙན་གྱིས་བགད་དེ། འདི་འདྲའི་ཨ་ཅེ་ཞིག་ལ་འཕྲད་སོང་བས། ཁྱོད་ཀྱིས་ངེད་གཉིས་མཉམ་དུ་སྒོར་ཕུད་ན་མི་འགྲིག་གམ་ཟེར།

ཀྲའོ་དབྱི་ལ་འཛུམ་དགོད་ཅིག་ལངས་ཏེ། ང་མི་ཚེ་འདིར་ཁྱོད་རང་ལྟ་བུའི་བརྙས་བཅོས་མི་བྱེད་པ་ཁོ་ན་ཞིག་ལ་འཕྲད་ཡོད། ངས་ཉི་མ་བཟང་པོ་མི་འཁྱོལ་བར་ཁྱོད་རང་ཕྱིར་སྐྲོད་བཏང་བས་ཅི་བྱེད། ང་གླེན་པ་ཡིན་ནམ་ཞེས་སྨྲས།

ལོ་འདིར་མེ་ཏོག་ཉིན་གཅིག་མ་སྔ་མོ་ནས་བཞད་ཡོད། ཀྲའོ་དབྱིས་འབྲུ་རིགས་དོ་དམ་ཁང་ནས་གྲལ་བསྒྲིགས་ཏེ་འབྲས་ཁུག་ཅིག་ཉོས་ནས་ཕྱིར་བསླེབས་དུས། ཏག་ཏག་ཧྲུའུ་ཨེར་དང་ཞིའུ་ཧྭ་གཉིས་ཤིང་སྡོང་འོག་ཏུ་ཉི་མར་ལྡེས་ཡོད་པ་མཐོང་།

ཞིའུ་ཧྭས་འགྱིག་རས་ཤིག་གིས་ཤེལ་ཕོར་གྱི་ཞབས་དཀྲི་བཞིན་ཡོད། གློག་བརྙན་ཟློས་གར་ཁང་གི་སྒོ་ཁར་ཀུབ་འབྲུ་འཚོང་མཁན་གྱི་ཁྲོམ་ཚོང་བ་ཚང་མས་དེ་ལྟར་སྒྲུབ་སྲིད་དེ། ཀུབ་འབྲུ་བརྔོས་མ་ཤེལ་ཕོར་གང་ལ་ཞོ་ལྔ་ཡིན་ཞིང་། ཤེལ་ཕོར་གྱི་སྨད་ཕྱེད་ཚང་མ་འགྱིག་རས་ཀྱིས་དཀྲིས་ཡོད་པས་ཕྱི་ནང་མི་མཐོང་། དེའི་རྒྱུ་མཚན་ནི་ཤེལ་ཕོར་ནང་གི་ཕོར་གཏིང་ཉུང་ཕྱེད་ཉུང་ཙམ་ཁ་བཀང་བར་བྱས་ཡོད།

ཡ་ཡ་ཟེར་བཞིན། ཀྲའོ་དབྱིས་ཕར་ལྟ་ཙམ་བྱས་ཏེ་ཁུང་དགོད་ཅིག་ཤོར།

ཧྲུའུ་ཨེར་གྱིས་ཧུའུ་ཅིང་དང་ཞིའུ་ཧྭ་བཟའ་ཟླ་གཉི་གའི་ལོ་གཉིས་དང་ཕྱེད་ཙམ་ལོན་པའི་བུ་ཆུང་གིས་སྒོ་འགྲམ་དུ་ཨུ་རུ་སུའི་སྐད་ཡིག་ཀློག་འདོན་བྱེད་བཞིན་པར་གད་མོ་བསླངས།

ཞིའུ་ཧྭས་བཏུང་ཕོར་སར་བཞག་སྟེ་མཚར་སྣང་གིས་དྲིས་རྒྱུར། དོན་ངོ་མར་ཁྱོད་ཀྱིས་ཅི་ཞིག་འཁྲིད་ཀྱིན་ཡོད་དམ། ཕ་མིན་ན་མ་དང་། མ་མིན་ན་ཕ་ཡིན་པ་འདི་ཅི་རེད་ཟེར།( “吃营养、这是你大娘、死爸舍爸”ཨུ་རུ་སུའི་སྐད་ལས་ཐ་སྙད་དེ་དག་གི་སྒྲ་འབྱིན་སྟངས་རྒྱ་ཡིག་གི་ཡིག་འབྲུ་དེ་དག་ལ་ཉེ་བར་མཚུངས་པར་གོ བོད་འགྱུར་གྱི་མཆན།)

ཧྲུའུ་ཨེར་ཡུད་ཙམ་ལ་ཧད་དེ་བསྡད་རྗེས། ལྐོག་ཏུ་ཁྲེལ་དགོད་བྱས་ཏེ་ཕོ་བར་འཕུར་འཕུར་བྱེད་དགོས་པ་ཞིག་བྱུང་། སྨིན་མ་བསྡུས་ཏེ་ན་རེ། ཝེ། ཕུ་བོའི་བཟའ་ཟླ། ཁྱོད་ཀྱིས་ང་ལ་དགོད་བསླངས་ནས་ངའི་ཕོ་བ་ཡང་ན་བྱུང་། ཨུ་རུ་སུའི་སྐད་དུ་ཚིག་སྔ་མ་དེ་ཕག་ཅེས་པའི་དོན་དང་། ཚིག་བར་མ་ནི་སླར་མཇལ་ཞེས་པའི་དོན་དང་། ཚིག་ཕྱི་མ་ནི་ཐུགས་རྗེ་ཆེ་ཞེས་པའི་དོན་རེད་ཅེས་སྨྲས།

ཞིའུ་ཧྭས། འོ་རེད་ཟེར་བཞིན། མནོ་བསམ་ཞིག་བཏང་སྟེ་ཟས་བཅུད་ཟ་དགོས་ཟེར། ངོ་མ་བདེན་གི། ཕག་ཤ་ཟོས་ན་ཟས་བཅུད་ལོས་ཡོད་ཟེར།

ཉན་ནས་མཚམས་འདིར་སླེབས་རྗེས། ཧྲུའུ་ཨེར་བགད་ནས་དབུགས་ཀྱང་ལེན་དཀའ་བ་བྱུང་། ཞིའུ་ཧྭ་ཐོག་མར་ག་བྱེད་འདི་བྱེད་མེད་པར་ཁ་སྐྱེངས་ཤིང་། དེ་ནས་ཁོ་མོ་ཡང་ཧྲུའུ་ཨེར་གྱི་རྗེས་འབྲངས་ནས་བགད་བྱུང་།

ཞིའུ་ཧྭ་དགོད་པ་ནི་ཧྲུའུ་ཨེར་དང་མི་འདྲ་བར། བློ་གཤོགས་ཆེ་བའི་ཞིའུ་ཧྭ་ནི་གནམ་ས་གཡོ་བ་ལྟར་དགོད་ཅིང་ཡིད་དབང་འགུག་ཤུགས་ངང་གིས་འཛོམས་པས། རྩིབ་ལོགས་ཀྱི་ཀྲའོ་དབྱི་དང་སྒོ་ཁར་ཡོད་པ་དག་ཀྱང་ཞོར་དུ་གད་མོ་ཤོར་སོང་།

སྐབས་འདིར། ཉི་འོད་ལམ་ལམ་དུ་འཕྲོས་ཏེ་མེ་ཏོག་ཉིན་གཅིག་མའི་སྡོང་མགོར་འདབ་མ་ཡོངས་སུ་བཞད་ཡོད་ཅིང་ལོ་ཟླ་ཡང་དྭངས་ཤིང་གསལ་བ་ཞིག་ཏུ་མངོན།

ཕྱིར་ཤག་མིག་ཏུ་ལོག་རྗེས། ཧྲུའུ་ཨེར་གྱིས་ཀྲའོ་དབྱིས་འབྲུ་རིགས་དོ་དམ་ཁང་ནས་ཉོས་འོངས་པའི་བག་ཕྱེ་སྒྱེ་ཕྱེད་ཙམ་ཡོད་པ་དེ་ལ་ཅེར་ནས་ཧོན་ཐོར་བཞིན་བསྡད།

རྒྱལ་ཁབ་ཀྱིས་འཆར་གཞི་བཀོད་པའི་འབྲུ་རིགས་མཁོ་སྤྲོད་བྱས་ཚད་ཀྱིས་མི་འདང་བས། ཟླ་རེའི་འབྲས་ཁུག་གི་ལོགས་སུ་བག་ཕྱེ་སྒྱེ་གང་རེའང་སྦྱར་ཡོད།

ཁྱོད་ཀྱིས་ཅི་ཞིག་ལ་ལྟ་བཞིན་ཡོད་དམ།

ཧྲུའུ་ཨེར་གྱིས་ཕོ་བ་འཕུར་འཕུར་བྱེད་བཞིན་སྨིན་མ་བསྡུས་ཏེ་ན་རེ། ངས་མེ་ཏོག་ཇི་འདྲ་ཞིག་ཏུ་འགྱུར་བར་འདང་རྒྱག་གི་ཡོད་ཟེར།

ཚུགས་ཀ་ཅི་ཡིན་རུང་ཟ་དགོས་པ་མིན་ནམ། ཀྲའོ་དབྱིས་སྒྲ་སྡུད་འཕྲུལ་ཆས་ཞིག་གསོ་བྱེད་ཞོར་ཁོ་མོ་བོས་ཏེ། འཛིན་སྐམ་དེ་ང་ལ་བྱིན་དང་ཟེར། དེའི་འཕྲོར་མཐུད་ནས་སླར་ཕོ་བར་འཕུར་འཕུར་བྱས་ནས་ཅི་བྱེད་ཅེས་སྨྲས།

ཅུང་ན་ཡི་འདུག ཧྲུའུ་ཨེར་གྱིས་དེ་ལྟར་སྨྲས། ད་ཅི་དགོད་དྲགས་ཏེ་དབུགས་ལེན་དཀའ་བ་བྱུང་བས་ཡིན་སྙམ། དེ་ལྟར་བཤད་ཚར་རྗེས་ཁ་ཕྱིར་འཁོར་ནས་ར་སྐོར་ནང་གི་སྡོང་མགོར་ལྷུག་པར་བཞད་པའི་མེ་ཏོག་ཉིན་གཅིག་མ་ལ་བལྟས་ཏེ། མེ་ཏོག་ཉིན་གཅིག་མའི་བག་ཐུག་ཅིག་བསྐོལ་ན་ཅི་འདྲ་འདུག་གམ་སྙམ།

ཀྲའོ་དབྱི་མིག་ལ་གསལ་མདངས་ཤིག་ཐོན་ཏེ། དེ་བཟང་གི་ཟེར།

དེ་ནས་ཧྲུའུ་ཨེར་སྒོར་སོང་ནས་མེ་ཏོག་བཏུས།

ཀྲའོ་དབྱིས་སྒྲ་སྡུད་འཕྲུལ་ཆས་ཞིག་གསོ་བྱས་ཚར་རྗེས་ཧྲུའུ་ཨེར་ཕྱིར་ཁྱིམ་དུ་ལོག་པ་ད་དུང་མཐོང་མ་སོང་། སྒོར་བུད་ནས་ལྟ་དུས་ཧྲུའུ་ཨེར་གྱི་ངོ་མདང་ཧྲིལ་པོ་སྐྱ་ཐག་གེར་ཤིང་སྡོམ་འོག་ཏུ་ལངས་འདུག་ཅིང་། ཕར་བལྟས་ཚོད་ལ་དུག་ཅིག་ཕོག་བྱུང་བ་འདྲ་བར་སྐེད་པར་ཅུང་གཟུར་ཅིང་རྐང་པའང་ཅུང་ཟད་འཁྱོར་འདུག་སྟེ། ལག་པ་གཅིག་གིས་སྡོང་པོ་སྐྱོར་བཞིན་འགུལ་ཐུབ་མི་ཐུབ་ཙམ་བྱེད་ཅིང་། སྨྱུག་གཟེར་གློ་བུར་སར་ལྷུང་བས་ཐག་འཁྱུད་མེ་ཏོག་གཟེར་བུ་ལས་བྱོ་སྟེ་གང་སར་ཁྱབ་བྱུང་།

ཁོ་མོའི་ལུས་ཀྱི་རྐང་སྣམ་སྔོ་དམར་ཞིག་གྱོན་ཡོད་པ་དེ་ནུབ་ཁའི་ཉི་འོད་འོག་རློན་ནག་གི་འོད་ཆེམ་ཆེམ་དུ་མངོན།

ཡིན་པ་ནི་ཁྲག་རེད་འདུག

ཀྲའོ་དབྱི་གཞི་ནས་སྐྲག་ཐག་ཆོད་དེ། ཕར་རྒྱུག་ནས་ཧྲུའུ་ཨེར་པང་དུ་བཀྱགས།

ཅི་ཞིག་བྱས་སོང་། ཀྲའོ་དབྱི་སེམས་འཚུབ་བྱུང་སྟེ་ག་བྱེད་འདི་བྱེད་མེད་པར་གྱུར།

ཕལ་ཆེར། … …དེ་ཐོན་སོང་བ་འདྲ། ཧྲུའུ་ཨར་གྱིས་ཨམ་གཙིགས་སྡོམ་བཞིན་ཁ་སྐྱེངས་ནས་ངོ་མདང་དམར་རྐྱང་དུ་ཆགས་ཡོད་ཅིང་། ན་རེ། སྐད་གདངས་དམའ་མོས་ང་ཉལ་ཁྲིའི་སྟེང་ལ་ཞོག་ཅིག་ཟེར། ཁྱོད་རང་གནས་སྐབས་སྒོར་སོང་དང་། ངས་ལེགས་སྒྲིག་ཅིག་བྱེད་དགོས་ཡོད། ཁྱོད་ཀྱིས་ཀྱང་རེམ་པར་གཙང་དག་བྱོས། ཤིང་སྡོང་གི་འགབ་ནའང་ཕལ་ཆེར་ཡོད་སྲིད། གད་གཙང་མར་རྒྱག་རོགས་ཞེས་སྨྲས།

ཧྲུའུ་ཨེར་གྱིས་དེ་ལྟར་སྨྲས་ཚར་རྗེས། ཀྲའོ་དབྱིའི་སེམས་ཀྱང་བདེ་ལ་བབས་བྱུང་། མགོ་བོ་ནང་འགུག་ཅིག་བྱས་ཏེ་བློས་འགེལ་མི་ཐུབ་པའི་སྒོ་ནས་ཧྲུའུ་ཨེར་གྱི་ལག་པར་རྡེག་ཙམ་བྱས་ཏེ། འུ་གཉིས་སྨན་ཁང་དུ་འགྲོ། ཕྱགས་ཚར་རྗེས་ངས་ཁྱོད་རྒྱབ་ཏུ་འཁུར་ཟེར།

ཧྲུའུ་ཨེར་གྱིས་སྨིན་མ་དམ་པོར་བསྡུ་བཞིན་དེ་ལྟར་བྱེད་དགོས་ཚུལ་གྱི་མགོ་བོ་ནང་འགུག་བྱས།

ཀྲའོ་དབྱི་བྲེལ་བ་འཚུབ་འཚུབ་སྒོས་ཐབ་ཚང་ནང་དུ་ཕྱིན་ཏེ། མེ་ཐབ་ནང་གི་རྡོ་སོལ་གྱི་ཐལ་བ་ཉུང་ཙམ་བྲད་ནས་ཕྱགས་མ་བཟུང་སྟེ་ཤིང་སྡོང་འོག་ཏུ་བསླེབས། མགོ་བསྒུར་ནས་སར་ལྟ་དུས། སྔགས་སྐྲག་ཅིག་གིས་ལག་གི་ཁྱེམ་ཡང་སར་ལྷུང་སོང་།

ཞིའུ་ཧྭས་དིང་སྒྲ་ཞིག་གྲགས་པ་ཐོས། ཐང་ཚང་ནང་ནས་མགོ་བོ་ཕྱིར་བུད་དེ། ཡོ་ཆས་ཤིག་ཆག་སོང་བ་ཡིན་ནམ་ཞེས་སྨྲས།

འོ། ཕུ་བོའི་བཟའ་ཟླ། ཀྲའོ་དབྱིས་མཆིལ་མ་མིད་བཞིན་ངོ་མདང་གཞི་ནས་ཤོར་འདུག

ཞིའུ་ཧྭ་འཁྱར་འཁྱོར་ངང་ནས་ཚུར་འོངས་ཏེ། ཀྲའོ་དབྱི་ཅེར་ཡོད་པའི་ཕྱོགས་དེར་བལྟས་རྗེས། ཁ་ནས་ཨག་སྐད་ཅིག་ཤོར་སོང་།

ས་ན་གང་སར་ཁྲག་ཤུལ་མངོན་པས། ནུབ་ཁའི་ཉི་འོད་འོག་ལྟ་བས་མི་བཟོད་པའི་ཡ་ང་བའི་སྣང་ཚུལ་གྱིས་སྐྱི་གཡའ་བར་བྱེད།

ཨ། གནམ་རྒན་མ། ཞིའུ་ཧྭ་ལ་ཚུར་སྣང་མགྱོགས་པོར་བྱུང་སོང་། མྱུར་བར་ཀྲའོ་དབྱིའི་ཤག་མིག་ནང་བསླེབས་ཏེ། ཧྲུའུ་ཨེར་ཞེས་སྐད་ཆེན་པོས་བོས།

ཧྥེང་ཧྲུའུ་ཨེར་ཉལ་ཁྲིའི་ཐོག་ལོག་བསྡད་ཡོད། གདོང་མདོག་སྐྱ་ཐག་གེར་མིག་གཉིས་ཆེར་བགྲད་ཡོད་ཅིང་། མཛུབ་མོ་འགུལ་ཙམ་བྱས་ཏེ་ལུས་ཀྱི་སྐེད་པ་བསྟན་པ་ན། ཞིའུ་ཧྭ་ཕར་སོར་ནས་ཐོག་གི་ཉལ་ཐུལ་ཕར་དབྱུགས།

ཧྲུའུ་ཨེར་གྱི་ལུས་སྨད་ཧྲིལ་པོ་ཁྲག་གིས་སིམ་ཡོད།

ཀྲའོ་དབྱིས་ད་ལྟ་ད་དུང་ཡང་གནམ་ས་ཁ་སྦྱར་བ་ལྟ་བུའི་ཉིན་དེ་དག་ཇི་ལྟར་བསྐྱལ་ནས་འོངས་པ་དྲན་སོས་རྒྱུ་མ་བྱུང་། ཧྥེང་ཚང་གི་ཁྱིམ་མི་རྣམས་སྐོར་དང་སྐོར་བྱས་ནས་བསླེབས་ཏེ་ཁོ་རང་སར་མནན་ནས་ཐེངས་གཅིག་མིན་གཉིས་མིན་དུ་གཅར་རྡུང་བྱས། ཀྲའོ་དབྱི་ཁོ་རང་སར་ཉལ་སྟབས་སུ་ལོག་ནས་འདུག་ཅིང་མིག་ལམ་ཧྲིལ་པོར་ཁ་བའི་འདབ་མ་ལྟར་རྣམ་པར་བཞད་པའི་མེ་ཏོག་ཉིན་གཅིག་མ་དང་། ད་དུང་མེ་ཏོག་འཐུ་བཞིན་པའི་ཧྲུའུ་ཨེར་འཁོར་འོངས། དེ་ལྟར་ཡང་ནས་ཡང་དུ་གཅར་རྡུང་བྱས་པའི་མཐར་ནི་ཀྲའོ་དབྱིས་ཐ་ན་ཧྲུའུ་ཨེར་ཇི་ལྟར་དུས་འཇུག་བྱས་པའང་མི་ཤེས་ལ། ཁོས་ཧྲུའུ་ཨེར་གྱི་དུར་ས་གང་དུ་ཡོད་པའང་མི་ཤེས། ཀྲའོ་དབྱི་གྲོང་གསེབ་ཏུ་ཕྱིན་ནས་ཧྲུའུ་ཨེར་གྱི་ཕ་ཡུལ་དུ་ཁོ་མོའི་དུར་ས་འཚོལ་བའི་སྐབས་སུ། ཨ་ཇོས་ཁོའི་འདོམས་ལ་རྡོག་རྒྱག་ཅིག་གཞུས་ཏེ། ཁྱི་སྐྱག་ཁྱོད་ཕར་སོང་། ཁྱོད་མི་གསོད་ཀྱི་ཉེས་ཅན་ཡིན་ཞེས་བསྡིགས།

རྡོག་རྒྱག་དེ་གཞུས་པ་ཤིན་ཏུ་གདུག་རྩུབ་ཆེ་བར་གདའ། ཁོ་རང་ཏོག་ཙམ་གྱིས་མ་གཏོགས་དྲན་མེད་དུ་བརྒྱལ་ནས་ཤི་ལ་ཐུག་ཅིང་། མིག་ལམ་རབ་རིབ་ཏུ་གྱུར་པའི་སྐབས་སུ་ཁོ་ལ་འགྲོ་རོགས་བྱས་ཏེ་འོངས་པའི་ཧུའུ་ཅིང་གི་མིག་རྩ་ཁྲག་དམར་བཞིན་དུ་འཁྱུག་ནས་ཚུར་ངར་གྱིས་མཆོངས་ཐོན་པ་དང་། ལག་ཏུ་ཁོས་ནམ་རྒྱུན་འབྲལ་མེད་དུ་བཟུང་ཡོད་པའི་གཅུ་སྐམ་དེ་ཡང་བཀྱགས་ནས་ཡོང་བཞིན་པ་མཐོང་བྱུང་།

སྨན་ཁང་ནས་སྒོར་འབུད་པའི་སྐབས་སུ། ཀྲའོ་དབྱིའི་སེམས་ལ་རྐང་སྣམ་གྱི་འདོམས་སྟོང་སང་ངེར་འདུག་པའི་སྣང་བ་ཞིག་བྱུང་ཞིང་། འདོམས་ཀྱི་རླིག་རིལ་གཉིས་ཡོད་བཞིན་དུ་ད་ནི་གཞི་ནས་མེད་པར་བཏང་འདུག་སྙམ་སོང་།

ར་སྐོར་ཆུང་བ་དེ་ཡང་སྟོང་སང་སང་དུ་གྱུར་འདུག སྒྲ་སྡུད་འཕྲུལ་ཆས་དང་འགྲོགས་ནས་མཐའ་མེད་པར་གྲགས་པའི་ཧུའུ་ཅིང་གི་གླུ་སྐད་དེ་ཐོས་རྒྱུ་མ་བྱུང་ལ། ཞིའུ་ཧྭས་ཁེག་ཁེག་ཏུ་ཀུབ་འབྲུ་ཟ་བའི་སྒྲ་ཡང་ཐོས་རྒྱུ་མེད། ཧྥེང་ཧྲུའུ་ཨར་དགེ་རྒན་གྱིས་ལྕེ་རྩེ་བསྒྲིལ་ནས་ཨུ་རུ་སུའི་སྐད་ཡིག་ཀློག་འདོན་བྱེད་པའི་ཡིད་དུ་འོང་བའི་སྐད་ངག་སྙན་མོ་ནི་དེ་བས་ཀྱང་སྨོས་ཅི་དགོས། གཤོག་ཡ་ཆད་པའི་འབུ་བླ་མ་མ་ཎི་ཞིག་སྒོ་དྲུང་དུ་རྐུབ་སྟེགས་ནར་མོ་ཆུང་ངུ་ཞིག་གི་ཐོག་གོག་བཞིན་ཡོད།

ཀྲའོ་དབྱི་ཁུ་སིམ་པོའི་ངང་ནས་ཤིང་སྡོང་འོག་ཏུ་བཙོག་ཏེ་ནམ་མཁའ་ལ་ཅེར།

སྔ་དྲོ་ཆར་པ་བབས་མོད། སྐབས་འདིར་གཞི་ནས་དྭངས་ཡོད་དེ་ཆར་རྗེས་ཀྱི་ནམ་མཁའ་ནི་སྔོ་ཞིང་གཡའ་དག་པ་ཞིག་སྟེ་མཁའ་ལ་བལྟས་ན་མགོ་ཡུ་འཁོར་འོང་།

ནམ་མཁའ་སྔོ་ཞིང་དྭངས་བ་ནི་ཚེ་སྟོད་ཀྱི་ལོ་ཟླ་འདས་ཟིན་ཡང་ཚེ་སྨད་ད་དུང་རྒྱང་བ་ལྟར་སྣང་།

ཞིའུ་ཧྭ་ཁྱིམ་ནས་སྒོར་བུད་དེ་པང་ཁེབས་བླངས་ནས་པང་གི་ཀུབ་འབྲུའི་ཤུན་པ་དག་སྤྲུག་གསིག་བྱེད་བཞིན། སྣང་བ་སྤུ་ཙམ་ཡང་མེད་པར་ཁོའི་གམ་དུ་ཙོག་སྟེ། ད་འདང་མང་པོ་མ་རྒྱག མི་ཚེ་ད་དུང་རིང་ངེས་ཟེར།

མི་ཚེ་རིང་པོ་ཡིན་པ་དེ་ནི་སྐྲག་སྣང་སྐྱེ་དགོས་པ་ཞིག་རེད། ཀྲའོ་དབྱིས་སྐད་དམའ་མོས་ཤུགས་རིང་ཞིག་འབྱིན་བཞིན་ཕུ་བོའི་ཆུང་མར་དེ་ལྟར་སྨྲས།

མཚན་མོར། ཀྲའོ་དབྱི་མལ་ཁྲིའི་ཐོག་ཉལ་སྟབས་སུ་ལོག་ཏེ་གམ་གྱི་རས་གདན་སྟོང་པ་དེ་ལ་ཡང་ཡང་ལག་མྱུལ་བྱས། བསིལ་རླུང་འཇམ་པོ་ཞིག་གིས་དྲོད་གྲང་དང་དྲི་ངད་ཅིག་རས་གདན་གྱི་ཁུག་ནས་བསྐྱིལ་འོངས་ཏེ་བླ་སྲོག་ཅིག་དང་འདྲ་བར་ཀྲའོ་དབྱིའི་རུས་རྐང་གི་གཏིང་ལ་ཟུག་པས། ཁོ་རང་ལུས་པོ་འགུལ་ཙམ་བྱེད་ཅིང་། སེམས་ཁོང་ནས་ཧྲུའུ་ཨེར་ཞེས་བོས།

ནམ་ལངས་ནས་སྐྱ་རེངས་ཤར་སོང་། ཀྲའོ་དབྱིས་ཁ་ལག་བཀྲུས་རྗེས་ལོ་གཉིས་ཀྱི་སྔོན་གཉེན་སྒྲིག་བྱེད་སྐབས་སུ་གྱོན་པའི་ནང་འཇམ་ཚི་ལེན་དཀར་པོ་དེ་གྱོན་ཏེ། ཧྲུའུ་ཨེར་གྱི་ཚོན་མདོག་མེད་པའི་ལུས་སྟོད་ཀྱི་འདྲ་པར་དེ་བྲང་ཁར་སྦྱར་བའི་ཁུག་མར་བཅུག----ཡོད་ཚད་བཀོད་སྒྲིག་འོས་འཚམ་བྱས་ཡོད།

གློ་བུར་དུ་ཁང་སྒོ་ཁྲོག་སེ་ཕྱེ་སྟེ་ནངས་སྔ་མོ་དང་སྟོན་མགོ་ཚུགས་སྐབས་ཁོ་ནར་རྒྱུ་འོང་བའི་བརླན་གཤེར་ཞིག་འཁྱིལ་འོངས། སྐྲ་ལོ་སིལ་བར་འཕྱང་ཞིང་བྱིས་པ་ཞིག་པང་དུ་འཛིན་བཞིན་རྒྱབ་དང་ལག་པར་ཡང་ཁུག་མ་རེ་འཛིན་པ་དང་འཁུར་བར་བྱེད་པའི་བུད་མེད་ཅིག་ཁྱིམ་དུ་ཤུགས་ཀྱིས་འཛུལ་ཐོན་ཞིང་། དེའི་འཕྲོར་རྒྱུན་པར་ཐོས་མྱོང་བའི་རྣ་བར་ཟུག་འོང་བའི་གདུང་ཤུགས་ཆེན་པོའི་ངུ་སྐད་ཅིག་ལྷང་བྱུང་།

ཀྲའོ་དབྱིའི་ལག་གི་ཚལ་གྲི་གློ་བུར་དུ་དིང་སྒྲ་དང་བཅས་ཐང་ལ་ལྷུང་།  

དོན་དག་ཅི་ཞིག་བྱུང་སོང་།

ད་ནི་ང་འཆི་རྒྱུ་ཡིན། ངོ་མ་གསོན་ཐབས་ཤིག་མི་འདུག་ཟེར་བཞིན། ཀྲི་ཨེར་གྱིས་རྒྱབ་ལག་ཕྲག་གསུམ་གྱི་ཁུར་པོ་ལུང་པ་གང་བོ་ཁྲོ་ཤུགས་ཆེན་པོས་ཕར་དབྱུག་ཏེ་སར་བཙོག་བྱུང་།

དོན་ངོ་མར་དངོས་ནས་གསོན་ཐབས་མེད་པར་གྱུར་ཡོད་པ་དེ་ང་མིན་ནམ། ཀྲའོ་དབྱིས་སེམས་ལ་དེ་ལྟར་སྙམ། ཁྱོད་རང་ངུས་ནས་ཅི་བྱེད་ཟེར། མ་གཞི་ཁོ་མོར་ཁ་ཡ་བྱེད་པར་སུན་པོ་སྐྱེས་ཡོད་མོད། མཐར་ནི་སུན་སྣང་དེའི་བར་ཆད་པས་སླར་ཇི་ལྟར་མགོ་རྩོམ་དགོས་པ་ཤེས་མ་སོང་བར་ལག་གི་ཚལ་གྲི་ཕྱིར་བསྡུས་ཏེ། ག་བྱེད་འདི་བྱེད་མེད་པའི་ངང་རྐུབ་སྟེགས་ཆུང་བ་ཞིག་སྒོར་ཁྱེར་ནས་ཁང་པའི་མདའ་གཡབ་འོག་ཙོག་པུར་འདུག་ཅིང་། གྲོག་མ་དག་གིས་རྩིག་ངོས་དང་བསྟུན་ནས་གནས་སྤོར་བཞིན་པར་བལྟས། ཆར་ཐིགས་རེ་རེ་བཞིན་གཅིག་འཕྲོར་གཅིག་ལ་མཚམས་ཆད་མེད་པར་འཛགས།

ཀྲི་ཨེར་ཉལ་ཤག་ནང་ཡུན་རིང་ཞིག་ལ་ངུས་ཤིང་། ཀྲའོ་དབྱིས་ཁོ་མོ་སྒོར་མི་འཕུད་པ་ཤེས་རྗེས་ད་གཟོད་ངུ་མཚམས་བཞག་སྟེ་སྐར་སྒྲོམ་ལ་ཁེན་ནས། ཝེ། ལུས་ཀྱི་བྱང་ཁོག་མ་བཤགས་པར་ཁྱོད་ཀྱིས་རང་ཉིད་ཤི་མདོག་སྟོན་བཞིན་ཡོད་དམ། མེང་ཧྲེང་ལྟོགས་ཀྱིན་འདུག་ཟེར།

ཀྲའོ་དབྱིས་རིག་པ་ཆེར་མི་གསལ་བའི་སྒོ་ནས་ལུས་གཟུགས་རེངས་པོ་དལ་གྱིས་ཕྱིར་འཁོར་ནས་ཁོ་མོར་ཡུད་ཙམ་ལ་ཧད་དེ་བལྟས། མིག་གི་རྣམ་འགྱུར་དེའི་དོན་ནི་ཁྱོད་ཀྱི་བུའི་ཕོ་བ་ལྟོགས་ན་བུའི་ཕ་འཚོལ་དུ་འགྲོ་དགོས་པ་མིན་ནམ། ང་རང་བཙལ་ནས་ཅི་བྱེད་ཅེས་སྨྲ་འདོད་པ་དེ་ཡིན།

ཀྲི་ཨེར་གྱིས་ཁ་ཤ་གཉེར་གཉེར་ཞིག་བྱས་ཏེ། མེང་ཧྲེང་སར་བཞག་རྗེས་ཟ་མ་བསྐོལ་དུ་བུད་སོང་།

ལོ་གཉིས་དང་ཕྱེད་ཙམ་ལས་ལོན་མེད་པའི་མེང་ཧྲེང་ནི་འགྱིག་གིས་བཟོས་པའི་རྒན་པོའི་རྣམ་པ་ཞབས་ཟླུམ་རིལ་ཅན་ཞིག་དང་འདྲ་བར་འཁྱར་འཁྱོར་ངང་ནས་ཉལ་ཤག་གི་སྒོར་བུད་སོང་། ཀྲའོ་དབྱིའི་མདུན་ལ་ཐོན་རྗེས། ངས་སྐྱག་པ་གཏོང་དགོས་ཞེས་བཙིར་སྐད་བརྒྱབ།

ཀྲའོ་དབྱི་ཅི་བྱ་གཏོལ་མེད་དུ་གྱུར་ཏེ། ད་ནི་མེང་ཧྲེང་གི་རྐང་སྣུམ་ཕུད་ནས་ཁོས་གཅིན་སྐྱག་གཏོང་བའི་ལས་དོན་སྒྲུབ་རོགས་བྱེད་པ་ལས་བྱ་ཐབས་གཞན་རྙེད་མ་སོང་། དེ་ནས་རྡོ་ཐལ་ཁྱེམ་གང་གིས་གདོན་ཕྲུག་དེའི་དྲི་ངན་འཐུལ་བའི་སྐྱག་པ་སྤར་གང་བོ་གཙང་དག་བྱས།

ཉིན་གང་བོར་ཡང་། ཀྲའོ་དབྱིས་འཆི་རྒྱུར་བསམ་གཞིགས་གཏོང་ཁོམ་ཞིག་ཡེ་ནས་མ་བྱུང་། འཆི་རྒྱུ་ནི་ལས་སླ་པོ་ཞིག་ག་ལ་ཡིན་ཏེ། དེ་ནི་སྣང་ཚུལ་ཞིག་གིས་བསྐྲུན་དགོས་པ་མ་ཡིན་ནམ། འོན་ཀྱང་། ཁོ་རང་ཡིད་གདུང་སེམས་ངལ་གྱིས་མནར་མགོ་ཚུགས་པའི་མོད་ལ་ཀྲི་ཨེར་མ་བུ་གཉི་གས་ཁོའི་མདུན་ནས་སྐད་ཆེན་པོ་འུར་རྒྱག་ཅིང་དོགས་འདྲོག་གི་ཉམས་ཅི་རིགས་བསྟན་པས་ཀྲའོ་དབྱི་ཡང་ངལ་དུབ་ཀྱིས་གཙེས། མདོར་ན་འཆི་ཐུབ་མ་བྱུང་། ཕྱི་དྲོ་ཧུའུ་ཅིང་ཕྱིར་ཐོན་ཏེ་ཁྱིམ་དུ་ཀྲི་ཨེར་མ་བུ་གཉིས་ཡོད་པ་མཐོང་རྗེས་དེ་འཕྲལ་ཞེ་སྤོ་གཏིང་ནས་ལངས་ཏེ། ལག་ཏུ་སྒོ་འདེགས་སྦུག་གུ་བཟུང་ནས་རྡུང་རྡེག་ཚ་ནན་ཆེ་བ་ཞིག་གཏོང་དགོས་བསམ་བཞིན། ཧེབ་རྒན་མ། ད་ནི་ངས་ཁྱོད་ལ་ཧེབ་ལངས་ཏུ་འཇུག་འོང་ཞེས་བརྗོད་དེ་ཕར་མཆོངས་པས། ཞིའུ་ཧྭ་སྐྲག་ཐག་ཆོད་ནས་ལག་གི་ཤིང་ཟེའུ་སར་དབྱུག་ཏེ་འཇུ་ཐེངས་གཅིག་གིས་ཧུའུ་ཅིང་ལ་ཤི་འཐམ་རོ་འཐམ་བྱས།

ཀྲི་ཨེར་གྱིས་ལས་སླ་པོས་རྡུང་རྡེག་བྱེད་དུ་ག་ལ་འཇུག སྐྲག་ན་སྐྲག་པའི་ཚུགས་ཀ་ཡོད་དེ། ར་སྐོར་གྱི་གང་སར་ཕར་གཡོལ་ཚུར་གཡོལ་བྱེད་པ་ལས་ཕྱིར་ཁ་ལན་སློག་མི་ཕོད་ཀྱང་། ཁ་ནས་ངུ་ཅོ་དང་བསྡིགས་སྐད་མང་པོ་འདོན་བཞིན་ཡར་ལྡིང་མར་ལྡིང་བྱས་ཏེ་ཁྱི་དང་བྱ་ཕོའི་ལད་མོ་འཁྲབ།

སྨག་རུབ་རྗེས། ཁོ་ཚོ་ཚང་མ་ཤུགས་རྫོགས་ཐང་ཆད་དུ་གྱུར། ཧུའུ་ཅིང་གིས་ཀྱང་ཡང་ཡང་ཀྲི་ཨེར་སྒོར་འཕུད་བསམ་མེད་ཅིང་། ཀྲའོ་དབྱི་ལ་ཡང་ད་ནི་འཆི་རྒྱུར་བསམ་བློ་གཏོང་བའི་ཤེད་ཤུགས་མེད་པར་གྱུར་ཡོད།

ཀྲི་ཨེར་ཡང་ཐད་ཆད། ངག་འདར་ནས་ངུ་ལབ་རྒྱག་བཞིན་ང་ལའང་བྱ་ཐབས་མེད་སོང་བ་ཡིན། འཆི་རྒྱུ་པོ་དེས་ཡུལ་ཐོན་དངོས་རྫས་སྤྱི་གཉེར་ཁང་གི་ཕྱིར་འཚོང་གིས་ཕྱིར་བསྡུ་བྱས་པའི་རྩིས་སྒོར་ཚང་མ་རྒྱན་བཞག་ནས་བརླགས་ཏེ་བཙོན་ཁང་དུ་བཅུག་སོང་ཞེས་སྨྲས།

ཧུའུ་ཅིང་དང་ཀྲའོ་དབྱི་གཉིས་ག་བྱེད་འདི་བྱེད་མི་ཤེས་པར་ལུས་ཏེ་གཅིག་གིས་གཅིག་ལ་ལྟ་བཞིན་བསྡད།

ཡུལ་ཐོན་དངོས་རྫས་སྤྱི་གཉེར་ཁང་གིས་ཁོས་ཁྲིམས་འགལ་བཟོས་སོང་། ཁང་པ་ཕྱིར་གཞུང་ལེན་བྱེད་རྒྱུ་ཡིན་ཟེར་བས། ད་ནི་ང་རང་ཧྲུའུ་ཨེར་ཡོད་སར་རྒྱབ་རྟེན་བཅོལ་དུ་ཡོང་བ་ལས་ཐབས་གཞན་མ་རྙེད་ཅེས་སྨྲས།

ཧྲུའུ་ཨེར་ཡང་འདས་སོང་།

ཁོ་མོར་ཡང་མག་པས་གནོད་རྐྱེན་བཏང་བ་ཡིན།

ཀྲི་ཨེར་གྱི་སྐད་ཅུང་ཟད་འགག་པར་ཡོད་ནའང་། འོན་ཀྱང་སྔར་བཞིན་ཕྲ་ཞིང་རྣོ་སྟེ་ལྕགས་སྐུད་ཕྲ་མོ་ལྟ་བུ་ཞིག་ཏུ་དྲིལ་ནས་ཀྲའོ་དབྱིའི་སྐེ་ལ་བརྒྱུས།

ཀྲའོ་དབྱི་ཡིས་ངོ་རྒོལ་མི་བྱེད་པར་སྒེའུ་ཁུང་ངོས་ཀྱི་ཟླ་བའི་གྲིབ་གཟུགས་ཤིག་འབྱིད་བཞིན་གད་མོ་དགོད་ཁུལ་གྱིས་ན་རེ། བདེན། ཧྲུའུ་ཨེར་ལ་གནག་མཁན་དེ་ང་ཡིན། ངས་སྲོག་ལན་སྲོག་གིས་འཇལ་ཆོག་ཅེས་སྨྲས། ཁྱོད་ཀྱིས་ཅི་ཟེར་རམ། ཀྲི་ཨེར་ཡང་ལངས་ནས་སླར་བཙིར་སྐད་འབྱིན་ཏེ། སྲོག་ལན་འཇལ་ཟེར་རམ། ཁྱོད་ཤི་སོང་ན་ང་ཚོས་ཅི་བྱེད་དགོས།

ཞིའུ་ཧྭས་གམ་དུ་ཡིད་མཐུན་བྱུང་བའི་སྒོ་ནས་ན་རེ། ངོ་མ་བདེན་པ་རེད། ཧྲུའུ་ཨེར་འདས་སོང་། ཀྲི་ཨེར་གྱིས་ཀྱང་འཆི་རྒྱུ་ཡིན་ཟེར་ན། དེ་ལ་ཁྱོད་ཀྱིས་ཇུས་གཏོགས་བྱེད་དགོས་ཟེར།

ཧུའུ་ཅིང་ཁ་ཕྱིར་འཁོར་ནས་ཞིའུ་ཧྭ་ལ་མིག་གིས་ཧུར་རེར་བལྟས། ཞིའུ་ཧྭས་མིག་བརྡ་ཞིག་བཏང་བ་ན། ཧུའུ་ཅིང་གིས་ཀྱང་འཕྲལ་མར་ཧ་གོ་སྟེ་མགོ་བོ་ཡང་ཡང་ནང་འགུག་བྱེད་ཞོར། དེ་བདེན་པ་རེད། ཝེ། ཀྲའོ་དབྱི། དེ་ལ་ཁྱོད་ཀྱིས་ཇུས་གཏོགས་བྱེད་དགོས་ཞེས་སྨྲས།

ཀྲའོ་དབྱི་ཧོན་འཐོར་བཞིན་ཀྲི་ཨེར་ལ་ཅེར་ནས་བསྡད། དེ་ནས་སླར་པང་དུ་བྱེ་མ་ཀ་རའི་རྫ་སྣོད་ཅིག་བཟུང་ཡོད་ཅིང་ཁ་ངོ་ཧྲིལ་པོར་ཀར་མྱགས་སྦྱར་བའི་མེང་ཧྲེང་ལ་འཁྱུག་ཙམ་བལྟས་པ་ན། མེང་ཧྲེང་གིས་ཁོའི་ལག་གི་ཀ་ར་འཕྲོག་པར་དོགས་པ་བཞིན་ཕྱི་ནུར་དུ་བཤོལ་ཙམ་བྱེད་ཅིང་། སྲོག་ཆགས་རྒང་ཆུང་ཚེར་མ་ཞིག་དང་འདྲ་བར་ཕྱིར་ཁོ་ལ་མིག་ལོག་གིས་བལྟས་པས། ཀྲའོ་དབྱི་དངངས་སྐྲག་སྐྱེས་ནས་ན་ཟུག་ཅིག་གིས་འགྱུར་དུ་མེད་པའི་འཁྱིལ་ཆུ་རྫིང་བ་ཞིག་སླར་གསོན་པར་གྱུར་པ་བཞིན་འཇིག་རྟེན་འདིར་སྔར་བཞིན་འཚོ་དགོས་པའི་འཆར་སྒོ་བྱུང་།

གང་ལྟར་འཆི་ཐུབ་མ་སོང་། ད་ནི་ཀྲི་ཨེར་མ་སྨད་གཉི་ག་གསོ་དགོས་ཏེ་གླ་ཕོགས་ཚང་མ་སྤྲོད་དགོས་ལ། ཁོ་རང་དེ་ལ་ཇུས་གཏོགས་བྱེད་རྒྱུར་སུན་ཡོད་ཅིང་སྐད་ཆ་མང་པོ་བཤད་རྒྱུར་དེ་བས་ཀྱང་སྨོས་ཅི་དགོས།

ར་སྐོར་ནང་ཕྱིར་འབུད་ནང་འཛུལ་ཡང་ཡང་བྱེད་ཞོར། དུས་ཚོད་སྐར་མ་གཅིག་ལའང་མཚམས་མེད་དུ་ཁ་མ་གྲགས་ན་དབུགས་འགག་འགྲོ་བ་ལྟ་བུའི་ཧུའུ་ཅིང་གིས་ལུས་སེམས་ཉོབ་པར་གྱུར་པའི་ཀྲའོ་དབྱིས་སྐད་ཆ་ཚིག་གཅིག་ཀྱང་མི་བརྗོད་པའི་ཚུགས་ཀར་ལྟ་བཞིན། བསམ་པར་དངོས་ནས་སུན་འཚེར་འདི་ཕྱིར་འདོན་དགོས་སྙམ། ཝེ། ཁྱོད་ལ་སྐྱེས་ཕོ་རབས་ཤིག་གི་ཚུགས་ཀ་ཡོད་ན་མི་ཆོག་གམ་ཞེས་སྨྲས།

ཀྲའོ་དབྱིས་ཕྱིར་ལན་བཏབ་མ་སོང་། སྐྱེས་ཕོ་རབས་ཤིག་གི་ཚུགས་ཀ་ཡོད་མེད་ལ་འབྲེལ་བ་ཅི་ཡོད་ཟེར། ཧྲུའུ་ཨེར་གྱི་ཕུ་བོས་ཀྲའོ་དབྱིའི་འདོམས་ལ་རྡོག་རྒྱག་གཅིག་གཞུས་པ་དེས་ཁོའི་སྲོག་རྩ་བཅད་མེད་ནའང་། ཁོའི་ཡིད་འདོད་ཅིག་རྨང་ནས་མེད་པར་བཟོས་ཡོད་དེ། སྨན་ཁང་ནས་སྒོར་བུད་པ་ནས་བཟུང་ཁོའི་མཇེ་ངན་ལ་གྲགས་འགུལ་ཅི་ཡང་ཡོད་མ་མྱོང་།

ཧུའུ་ཅིང་གིས་མིག་བརྡ་ཙམ་བསྟན་ཏེ། ཐབས་ཤེས་གཞན་ཞིག་བཙལ་ནས་བཞད་གད་ཐག་གེར་སོང་། གལ་ཏེ་ང་ཁྱོད་རང་ཡིན་ཚེ། ངས་ཀྲི་མེར་བརླང་མོ་འདི་བསྡུ་ཉར་བྱེད་ངེས། དོན་མེད་ལ་གསོ་དགོས་དོན་ཀྱང་ག་ལ་ཡོད།

ཀྲའོ་དབྱི་ཡིས་སོ་ཕག་ཆག་རོ་ཞིག་མགོར་བཤར་ཏེ་ཧུའུ་ཅིང་ལ་རྡུང་རྩིས་བྱས།

ཧུའུ་ཅིང་གིས་འཕྲལ་མ་ཉིད་ནས་གཡོལ་ཏེ་བྱ་ཐབས་ཅི་ཡང་མ་རྙེད་པར་རྐང་པས་རྡབ་རྡབ་བྱས། བཤད་ནས་དོ་ཟླར་མི་ནུས་ཚེ། ཁྱོད་ཀྱིས་དེ་ལྟར་བྱེད་དམ། ངས་ཁྱོད་ལ་བཤད་ཡ། མི་ཚེ་ད་རུང་རིང་ངེས་ཟེར།

བདེན་པ་རེད། མི་ཚེ་ཟེར་དུས་རིང་པོ་ཡིན།

འདུ་ཤེས་རྨང་ནས་ཉམས་དམས་སུ་གྱུར་ཟིན་པའི་མི་ལ་མཚོན་ནས་བཤད་ན། མི་ཚེ་ཟེར་དུས་ཉིན་མོ་རིང་ཞིང་མཚན་མོ་ནི་དེ་ལས་ཀྱང་རིང་།

བདུན།

ཁ་བ་བུ་ཡུག་ངང་གིས་འཚུབ། ཁང་སྒོ་དམ་པོར་གཏད་ཀྱང་འགོག་པར་མི་ནུས་ཏེ་སྒོའི་སྲུབས་ཀ་ནས་སིར་སྒྲ་དང་བཅས་གྲང་རླུང་ཤུགས་ཀྱིས་ལྡང་འོངས། ཞིའུ་ཧྭས་རྫོང་རླངས་འཁོར་འབབ་ཚིགས་ནས་ཚོང་ཟོག་བླངས་ཏེ་ཕྱིར་ཐོན་རྗེས། མཆུ་ཏོ་གྲང་འཁྱགས་ཀྱིས་ལྷབ་ལྷུབ་ཏུ་འདར་བཞིན་ཡོད་ཀྱང་གདོང་ལ་དགའ་བའི་རྣམ་འགྱུར་གྱིས་ཁེངས་ཡོད་དེ། ནུབ་ཇ་འཐུང་ཚར་མ་ཐག་ཟངས་ཆེན་ནང་ཀུབ་འབྲུ་རྔོད་འགོ་བརྩམས། གནམ་གཤིས་ཇི་ལྟར་ཇེ་འཁྱགས་སུ་ཕྱིན་ན་མི་རྣམས་དེ་ལྟར་ཁྱིམ་གྱི་ཁྲོ་ཐབ་ལ་བསྲོས་ཏེ་ལོགས་སུ་ཀུབ་འབྲུ་ཟ་བཞིན་ཁ་བརྡ་ལྷུག་པོར་བྱེད་རྒྱུར་དགའ།

མེང་ཧྲེང་ནི་ཟས་གཡོ་བྱེད་ཀྱི་སླ་ང་དང་ཐོམ་བུའི་ཁྲོག་སྒྲ་ཞིག་གྲགས་འོང་དུས་དེ་འཕྲལ་ཟ་ཧམ་སྐྱེས་འོང་བ་ཞིག་ཡིན་པས། དགོང་ཇ་འཐུངས་ཟིན་ཡང་དེ་གར་ཕར་རྒྱུག་སོང་། ཨོང་ལྟིག་ཚོན་པོ་དེ་ཟངས་ཆེན་གམ་གྱི་རྐུབ་སྟེགས་ཐོག་བཞག་ནས་གནས་གཞན་ལ་མི་སྤོ་བར་མིག་འབྲས་ཕྲ་མོས་རིག་རིག་བྱས་པ་ན། ཞིའུ་ཧྭ་ཡིས་མེང་ཧྲེང་གི་རྒྱགས་རིལ་རིལ་གྱི་ཨོང་མགོར་ཐལ་ལྕག་ཚ་ཐག་ཆོད་པ་ཞིག་གཞུས་ཏེ། ཁྱི་རྐུན་ཞིག་འདྲ་བོ། ཧེབ་རྒན་མས་ཁྱོད་ལ་དེ་ལྟར་ལོབས་སུ་བཅུག་པ་ཡིན། ཚོ་ལྟིག་ཟེར།

འདི་གར་ཀྲའོ་དབྱིས་ཁྲོ་ཐབ་ཀྱི་མེ་འབར་བཞིན་པ་མཐོང་སྟེ། ཉིན་དུ་མར་བཀྲུས་པའི་རས་གདན་ཞིག་ཡོད་པ་དེ་ཡུན་རིང་དུ་སྐམ་མ་བྱུང་བས་སྲོ་དགོས་བྱུང་ཡོད།

འཁོར་རྒྱ་ཆུང་བའི་ཉལ་ཤག་ནང་མྱུར་བར་དྲོད་འཐིབས་ནས་ཚ་ལིམ་ལིམ་བྱེད། ཀྲའོ་དབྱིས་རྒྱབ་ཀྱི་སྲིང་བལ་གྱོན་གོས་དང་སྐུད་ལྭ་གཉིས་ཕུད་དེ་ལུས་རྩལ་ཚི་ལེན་སྲབ་མོ་ཞིག་ལས་མི་གྱོན་པར་བློ་རྩེ་གཅིག་སྒྲིམ་ངང་ནས་ཁོ་རང་གི་སྒྲ་སྡུད་འཕྲུལ་ཆས་ཞིག་གསོ་བྱས། ཀྲི་ཨེར་ནི་སེར་སྣའི་མདུད་པ་བཅིངས་ནས་ངན་གོམས་སུ་ཕྱིན་ཡོད་དེ་ལག་ཀྱང་ཁོམ་ནས་མི་འདུག་པར། ཁྲོ་ཐབ་ཀྱི་མེ་དྲག་ཏུ་འབར་བཞིན་པར་བསྟུན་ཏེ་ཆུ་ཁོལ་ཟངས་ཆེན་གང་བསྐོལ་ནས་སྐྲ་ལོ་བཀྲུས། བཀྲུས་ཚར་རྗེས་མེང་ཧྲེང་གི་རྐུབ་སྟེགས་དེ་བཀྱགས་འོངས་ནས་མེ་ཐབ་ཀྱི་འགྲམ་དུ་སྐྲ་ལོ་བསྲོས་ནས་བསྡད།

ཚ་ལིམ་ལིམ་དང་དཀར་ཆེམ་ཆེམ་བྱེད་པའི་རླངས་པ་དེ་ཁོ་མོའི་སྐྲ་ལོའི་གསེབ་ནས་འཁྲིགས་ཏེ་མཁའ་དབུགས་ཁྲོད་སིམ་པར་བྱེད་ཅིང་། སྦྲང་རྩིའི་མེ་ཏོག་གི་སྐྲ་འཁྲུད་ལྡེ་གུའི་དྲི་ངད་ཅིག་འཐུལ་རྒྱུ་བྱུང་བས། ཀྲའོ་དབྱིས་ཚོར་སྣང་སྐྱེན་པོའི་སྒོ་ནས་མིག་ལམ་ཡར་ཕྱེས་པ་ན། ཏག་ཏག་ཁྲོ་ཐབ་ཀྱི་ཁ་གཏད་ན་མགོ་བོ་བྲང་ཁར་དཔྱངས་ནས་བསྡད་ཡོད་པའི་ཀྲི་ཨེར་མཐོང་བྱུང་། སྐྲ་ལོ་ནག་ཅིང་དཔུང་པ་དཀར་ལ་སྐེད་པ་ཕྲ་ཞིང་རིང་བར་མངོན།

ཡུད་ཙམ་གྱི་རིང་ལ། ཀྲའོ་དབྱི་ག་བྱེད་འདི་བྱེད་མེད་པར་གྱུར་ཅིང་ན་ཚོད་གཞོན་པའི་ཧྲུའུ་ཨེར་ཁྲོ་ཐབ་ཀྱི་འགྲམ་ལོགས་སུ་བཙོག་སྟེ་སྐྲ་ལོ་སྲོ་བཞིན་པ་མཐོང་བྱུང་བ་དང་འདྲ་བར། དེ་འདྲའི་ཁ་ཁུ་སིམ་པོ་དང་ཞི་འཇམ་ཡིད་དུ་འོང་བ་ཞིག་ཡིན་པ་ལ་ཨང་།

ད་དུང་དེ་འདྲའི་སྟབས་ཁེལ་བ་ཞིག་ལ། ཧྲུའུ་ཨེར་གྱིས་མགོ་ཡར་བཀྱགས་ནས་མེ་ཐབ་ཐོག་གི་སྐྲ་ཤད་བླངས་ཏེ་ཁོ་ལ་ལྟ་ཙམ་བྱེད་བཞིན་འཛུམ་དགོད་ཅིག་ཤོར་ཏེ། ཉལ་ཤག་ཧྲིལ་པོར་མེ་ཏོག་བཞད་པ་ལྟར་འཛུམ་དམུལ་ལེར་བགད།

ཀྲའོ་དབྱི་ཡང་རང་དབང་མེད་པར་འཛུམ་དགོད་ཅིག་ལངས་ཏེ། ངོ་གདོང་ཧྲིལ་པོར་བརྩེ་དུང་ཟབ་མོས་ཁེངས་ཡོད།

ཀྲི་ཨེར་བསམ་ཡུལ་ལས་འདས་པ་བྱུང་སོང་། ཁང་པའི་མདའ་གཡབ་ཅིག་གི་འོག་ཏུ་དེ་འདྲའི་ཡུན་རིང་པོར་བསྡད་པས། འཁྱགས་ཤུར་ཤུར་གྱི་མི་འདི་ཐེངས་གཅིག་བགད་མྱོང་བ་དེ་ནམ་ཞིག་ལ་མཐོང་མྱོང་ངམ་སྙམ། ཁོ་མོ་དལ་ཞིང་བག་ལྷོད་སྒོས་ཡར་ལངས་ནས་ཁོའི་མདུན་དུ་སོང་སྟེ་ཙོག་པུར་སྡོད་ཙམ་གྱིས་འཇམ་ཞིང་མཉེན་ལ་མདའ་ལྟར་འདྲོང་བའི་བྲང་གཞུང་བསྣར་ནས་ཁོའི་པུས་མོར་རེག་ཏུ་འཇུག་པ་དང་། མགོ་བོ་ཡར་བཀྱགས་ནས་ཁོ་ལ་ལྟ་ཞོར་དུ་བྲང་ཁའི་སྒྲོག་གུ་གྲོལ་ཞིང་དེ་ནས་ཁོའི་ལག་པ་ནས་འཐེན།

མག་པ། ང་ཁྱོད་ལ་འགྲོགས་འདོད།

སྐད་ངག་དེ་ལ་རློན་ཤིག་ཤིག་གི་འདོད་སྲེད་ཅིག་ཡོངས་སུ་འབྱར་ཡོད་ཅིང་། ད་དུང་དཔའ་ངར་ཆེ་ལ་རྣོ་ངར་ལྡན་པ་ཞིག་ཀྱང་ཡིན།

ཀྲའོ་དབྱི་དངངས་སྐྲག་ཅིག་གིས་ཧ་ལས་ཧོན་འཐོར་ཞིང་། རྣམ་འགྱུར་ལྷོད་ཙམ་བྱེད་དུས་མིག་མདུན་གྱི་མི་དེ་ནི་ཀྲི་ཨེར་རེད།

ཀྲའོ་དབྱི་ཡིས་དེ་མ་ཐག་གཡོལ་བསམ་མོད། ཀྲི་ཨེར་གྱིས་ཁོ་ལ་ལག་པས་དམ་པོར་གསིག་འཐེན་ཞིག་བྱས་ཏེ་ཁོ་མོའི་བྲང་གཞུང་ཐོག་ཏུ་མནན་ཞིང་། རྐེད་པ་ཕྲ་མོ་ཡར་བཏེགས་ནས་མིག་ཟུང་ལས་མེ་ལྕེ་བཞིན་འཁྱིལ་ཞིང་གདུག་རྩུབ་ཆེ་བའི་འོད་མདངས་ཤིག་མངོན་པས། ཀྲའོ་དབྱི་གཞི་ནས་སྐྲག་ཐག་ཆོད་དེ། ད་ནི་མིག་མདུན་གྱི་བུད་མེད་འདིས་རང་ཉིད་དབང་འོག་ཏུ་བསྒྱུར་ཟིན་པ་གསལ་ཐག་ཆོད་སོང་།

ཝེ། ཨ་ཅེ་ཆུང་བ་ཟེར་བཞིན། ཀྲའོ་དབྱིས་བྲེལ་འཚུབ་འཚུབ་སྒོས་དེ་ལས་ཐར་བར་ཤུགས་བརྒྱབ་མོད། འོན་ཀྱང་འགུལ་མེད་དུ་དམ་པོར་མནན་འདུག་པའི་ལག་མཐིལ་དེས་འཕག་འཚག་གི་འགུལ་སྟངས་ཡོད་ཚད་ལུས་ལ་འཕུར་འཕུར་གཏོང་བ་ཞིག་ཏུ་གྱུར་སོང་།

ཁྱོད་ཀྱིས་ངའི་ལུས་ལ་རེག་སོང་། ཀྲི་ཨེར་གྱིས་དངངས་སྐྲག་སྐྱེ་བའི་སྒོ་ནས་དེ་ལྟར་སྨྲས་ཏེ། ལག་པ་ཡ་གཅིག་གིས་ཁོ་མོའི་ནང་འཇམ་ཚི་ལེན་གཤགས་ནས། ཁྱོད་ཀྱིས་འགན་འཁུར་ཐུབ་དགོས་ཞེས་ཁྲེལ་དགོད་བྱས།

ཨ་ཅེ་ཆུང་བ་ཟེར་བཞིན། ཀྲའོ་དབྱིའི་སེམས་ལ་སྔངས་འཚུབ་ལངས་ཤིང་ཞེ་སྡང་དང་བྲེལ་འཚུབ་ཀྱང་ཅིག་ཅར་དུ་སྐྱེས་ཏེ། རྐང་པས་རྡོག་རྒྱག་གཞུས་ཐེངས་གཅིག་གིས་ཕར་དབྱུག་པ་ན། ཀྲི་ཨེར་ཨོང་ཚུགས་ཀྱིས་སར་བསྒྱེལ་ནས་བཀྲུ་གཞོང་དང་ཆུ་དེམ་ལ་ཐུག་ཏེ་རྐུབ་སྟེགས་སར་བསྒྱེལ་ཞིང་རས་གདན་ཀྱང་སྣེ་ཁུག་དུ་མ་ནས་བསྒྲིལ་བཞིན། ཡུད་ཙམ་གྱི་རིང་ལ་དིང་སྒྲ་སིང་སྒྲ་ལུང་པ་གང་བྱུང་ཞིང་ཁྱིམ་གྱི་གང་སར་ཆུས་བཀང་བར་གྱུར། ཀྲའོ་དབྱི་རེམ་རེམ་སྒོས་ཕར་སོང་སྟེ་ཁོ་མོ་ཡར་འཐེན་རྩིས་བྱས་པ་ན། ཀྲི་ཨེར་གྱིས་སྐབས་དེ་དང་བསྟུན་ནས་ལག་སྙོབ་ཅིག་བྱས་པས་ཀྲའོ་དབྱི་སར་བསྒྱེལ་ཏེ་ཁོ་མོའི་ལུས་མནན་བྱུང་།

ཧུའུ་ཅིང་དང་། ཞིའུ་ཧྭ། མེང་ཧྲེང་བཅས་ཀྱིས་སྒོ་ཕར་དེད་རྗེས། ཁོ་ཚོས་མཐོང་འོངས་པ་ནི་འཕག་འཚག་གི་ཚ་རླབས་ལང་ལོང་དུ་འཕྱུར་ཞིང་འཇུ་རེས་འཐེན་རེས་ངང་ནས་འཁུན་སྒྲ་སྣ་ཚོགས་སྒྲོག་བཞིན་པའི་རྣམ་པ་དེ་ཡིན།

འཇིག་རྟེན་ཧྲིལ་པོར་གྲང་ལྷགས་འུར་འུར་དུ་ལྡང་ཞིང་། ཁ་བ་ཤུགས་འབབ་ཅིག་སྨག་ནག་གི་ཀློང་ན་ཁ་ཁུ་སིམ་པོའི་ངང་ནས་དྲག་ཏུ་འཕྱོ་ཞིང་རྒྱུ། ཞིའུ་ཧྭ་ཡིས་འཁྱགས་འདར་ཞིག་རྒྱག་བཞིན་མྱུར་བར་མེང་ཧྲེང་གི་མིག་གཉིས་བཀབ་བྱུང་།

མེང་ཧྲེང་གིས་ཁོ་མོའི་ལག་པར་སོ་ཞིག་བཏབ་རྗེས། སྒོའི་ཕྱི་རོལ་དུ་མཆོངས་ཏེ་མགོ་བོ་ཁ་བ་མཐུག་པའི་མཚན་སྨག་གི་གཏིང་ལ་བརྫངས།

ནལ་བུ། ནལ་བུ། རླུང་ཤུགས་ཆེན་པོས་མེང་ཧྲེང་གི་བྱིས་བློ་དང་གྲང་འཁྱག་ལ་བརྒྱུས་པའི་ཨག་སྐད་དེ་བཏུམས་པར་བྱས་ཡོད།

བརྒྱད།

ངས་དེ་ལྟར་སྒྲུབ་མེད་ཅེས་སྨྲ་བཞིན། ཀྲའོ་དབྱི་མ་ཉེས་ཁག་གཡོགས་ཀྱིས་མནར་ཏེ་ལུས་སེམས་ངལ་དུབ་ཅིང་མིག་མཐའ་དམར་པོར་གྱུར།

དེ་ནི་གཞན་གྱིས་ཤེས་མི་རུང་བའི་དོན་དག་ཞིག་ག་ལ་ཡིན། ཧུའུ་ཅིང་གིས་དཔུང་པས་གསིག་གསིག་བྱེད་ཞོར་སྣང་དག་མེད་པའི་ངང་ནས་དེ་ལྟར་སྨྲས།

ཞིའུ་ཧྭས་ཟས་གཡོ་བྱེད་ཀྱི་འདྲད་སོ་ཞིག་ཧུའུ་ཅིང་གི་རྣ་ལྟག་ནས་དིང་སིང་ངེར་བརྡུངས་ཏེ། ཝེ། མི་ཞིག་བཙོན་ཁང་དུ་བཅུག་ཡོད་པ་མིན་ནམ། ཁོ་གཉིས་ད་དུང་གཉེན་འཐོར་བྱས་མེད་པ་བརྗེད་འདུག་གམ་ཟེར། ཡང་ཀྲའོ་དབྱི་ལ་སྐྱོན་བརྗོད་བྱེད་རྒྱུར། ཁྱོད་རང་མོ་གསར་ཞིག་ལ་འགྲོགས་མྱོང་མེད་པ་ག་ལ་ཡིན། རྐང་ལག་གཉི་ག་དེ་འདྲའི་འཚུབ་ལངས་ནས་ཅི་བྱེད། སྒོ་གཏད་རྒྱུ་ཡང་མི་ཤེས་སམ་ཞེས་སྨྲས།

ངས་དེ་ལྟར་སྒྲུབ་མེད། ཀྲའོ་དབྱིས་སྐད་གདངས་དམའ་མོས་དེ་ལྟར་སྨྲས། བྲང་ཁར་ཁྲག་ལོག་ཅིག་ཕྱིར་འཛག་རྒྱུ་ཡོད་པ་འདྲ།

ཀྲི་ཨེར་མིག་དམར་སྐྲངས་ཆགས་ཏེ་འབོལ་ཁྲིའི་ཐོག་བསྐུམས་ནས་འདུག་ཅིང་། ཐོག་མཐའ་བར་གསུམ་དུ་སྐད་ཆ་ཚིག་གཅིག་ཀྱང་ལབ་མ་སོང་། དེ་ལ་འགྲེལ་བཤད་རྒྱག་དགོས་དོན་ཅི་ཡོད་སྙམ། ཞིའུ་ཧྭ་དག་གིས་དོགས་པ་ཟ་བཞིན་དེ་ནི་ཁོ་མོར་དགོས་འདོད་པ་དེ་ཡིན།

ཀྲའོ་དབྱིས་ཁྲོ་ངར་ཆེན་པོས་ཀྲི་ཨེར་ལ་མིག་ལོག་གིས་བལྟས་པས། ཁོ་མོ་དངངས་སྐྲག་སྐྱེས་ནས་ཞིའུ་ཧྭའི་པང་དུ་གཡོལ་ཅི་ཐུབ་བྱས།

ཁྱོད་རང་ཉིད་ཀྱིས་ཤོད་དང་། ཀྲའོ་དབྱིའི་ངག་ནི་འཁྱགས་དར་ལས་ཀྱང་འཁྱགས་པར་ཆགས་ཡོད་ཟེར།

ཕུ་བོ། ཀྲི་ཨེར་གྱིས་འཚེར་སྣང་སྐྱེས་ནས་སྐད་ཤུགས་མི་ཐོན་པའི་ངང་ནས་དེ་ལྟར་སྨྲས།

ཧུའུ་ཅིང་དང་ཞིའུ་ཧྭ་གཉིས་ཀྱིས་སྨྲ་བ་མེད་པར་གཅིག་གིས་གཅིག་ལ་འཁྱུག་ཙམ་བལྟས། སྔོན་ཆད་ཀྲི་ཨེར་གྱིས་ནམ་རྒྱུན་མག་པ་ཀྲའོ་དབྱི་ཞེས་འབོད་པ་མིན་ནམ་སྙམ།

ཀྲའོ་དབྱི་གཞི་ནས་རྩ་འཐོར་དུ་བུད་སོང་། ཁོ་ནི་མི་དྲང་པོ་དྲང་རྐྱང་ཞིག་ཡིན་ཏེ། ཁོ་མོས་ཇི་ལྟར་བཙིར་གནོན་བྱས་ན་དེ་ལྟར་བཙིན་གནོན་བྱས་ཆོག་པ་ཞིག་ཡིན། ཀྲི་ཨེར་གྱིས་ཁོ་རང་བྱི་བ་བཞིན་རྩེ་སྤྱད་བྱས་སོང་བས། ཀྲའོ་དབྱི་ཁ་ཕྱིར་འཁོར་ནས་ལས་ཀའི་ཡོ་བྱད་སྒམ་ལས་སོག་ལེ་ཞིག་བླངས་ཏེ་ལག་པའི་མཁྲིག་མ་གཅོད་རྩིས་བྱས།

ཧུའུ་ཅིང་གི་ལག་མྱུར་བས་སོག་ལེ་འཕྲལ་མར་འཕྲོག་བྱུང་།

ཁྱོད་རང་སྨྱོས་བསྡད་ཡོད་དམ། ཧུའུ་ཅིང་གིས་བསྡིགས། ཕོ་མོ་གཉིས་མཉམ་དུ་བསྡད་པ་དེ་ཙམ་མིན་ནམ། སྣང་དག་དེ་ཙམ་བྱེད་དགོས་དོན་ཡོད་དམ།

ངས་དེ་ལྟར་སྒྲུབ་མེད། ཀྲའོ་དབྱིས་སྨྱོ་འབོག་ལངས་པའི་སྒོ་ནས་སྐད་ཆེན་པོ་བརྒྱབ་ཏེ། གདོང་ཧྲིལ་པོ་མིག་ཆུས་ཁེངས་བཞིན་ངས་དེ་ལྟར་སྒྲུབ་མེད། ང་ལ་ཧྲུའུ་ཨེར་ཡོད། ངས་དེ་ལྟར་སྒྲུབ་མི་སྲིད། ང་ལ་དེ་ལྟར་སྒྲུབ་པའི་ནུས་པའང་མེད། ང་ལ་སྔ་མོ་ནས་དེ་ལྟར་སྒྲུབ་པའི་ནུས་པ་མེད་པས། ངས་དེ་ལྟར་སྒྲུབ་མེད་ཅེས་སྨྲས།  

ཉལ་ཤག་ནང་གི་མི་ཚང་མ་དྲན་མེད་དུ་ཧོན་ཐོར་ནས་བསྡད།

ཡུད་ཙམ་འགོར་སོང་། ཀྲི་ཨེར་ཞིའུ་ཧྭའི་རྒྱབ་ནས་ཕྱིར་བུད་དེ་ན་རེ། མག་པ། དེ་ལ་ངས་སྣང་དག་མི་བྱེད། ཁྱོད་ནི་མི་བཟང་ཞིག་ཡིན། འཇིག་རྟེན་འདིར་འཕྲད་དཀའ་བའི་མི་བཟང་ཞིག་ཡིན་ཟེར།

ང་ལ་ཧྲུའུ་ཨེར་མ་གཏོགས་མི་དགོས་ཟེར་བཞིན། ཀྲའོ་དབྱི་རྒྱབ་ཀྱི་རྩིག་གྱང་ལ་བསྙེས་ཤུད་ཀྱིས་ག་ལེར་སར་ཙོག་བྱུང་།

ཀྲི་ཨེར་གྱི་རྣམ་འགྱུར་གྲང་གློ་བུར་ཆུ་འཁྱགས་ལྟར་གྱུར། མི་ཚང་མ་དེ་ལྟར་སྐྱེས་ཤིང་དེ་ལྟར་གསོས་པ་མིན་ནམ། མི་དང་མིའི་ལས་དབང་མི་གཅིག་པ་འདི་རྒྱུ་མཚན་ག་རེ་ཡིན་ནམ། ཁོ་མོ་ཤི་ཟིན་ཡང་ད་དུང་ང་ལས་ལྷག་པ་ཡིན་ནམ། ང་རང་གཤིན་པོ་ཞིག་ལའང་མི་དོ་ཟེར་རམ། ཀྲི་ཨེར་གད་མོ་དགོད་ཁུལ་གྱིས་གདགས་སྲིབ་གང་ལ་བསྐོར་ནའང་ཁོ་མོས་ཁེ་བཟང་རག་ཐུབ་པ་འདི་ཅི་ཡིན་ནམ་སྙམ།

ཀྲའོ་དབྱིས་སྣང་ཆུང་སྐྱུར་འཇོག་གི་སྒོ་ནས་ཁོ་མོར་ལྟ་ཙམ་བྱས་ཏེ། ངའི་སེམས་ཁོང་གི་ཁོ་མོ་ནི་ཐག་འཁྱུད་མེ་ཏོག་དང་འདྲ་བར་དག་གཙང་གིས་བཞད་ཡོད་ཅེས་སྨྲས།

འོ་ན་ཁྱོད་ཀྱིས་ང་རང་གཙང་མ་རེད་ཟེར་བ་ཡིན་ནམ། ཀྲི་ཨེར་གྱིས་མིག་གཉིས་ཆེར་བགྲད་དེ་རྣམ་འགྱུར་དྲག་པོའི་སྒོ་ནས་ཀྲའོ་དབྱི་ལ་ལྟ་བཞིན། ངས་མི་གཙང་བའི་ལས་ཅི་ཞིག་བགྱིས་སོང་ཟེར།

ཀྲའོ་དབྱི་ཡིས། ཁྱོད་རང་དུས་ནམ་རྒྱུན་གཞན་གྱི་ཁེ་བཟང་རག་པར་ཧམ་པ་ལངས་ཡོད་ཅེས་ལན་བཏབ།

བདེན། ངས་གཞན་གྱི་ཁེ་བཟང་རག་འདོད་ཡོད། དེའི་རྒྱུ་མཚན་ནི་ངས་འདོད་པ་སྤྱད་མེད་པས་ཡིན། གལ་ཏེ་སྤྱད་ཡོད་ཚེ་གཞན་ལ་དགའ་ཞེན་སྐྱེ་དགོས་དོན་ཅི་ཡོད་ཟེར།

ཀྲའོ་དབྱི་ངོ་གནོང་ཞིང་བློ་མི་བདེ་བའི་སྒོ་ནས་ཁ་གདངས་ཙམ་བྱེད་པ་ལས་སྐད་ཆ་ཚིག་གཅིག་ཀྱང་ཤོད་རྒྱུ་མ་བྱུང་།

སྨྲ་བ་མེད་པའི་རྣམ་པ་དེ་ཉལ་ཤག་ནང་མེ་ཐབ་དང་འགྲོགས་ནས་དགུང་ལ་འཕྱུར།

ཧུའུ་ཅིང་སེམས་འཚབ་འཚུབ་བྱུང་ཡང་བྱ་ཐབས་མེད་པར་མགོ་ལ་འཕུར་ཙམ་བྱས་ཏེ། ད་ནི་དུས་ཚོད་ཡུན་རིང་པོ་འགོར་འདུག ཚང་མས་ངལ་གསོས། སང་ཉིན་ཐག་གཅོད་རྒྱུ་བྱེད་ཅེས་སྨྲས།

ཀྲི་ཨེར་ལུས་ཙོག་པར་བསྒུར་ཏེ། ཐང་ནས་རྒྱུ་རྫས་སིལ་བུར་འཐོར་བ་དག་བཏུས།

དགུ།

ལོ་གཅིག་འགོར་ཡང་ད་དུང་ཨ་ཕོ་ང་ལ་ལྟ་རུ་མི་ཡོང་དོན་ཅི་ཡིན། ཨ་ཕོ་ང་ལ་ཞེ་ལོག་སྐྱེས་ཡོད་དམ།

ཞེན་ལོག་ཡི་ཆད་སྐྱེས་འོངས་པའི་མགོ་རྡོ་དེ་བཙོན་ལས་སྒོར་བུད་མ་ཐག་སྨིན་མ་གཉིས་ལ་ཡོ་གཟུར་ཞིག་གཏོང་བཞིན་དེ་ལྟར་དྲིས།

ཁྱོད་ལ་ལྟ་རུ་ཡོང་ན་དེ་གཟི་བརྗིད་ཅིག་ཡིན་ནམ། ཁྱོད་ནི་ལྐོག་ཟ་རུལ་སུངས་ཀྱི་ཉེས་ཅན་ཞིག་ཡིན་པ་ལས་དཔའ་རྒོད་ཅིག་ག་ལ་ཡིན། གནོད་རྐྱེན་དེས་ངས་སློབ་གྲྭར་སྐེ་རས་དམར་པོའང་དཀྲི་ཐུབ་མ་བྱུང་ཟེར་བཞིན། མེང་ཧྲེང་གིས་ཚྭ་སྦྱངས་སྲན་ཕྱེ་ཁམ་གང་རེ་ཧབ་ཟ་བྱེད་ཅིང་ཁ་ན་སྣུམ་བག་བཞུར་གྱིན་ཡོད།

ཁྱི་སྐྱག་ཁྱོད། ཁྱོད་ཀྱིས་ཟ་འཐུང་བྱེད་བཞིན་པ་དེ་ཡོད་ཚད་ངས་གཞན་ལ་བུ་ལོན་དུ་བཞག་པ་མིན་ནམ། ཁྱོད་ཀྱིས་ང་རང་ལྐོག་ཟོས་ཉེས་ཅན་རེད་ཟེར་ནས་ཞེ་ལོག་སྐྱེས་ཡོད་དམ།

ངས་ཀྱང་ཁྱོད་ལ་ཁ་ངོ་བྱིན་ཡོད། དེ་མིན་མི་གཞན་ཞིག་ཡིན་ཚེ་བཙོན་ཁང་ནས་ད་སྔོན་ཏག་ཏག་ལ་སྒོར་བུད་པའི་བཙོན་མ་ཞིག་གིས་བུ་ལོན་དུ་བསྐྱིས་པའི་ཕྱེ་སྲན་སུས་ཟ་འདོད་དམ།

གདོན་ཕྲུག་ཁྱོད། ལོ་ན་ཆུང་ཆུང་ཞིག ད་དུང་སྐད་ཆ་དེ་འདྲའི་བཙོག་པ་ཞིག་བཤད་འོངས། ཨ་མས་ཁྱོད་ལ་དེ་ལྟར་སློབ་གསོ་བཏང་ཡོད་དམ།

ངའི་ཨ་མ་སྔ་མོ་ནས་འདས་སོང་།

ཁྱོད་རང་གསོ་མཁན་དེ་ཨ་མ་མིན་ནམ།

ཁྱོད་ཀྱིས་ཧེབ་རྒན་མ་ཟེར་བཞིན་ཡོད་དམ། མེང་ཧྲེང་གི་གདོང་དུ་ན་ཚོད་དང་རྦད་དེ་མི་མཐུན་པའི་མ་རབས་ཐ་ཤལ་གྱི་འཛུམ་མདངས་ཤིག་རྒྱས་ཡོད། ཨ་མས་ང་ལ་སློབ་གསོ་ཅི་ཞིག་གཏོང་། མོ་རང་གཞི་ནས་ཁོམ་གྱི་མི་འདུག་ཅེས་སྨྲས།

ཅི་ཞིག་སྒྲུབ་བཞིན་ཡོད། ལོ་ཕྱེད་ལྷག་ཙམ་རིང་ཨ་ཕོ་ང་ལ་ལྟ་རུ་སླེབས་མ་སོང་། ང་རང་བཙོན་ནས་སྒོར་བུད་ནའང་ལེན་དུ་མི་ཡོང་བ་ཅི་ཡིན་ནམ་ཟེར།

ཨ་མས་ཁོ་མོའི་དགའ་རོགས་གསར་རྒན་དེ་ལ་ཟས་བསྐོལ་བ་དང་ལྭ་འཁྲུད་པ་སོགས་སྒྲུབ་ཀྱིན་ཡོད། མེང་ཧྲེང་གིས་མཛུབ་མགོའི་ཚྭ་སྦྱར་གྱི་སྣུམ་བག་ལ་ལྕེ་ལྡག་བྱེད་བཞིན་སྣང་དག་སྤུ་ཙམ་ཡང་མེད་པའི་སྒོ་ནས་དེ་ལྟར་ལན་བཏབ།

ནལ་ཕྲུག ཁྱོད་ཀྱིས་ཅི་ཟེར་རམ། མགོ་རྡོའི་སྐད་གདངས་འཕྲལ་མར་གཟབ་ནན་ཆེ་བ་ཞིག་ཏུ་གྱུར། ས་སྲོད་ཀྱི་ལ་ཁའི་ཉི་ཟེར་ཕྲ་མོ་སྲེག་ཤ་གསོལ་ཁང་གི་སྣུམ་ཆགས་ནས་ལྟ་བཟོད་མེད་པའི་ཤེལ་སྒོའི་ངོས་སུ་འཕྲོས་ཤིང་སྟུག་པོར་འབྱར་བའི་ཁྲག་དམར་གྱི་མདངས་དང་མཚུངས།

ལོ་ངོ་བཞི་བཅུ་འདས་པའི་རིང་ནས། མེང་ཧྲེང་གིས་ཡིད་དུ་རྙོག་འཁྲུལ་གྱི་བརྗེད་ངད་ཅིག་ཡོད་པ་དེ་གཙང་སེལ་བྱེད་བསམས་ཡོད་དེ། མགོ་རྡོའི་ཕ་རྒན་མགོ་ན་སྡོད་རྩ་སྔོན་པོ་ཞིག་འབུར་དུ་ཐོན་ཡོད་པ་དེའི་སྐོར་དང་། ད་དུང་ཆང་འཐུང་རྗེས་གོམ་འགྲོས་འཁྱོར་ཞིང་དམུ་རྒོད་ཀྱི་ཉམས་ཐོན་པ། དོག་ཅིང་རིང་བའི་ས་འོག་དོང་ལམ། འབགས་སླད་དང་སྒྲིག་ལམ་གོ་རིམ་མེད་པར་འཁྲུགས་པའི་ཕག་ཟོག་ཚོང་ར། མཁོ་ཚོང་མཉམ་ལས་ཁང་གི་མཛོད་ཁང་གི་ར་སྐོར་མཐོན་པོ། རྙོག་ཟིང་ཆེ་བའི་རྩྭ་ལྡུམ་འཁན་པ། འཇམ་ཐིང་ངེར་ཡོད་པའི་ར་སྐོར་ཆུང་བ་བཅས་ཡིན། ཁོས་ཡིད་ལ་དྲན་རྒྱུར་ཕག་ཟོག་ཚོང་ར་བརྒྱུད་ནས་འགྲོ་སྐབས་མགོ་རྡོའི་ཕ་རྒན་གྱིས་ལག་ཞོར་དུ་ཕག་གསོད་གྲི་རིང་ཞིག་ཁྱེར་བ་ན། གདོང་ལ་གདུག་རྩུབ་མངོན་པའི་ཕག་གསོད་བཟོ་པས་ནི་ཁོའི་རྗེས་སྙེག་འོངས་ནས་རྡུང་རེས་མི་བྱེད་པར་ཧ་ལས་ཚུལ་ཞིག་གིས་མིག་རིལ་དགུང་ལ་གཏད་དེ། ཨ་ཁ། དགུང་ནས་བྱེ་སེར་བབ་བྱུང་། ད་ནི་སྐྱོན་ཆག་འབྱུང་རྒྱུ་རེད། སྐྱོན་ཆག་ཆེན་མོ་ཞིག་འབྱུང་རྒྱུ་རེད་ཅེས་སྨྲས། མཁའ་ནས་བྱེ་སེར་གྱི་ཕུང་པོ་འདུས་པ་ཇེ་ནས་ཇེ་མཐུག་ཏུ་ཕྱིན་པས་རྨི་ལམ་ལྟར་སྣང་། དེའི་ཕྱིས་སུ་ཀྲི་ཨེར་གྱི་ཨ་མས་ཀྱང་དེ་ལྟར་ཧང་སང་ནས་དངངས་སྐྲག་སྐྱེ་བའི་མིག་གིས་ཅེ་རེར་ལྟ་དགོས་པ་ཞིག་བྱུང་། ཁོ་མོས་མཐོང་བ་ནི་མཁའ་ནས་བྱེ་སེར་བབས་པ་དེ་མ་ཡིན་པར། ཁོ་མོས་རང་ཉིད་ཀྱི་མགྲིན་པ་ནས་ཁྲག་དམར་སིབ་སིབ་ཏུ་འཛག་པ་མཐོང་ཞིང་། སྐེ་པ་ཕྲ་མོའི་ངོས་སུ་སྦགས་པའི་ཁྲག་སྡོང་རེ་རེའི་གསེང་ནས་ཅི་ཞིག་ཡོད་ཡོད་འདྲ་བའི་སྣང་བ་ཞིག་གིས་ལག་པས་འཁྱུད་ཙམ་བྱེད་བཞིན་ཁྲག་དམར་དེ་ཕྱིར་ལུས་སྟེང་དུ་སིམ་ན་སྙམ་ཡོད་པ་འདྲ།

དེ་ནས་ཁོ་མོས་དངངས་སྐྲག་སྐྱེ་བཞིན་པའི་མེང་ཧྲེང་མཐོང་སོང་། མདུན་དུ་གོམ་གང་སྤོ་ཞིང་མཇིང་པ་ལས་ཆུའི་ལྦུ་བ་འཕྱུར་བ་བཞིན་གྱི་ཡ་མཚན་པའི་སིར་སྒྲ་ཞིག་གྲགས་བཞིན། ཁོ་མོས་མེང་ཧྲེང་རང་གི་རྒྱབ་ཏུ་དེད་ནས་ལག་མཐིལ་ཡོངས་སུ་ཁྲག་དྲོན་གྱིས་སྦགས་པ་དེ་མེང་ཧྲེང་གི་གདོང་ལ་རེག

མེང་ཧྲེང་གི་བསམ་པར་ཁྲག་དེ་ནི་ལྷོག་ལྷོག་ཏུ་འཁོལ་བཞིན་པ་དང་མཚུངས་པར་བྲེད་སྐད་རྒྱག་ཁོམ་ཀྱང་མ་བྱུང་། ཡོད་ཚད་མགོ་བརྩམས་པ་ཤིན་ཏུ་འཚབ་འཚུབ་ཆེ་ཞིང་མཇུག་རྫོགས་པའང་དུས་ཤིན་ཏུ་ཐུང་བ་ཞིག་ཡིན། ལོ་ན་ཕྲ་བའི་མེང་ཧྲེང་གི་གདོང་ཧྲིལ་པོ་ཁྲག་དྲོན་གྱིས་ཁེབས་པའི་ངང་ནས་ནམ་མཁའི་ཁྱོན་ཡངས་སུ་བྱེ་སེར་གྱིས་བཀང་བ་ལྟ་བུའི་ས་སྲོས་ཀློང་ན་འགྲེང་སྟེ་ཧ་ལས་ཚུལ་ཞིག་གིས་ཁ་མིག་ཆེར་གདངས་ཡོད།

ཀྲི་ཨེར་གློ་བུར་སར་བསྒྱེལ་བའི་སྐད་ཅིག་ཙམ་དེར། མེང་ཧྲེང་གིས་མགོ་རྡོའི་ཕ་རྒན་གྱི་ངམ་གནག་གདུག་རྩུབ་ཆེ་བའི་རྣམ་འགྱུར་དེ་གློ་བུར་སྐྲག་སྣང་ཞིག་ཏུ་གྱུར་སོང་བ་མཐོང་། ཁོས་མགོ་བོ་བསྒུར་ནས་ཐང་གི་ལུང་ཡོངས་སུ་ཁྲག་གིས་སྦགས་པའི་མི་དེ་ལ་ཡུད་ཙམ་ལྟ་ཞིང་སླར་ལག་གི་ཕག་གསོད་གྲི་རིང་ལ་འཁྱུག་ཙམ་ལྟ་བཞིན། སོམ་ཉིའི་དྲ་བར་ཚུད་པའི་སྒོ་ནས་གནས་ཚུལ་ཅི་ཞིག་བྱུང་སོང་ཞེས་དྲིས།

མེང་ཧྲེང་གིས་མགོ་བོ་གཡུག་གཡུག་བྱེད་བཞིན་ཕྱིར་གོམ་གང་སྤོས་ཤིང་། དེ་ནས་ཡང་གོམ་གང་སྤོས།

མགོ་རྡོའི་ཕ་རྒན་གྱིས་རྐང་སྣམ་ཐོག་ལ་ལག་ངོས་ཀྱི་ཁྲག་ཤུལ་ཕྱི་བདར་བྱེད་མགོ་བརྩམས། ཡིན་ཡང་ཁོའི་རྐམ་སྣམ་ཐོག་ན་ཀྲི་ཨེར་གྱི་ཨ་མས་གཏོར་བའི་ཁྲག་ཀྱང་ག་སར་འབྱར་ཡོད། ཕྱིས་ཀྱིན་ཕྱིས་ཀྱིན་དུ་ཁྲག་ཤུལ་ཇེ་ནས་ཇེ་མཐུག་དང་ཇེ་ནས་ཇེ་གར་དུ་སོང་ཞིང་། ཁོའི་ལག་པ་ཕྱིར་བསྐོར་བྱས་པའང་ཇེ་ནས་ཇེ་བས་ཀྱང་མགྱོགས་མྱུར་ཆེ་ཞིང་སེམས་འཚུབ་ཀྱིས་སྡོད་བཟོད་མི་བདེ་བ་ཞིག་ཏུ་གྱུར།

མེང་ཧྲེང་གཞི་ནས་སྐྲག་ཐག་ཆོད་དེ་ལུས་འདར་སིག་སིག་བྱེད་མོད། འོན་ཀྱང་ཁོའི་མིག་མདངས་ནི་ཤིན་ཏུ་གཙང་ཞིང་གསལ་ལ་གྲི་ངོས་དང་མཚུངས། ཁོས་རང་ཉིད་ཀྱི་གཟུགས་པོ་ཤ་རྒྱགས་པ་དེ་རྗེས་ཤུལ་ཙམ་ཡང་མི་མངོན་པའི་སྒོ་ནས་ཐག་འཁྱུད་མེ་ཏོག་གི་རྒྱབ་ཏུ་གནས་སྤོས། སྨག་རུབ་འགོ་བརྩམས་ཤིང་མཁའ་རུ་སྔོ་དཀར་ཆགས། ཁོ་རང་སྔོ་དཀར་ཆགས་པའི་མཚན་མོའི་འོད་མདངས་གསལ་པོར་ཕྱོགས་ནས་བསམ་རྒྱུར། ཇི་འདྲིའི་སྐྱིད་པ་ལ། བདག་ཀྱང་ཐག་འཁྱུད་མེ་ཏོག་ཅིག་ཏུ་འགྱུར་ཐུབ་ན་ཅི་མ་རུང་སྙམ། སྨྲ་བ་གཞན་ནི་བརྗོད་མི་ཤེས་པས་མཚན་ལྗོངས་ཧྲིལ་པོ་ཁོག་ཏུ་བཅུག་བྱུང་།

ཡུན་རིང་པོ་ཞིག་ལ། མེང་ཧྲེང་དངངས་སྐྲག་གི་ཁྲོད་ནས་གཉིད་སྟུག་པོ་ཁུག་ཅིང་། ར་སྐོར་ནང་འུར་སྒྲ་ཆེན་མོ་ཞིག་གྲགས་ཏེ་ཁོ་རང་གཉིད་ལས་དངངས་སད་རྒྱག་རག་བར་དུ་སད་མ་བྱུང་། ཁོ་རང་ཤིང་སྡོང་གི་གྲུ་ག་ཞིག་ནས་འཁུམས་ཏེ་སྔངས་འགྲོགས་ཤིག་གིས་མཆིལ་མ་མིད་ཀྱིན་ཧ་ལས་ཧོན་འཐོར་གྱི་ངང་ནས་ར་སྐོར་ཆུང་བའི་ནང་ཟང་ཟིང་ལང་ལོང་བྱེད་བཞིན་པའི་མི་རྣམས་ལ་བལྟས་ཏེ། གྲང་ཤུར་ཤུར་གྱི་སྒོ་ནས་སྨག་ནག་གི་ཕྱོགས་སུ་ན་རེ། ཡ་མཚན་རྒྱུ་ཅི་ཡོད། མི་ཞིག་ཤི་སོང་བ་མིན་ནམ་ཟེར།

མཚན་མོ་དེར། མེང་ཧྲེང་གི་ལུས་ཧྲིལ་པོའི་རྩ་འཁུམ་སྟེ་ཞག་གང་བོར་ཁ་ནས་གང་བྱུང་དུ་སྨྲས། གཉིས་ལས་སད་རྗེས་ལུས་ཧྲིལ་པོ་རྔུལ་ཆུས་བངས་འདུག་ཅིང་། རྐྱེན་ངན་འབྱུང་རྐྱེན་ནི་ཁོ་ངར་རེད་འདུག ད་ནི་ཇི་ལྟར་བྱ་དགོས་སམ། སྲོག་ལ་བབ་ཀྱང་གནས་ཚུལ་ངོ་མ་དེ་ཁོས་དྲང་པོར་བརྗོད་མི་སྲིད། དེའི་རྒྱུ་མཚན་ནི་མ་གཞི་ནོར་འཁྲུལ་དེ་ཧེབ་རྒན་མས་བཟོས་པ་ཡིན། ཁོ་མོ་དེ་འདྲའི་ཐ་ཆད་འཆལ་མོ་ཞིག་མིན་ཚེ་འཆི་ཡང་ག་ལ་སྲིད། ད་དུང་རུས་ལིང་ཧུའུ་ཅན་ཟེར་བ་ཞིག་ཀྱང་ཡོད། ཚང་མ་ཁོ་ཚོའི་ནོར་འཁྲུལ་ཡིན་པས། འགན་འཁུར་མཁན་དེ་ཁོ་རང་བྱེད་དགོས་དོན་ཅི་ཡོད་སྙམ། དེ་ལྟར་བསམ་གྱིན་བསམ་གྱིན་དུ་མེང་ཧྲེང་གི་སེམས་འཚབས་ནས་འཁྲུག་པར་གྱུར་པའང་རིམ་གྱིས་ལྷོད་དུ་བབས་པར་མ་ཟད་མཁྲེགས་པོ་འཁྱགས་དར་ཆགས་པ་ལྟ་བུ་ཞིག་ཏུ་གྱུར། དེ་ལྟར་དུ་མི་འགྱུར་ནའང་འགྱུར་དགོས་འདུག དེ་ལྟ་མ་བྱས་ཚེ། ཁོ་རང་གསོན་ཐབས་མི་འདུག་སྟེ་རྗེས་ཕྱོགས་མཚན་མོ་རེ་རེ་དེ་ཁོའི་རྨི་ལམ་འཚུབ་པོ་ཞིག་ཡིན་པས་ཟླ་མེད་ཀྱི་སྟོབས་ཤུགས་ལྡན་ན་ད་གཟོད་གསོན་ཐུབ། ཁོ་རང་ད་དུང་ན་ཕྲ་བས་གསོན་ཐུབ་དགོས་ལ། གསོན་དགོས་ན་ཧུའུ་རྒན་པོར་གསོ་རུ་འཇུག་དགོས་ཕྱིར་དུས་ཚོད་རིང་པོ་རྗེས་སུ་ཡོད་པ་མིན་ནམ། སེར་ག་གས་པའི་ཁ་ཤའི་ཟུར་དུ་འཛུམ་དགོད་ཕྲ་མོ་ཞིག་གཡེང་ཞིང་འཕྱོ། དེ་ནས་ཁོ་རང་རྐང་རྗེན་དུ་ཧུའུ་རྒན་པོའི་མདུན་ལ་རྒྱུག་སྟེ། ཨ་མྱེས། རྗེས་ཕྱོགས་ངས་ཅི་ལྟར་བྱེད་ཅེས་དྲིས།

ཧུའུ་རྒན་པོས་ཉམ་ང་བའི་མེང་ཧྲེང་པང་དུ་འཛིན་བཞིན། སྐྲག་མི་དགོས། ཨ་མྱེས་ཡོད་ཟེར།

བཅུ།

ཤིད་ཆས་ཚོང་ཁང་ནི་དོན་ངོ་མར་ཧུའུ་རྒན་པོའི་ཡིན་ཏེ། པུར་ཆོག་ཁང་གི་སྲང་མདོའི་གནས་ཡུལ་བཟང་ཤོས་ཡིན། པུར་ཆོག་ཁང་ནི་རྫོང་མཁར་གྱི་ཤར་ལྷོའི་གྲུ་ཟུར་དུ་ཡོད་ཅིང་དེ་ནས་ནང་ཕྱོགས་སུ་ཕྱིན་ན་རི་མཐོ་ཞིང་གཡང་གཟར་ཆེ་བ་ཞིག་ཡིན་ལ། ཤིད་ཆས་ཚོང་ཁང་གཅིག་པུ་མ་གཏོགས་ཚོང་ཁང་གཞན་མེད་པས་ཉོ་ཚོང་འཁོར་རྒྱུག་བྱས་པ་ཤིན་ཏུ་བཟང་།

ཧུའུ་རྒན་པོས་ཤིད་ཆས་ཚོང་ཁང་གི་ལྡེ་མིག་དང་ཚོང་སྒོ་འབྱེད་བྱེད་ཀྱི་དངུལ་ཁྲི་གསུམ་ཡོད་པ་དེ་ཀྲའོ་དབྱི་ལ་སྤྲད་རྗེས། ཉིན་གསུམ་ཙམ་ལས་མ་འགོར་བར་མེང་ཧྲེང་གིས་ཀྲའོ་དབྱིའི་ཉལ་ཤག་དེ་བུ་གཙང་ཕྲན(མིང་དེ་མ་ཡིག་ཏུ小江河ཞེས་འབྱུང་བ། དགོས་དབང་གིས་དོན་བསྒྱུར་བྱས་ཡོད། བོད་འགྱུར་གྱི་མཆན།)གྱི་དཔེ་ཤག་ཏུ་བརྗེས་པ་དང་། བར་ཁྱམས་ཏུ་རས་ཀྱི་ཡོལ་བ་ཞིག་འཐེན་ནས་ནང་དུ་རྨིད་གཅིག་གི་རིང་ཚད་ཅན་གྱི་ལྕགས་དྲའི་ཉལ་ཁྲི་ཞིག་བཞག

ཉིན་པར་ཁྱོད་རང་ཚོང་ཁང་དུ་བསྡད་ཡོད། གང་ལྟར་འདི་གར་དགོང་མོའི་དུས་སུ་ངལ་གསོ་ས་ཙམ་མིན་ནམ། མེང་ཧྲེང་གིས་དེ་ལྟར་སྨྲས།

ཀྲའོ་དབྱིས་མོས་མཐུན་སྒོས་མགོ་བོ་ནང་འགུག་བྱེད་བཞིན། རེད། དགོང་མོར་ངལ་གསོ་ས་ཙམ་ཡིན།

མཚན་མོར། སྐབས་སྐབས་སུ་མེང་ཧྲེང་ཁྱོ་ཤུག་གཉི་གའི་ཉལ་ཤག་ལས་ཁོ་གཉིས་ཀྱིས་འདོད་པའི་དཔལ་ལ་རོལ་བའི་འཁུན་སྒྲ་སྒྲོག་བཞིན་པ་ཐོས་འོངས་པས། ཀྲའོ་དབྱིས་རང་དབང་མེད་པར་སེམས་ལ་ཧྲུའུ་ཨེར་དྲན་འོང་སྟེ་ངོ་གདོང་དུ་བྱ་སྤུ་ཞིག་མཁའ་ལ་གཡེང་བ་བཞིན་ཅི་ཞིག་གིས་བརྡབས་ཙམ་བྱས་པས། ཁོས་རང་ཉིད་ཀྱི་ལུས་ལ་རེག་ཙམ་བྱེད་ཅིང་། ཡིད་ཐག་ཆད་ནས་སྟོང་པར་གྱུར་པའི་ཉོབ་སྣང་དེ་རུས་པའི་གཏིང་རུམ་ནས་བསྐྱེད་འོངས།

མེང་ཧྲེང་ཡུན་རིང་ནས་ཁོ་དང་མཛའ་བརྩེ་མེད་པ་ཆགས་ཡོད།

ཁོ་ལའང་ཁག་ཅི་ཡོད། ཕངས་སེམས་སྐྱེ་བ་ཞིག་ལ་ལོ་དེར་དོན་རྐྱེན་བྱུང་རྗེས་བྱིས་པ་འདི་སྐྲག་ཐག་ཆོད་ནས་སྙིང་སྟོབས་ཇེ་ཆུང་དུ་སོང་འདུག་ཅིང་། དགུང་མོར་གཉིད་སྐབས་ཀྱང་གློག་སྒྲོན་གྱི་སྒོ་མི་གཏད་པ་དང་སློབ་སྦྱོང་ཡང་ཇེ་ཞན་དུ་སོང་འདུག་པས། ཟ་རྒྱུ་དགའ་ཞིང་ལས་རྒྱུར་སྡུག་པའི་སྤྱོད་ངན་དེ་ཁོ་ན་ཉིད་སྔར་བཞིན་གཤིས་ཀར་གྲུབ་ཡོད་དེ། ཟས་ཟོས་དྲགས་ནས་ཤ་རྒྱགས་པ་ཆགས་ཏེ་རྒྱ་མ་སུམ་བརྒྱར་སླེབས་འདུག་པས་རྒྱ་གོང་ལའང་ཞུགས་མི་ཕོད། སྨན་པ་ན་རེ། ལུས་ཚོན་པོ་ཡིན་པ་དེ་སེམས་ཁམས་ཀྱི་འགལ་རྐྱེན་གྱིས་བཟོས་པར་བཤད། སྨོས་ཅི་དགོས་ཏེ། དེ་འདྲའི་སྡུག་ཚུལ་ལྟ་མི་བཟོད་པའི་རྣམ་པ་ཞིག་བྱིས་པ་ཞིག་གིས་ཅི་ལྟར་བཟོད་ཐུབ།

རྒྱལ་ཁབ་ཀྱི་མཇུག་མཐའི་ཚབ་བྱེད་སྲིད་ཇུས་སྐབས་སུ། ལོ་ན་ང་གཉིས་ལ་སོན་པའི་ཀྲའོ་དབྱིས་བྱ་བ་ཚབ་བྱེད་རྒྱུ་དེ་མེང་ཧྲེང་ལ་བྱིན་སོང་། བློ་ཡུལ་ལས་འདས་པ་ཞིག་ལ་མེང་ཧྲེང་ལས་ཐུན་ལ་ཞུགས་ནས་ཟླ་བ་གཅིག་ཙམ་ལས་མ་འགོར་བར་ལས་ཀ་དེ་རྒྱུན་བསྐྱངས་མ་སོང་། ཁོ་ན་རེ། ཆད་སྣང་གིས་བཟོད་མི་ནུས་ཟེར། ཕྱིས་སུ་བུད་མེད་རྐང་གྱོལ་ཞིག་ཆུང་མར་བླངས་ཏེ་གཙང་ཕྲན་ཟེར་བའི་བུ་ཞིག་སྐྱེས། ཁྱིམ་ཚང་གང་བོའི་ཁ་རྒྱབ་ཡོད་ཚད་ཀྲའོ་དབྱི་གཅིག་པུར་བརྟེན་ནས་འཚོ་བ་རོལ་ཡོད། དེ་འདྲ་ཡིན་ནའང་། མེང་ཧྲེང་གིས་མི་བསད་ཀྱི་གྱོད་གཞི་བྱུང་བའི་ཉིན་དེར་གཉིད་ལས་སད་རྗེས་ཁོ་ལ་ཨ་མྱེས་ཞེས་ཐེངས་གཅིག་ཙམ་ལ་བོས་ཡོད་པ་མ་གཏོགས་ཡང་ཡང་དེ་ལྟར་འབོད་མྱོང་མེད།

མེང་ཧྲིན་ཁྱིམ་མི་གང་བོས་ཁོ་ལ“གསོ་མཁན”ཞེས་འབོད།

ཁོས་ཀྱང་ངོས་ལེན་བྱས་ཡོད། ད་ནི་དེ་ལྟར་བོས་ཀྱང་མི་སྐྱོན་ཏེ། མེང་ཧྲེང་ཡང་ཁོ་དང་འདྲ་བར་ཁོའི་ཕ་མ་གཉིས་ཀྱང་འདས་ཟིན་ཞིང་། ཆ་མེད་རྒྱུས་མེད་ཀྱི་རྫོང་མཁར་འདིར་མེང་ཧྲེང་ཚང་ཁོ་ནར་ཁྲག་རྒྱུད་ཀྱི་འབྲེལ་བ་མེད་པ་མ་གཏོགས། ཁོ་ལ་འབྲེལ་བ་ཡོད་པའི་མི་གཞན་སུ་ཡང་མེད། ཁོའི“ཡུལ་མི”ཞིག་ཏུ་འགྱུར་ཐུབ་མཁན་སུ་ཡང་མེད།

དགའ་འོས་པ་ཞིག་ལ་ཐག་འཁྱུད་མེ་ཏོག་གི་ཤིང་སྡོང་དེ་ད་དུང་ཡོད་ཅིང་། ལོ་རེ་རེར་ཁ་བས་གཡོགས་པ་བཞིན་མེ་ཏོག་ཁྲ་ཆིལ་ལེར་ཡོངས་སུ་བཞད་སྲིད། སྙིང་ཉེ་བའི་ཤིང་སྡོང་འདི་ནི་ཁོ་ལ་ཆེས་མཛའ་བརྩེ་ཡོད་པའི་ཡུལ་མི་དེ་ཡིན།

བཅུ་གཅིག

ཙག་རླུང་གི་རྒྱུ་ཤུགས་ཇེ་དྲག་ཏུ་ཕྱིན་ཅིང་། ས་ངོས་སུ་འཁྱིལ་འོང་དུས་དཀར་གཙང་གི་མེ་ཏོག་བ་མོ་སྲབ་བུ་རེ་ལྡང་འོངས་ཏེ་འཇིག་རྟེན་གཞན་ཞིག་ལ་བགྲོད་པའི་ལམ་བུ་དང་མཚུངས།

དེ་རིང་ནི་གཟའ་པ་སངས་ཡིན་པས། གཙང་ཕྲན་ཡུལ་ལ་ལོག་པའི་ཉིན་མོ་ཡིན།

ཧུའུ་རྒན་པོས་ལག་པ་འཕུར་འཕུར་ཞིག་བྱེད་བཞིན་གང་སར་མེ་ཏོག་བ་མོས་ཁྱབ་པར་ལྟ་ཙམ་བྱས་ཏེ། གཉའ་ཀུམ་ཀུམ་བྱས་ནས་མེ་ཕོར་ནང་རྡོ་སོལ་ལེབ་མ་གཉིས་བསྣན་རྗེས། ན་རེ། འོ་ན་ཁྱོད་རང་སོང་དང་། ངས་འདི་ག་སྲུང་། ལམ་ནས་སེམས་ཆུང་བྱོས་ཟེར།

ཀྲའོ་དབྱིས་མགོ་བོ་ནང་འགུག་བྱས་ཏེ། དལ་བུར་སྐེད་པ་སར་བསྒུར་ནས་རས་ལྷམ་ཞབས་མཐུག་པོ་ཅན་དེ་གྱོན་ཅིང་འགྲོ་ཁར་ཚོང་སྒྲོམ་ཐོག་གི་རུས་ཐལ་སྒམ་ལ་མཛུབ་མོ་བསྟན་ནས་སྐུལ་སློང་བྱས། ཧུའུ་རྒན་པོས་སུན་སྣང་སྐྱེ་བའི་སྒོ་ནས། ངས་ཤེས་ཡོད། ཤེས་ཡོད། ད་ཁྱོད་ཀྱིས་སེམས་ཁུར་ཅི་འདྲ་བྱས་རུང་། དྲིན་ལན་ལོག་འཇལ་བྱེད་མཁན་གྱི་ཧེབ་རྒན་མ་དེས་ཧ་གོ་མི་སྲིད། ཧ་གོ་ཡང་ཁྱོད་རང་བཟང་ཚུལ་ཞིག་དྲན་མི་སྲིད་ཅེས་སྨྲས།

ཀྲའོ་དབྱི་ངང་རྒྱུད་རིང་བའི་སྒོ་ནས་འཛུམ་དགོད་ཅིག་ལངས་ཏེ། ལྭ་རིང་དམ་པོར་ནང་དུ་གཅུ་ཞིང་རླུང་འགོག་སྤོས་འགྱིག་གི་ཁ་ཕྱེས་ཏེ་སྐམ་རིད་ཀྱི་འབྲས་སོག་ཅིག་དང་འདྲ་བར་རླུང་ནང་དུ་བསྒྲིལ།

སློབ་གྲྭའི་སྒོ་ཁར་བསྒུགས་ནས་དུས་ཚོད་དྲུག་ལ་སླེབས་ཀྱང་གཙང་ཕྲན་སྒོར་ཐོན་མ་སོང་། ཀྲའོ་དབྱིས་ཡང་དང་བསྐྱར་དུ་ཅང་ཕྲུག་དང་མེང་ཧྲེང་གཉིས་ལ་ཁ་པར་བཏང་། ཁོ་གཉིས་ལས་གཅིག་ལ་ཁ་པར་འཕྲོད་ཐབས་མ་བྱུང་། ཅིག་ཤོས་ལ་འཕྲོད་ནི་འཕྲོད་ཀྱང་དང་ལེན་བྱས་མ་སོང་། དེ་ལྟར་ཆེས་མཐའ་མཇུག་གི་སློབ་ཕྲུག་དེ་སྒོར་ཐོན་རག་བར་དུ་བསྒུགས་ཀྱང་སླེབས་མ་བྱུང་བར་ཀྲའོ་དབྱི་བྲེལ་འཚུབ་བྱུང་ནས་མིག་རྩ་དམར་པོར་གྱུར་ཏེ་སློབ་རའི་ནང་བརྒྱུགས། བག་ལ་ཞ་བའི་རྩྭ་ལྡུམ་དག་ཀྱང་བཅག་བཅག་མནན་མནན་བྱས་ཏེ་དགོང་མོའི་ཆུ་ཚོད་བརྒྱད་ལ་སླེབས་རག་བར་དུ་བཙལ་བས་གདོང་ལ་འཁྱགས་ཧྲེངས་ཐེབས་ཀྱང་། སྔར་བཞིན་ཅང་ཕྲུག་གི་གྲིབ་མ་ཙམ་ཡང་རྙེད་མ་སོང་།

སྨག་གཞི་ནས་རུབ་སོང་། མཁའ་ལས་ཁ་བ་ལྷབ་ལྷུབ་ཏུ་གཡོ་ཞིང་ཚ་ཁུ་བཞིན་ཀྲའོ་དབྱིའི་སྣ་གདོང་ལ་རེ་རེ་བཞིན་བརྡེགས། ཀྲའོ་དབྱི་ག་བྱེད་འདི་བྱེད་མེད་པར་ལུས་ཏེ་སྟོང་སང་སང་དུ་གྱུར་པའི་ལུས་རྩལ་ཐང་ལ་ཅེར་བཞིན་སྣ་མགོར་སྦྲིད་ཚོར་ཞིག་བྱུང་བས་མིག་རྩའང་དམར་པོར་གྱུར།

གཙང་ཕྲན་ལ་མཚོན་ན། འཚོ་བའི་མནར་གཅོད་མང་པོ་མྱངས་མཐར་ད་གཟོད་འཚར་ལོངས་བྱུང་ནས་མཚམས་འདིར་སླེབས་པ་ཡིན། མེང་ཧྲེང་གིས་རང་ཉིད་ལས་ཀྱང་སྒྱིད་ལུག་པའི་བུད་མེད་ལས་ལ་མི་སྤྲོ་བ་ཞིག་ཆུང་མར་བླངས་ཡོད་ཅིང་། ཐ་ན་མངལ་ཆགས་རྒྱུར་ཡང་ངལ་བར་འཛེམ་སྟེ་ཕྲུ་གུ་ཆགས་ནས་ཟླ་བ་གསུམ་ཙམ་ཡང་མ་ལོངས་པར་ལྟོ་བ་གཤགས་ནས་བཙས་པ་ན། ཕྲུ་གུར་རྒྱ་མ་བཞི་ཙམ་ཡང་མེད་པས་བྱི་ཕྲུག་ཅིག་ལས་ཆེ་ཙམ་ཡིན། མེང་ཧྲེང་གི་ཆུང་མས་ད་དུང་ཕྲུ་གུ་ནུ་འོས་ཀྱང་གསོ་མི་འདོད་དེ་བྱིས་པ་པང་དུ་འགོས་མ་ཐག་རྨ་ཁ་ན་འོང་ཚུལ་དང་རྨ་ཁ་གས་འགྲོ་ཚུལ་ལབ་འོངས།

ནུ་འོས་གསོས་མ་མྱོང་བའི་གཙང་ཕྲན་ལ་མཚོན་ནས་བཤད་ན། རྒན་པོ་ཀྲའོ་དབྱི་ཡིས་བྱིས་པའི་ཕ་མ་ཞིག་གི་ལྟ་སྐྱོང་དང་། སྤོ་བོ་སྤོ་མོ་ཞིག་གི་གཟིགས་སྐྱོང་། ཐ་ན་ཨ་ཕྱི་ཨ་མྱེས་ཤིག་གི་བདག་སྐྱོང་ཡོད་ཚད་ཀྱི་ཚབ་བྱས་ཏེ་གཙང་ཕྲན་ཇི་ལྟར་བྱས་ནས་གཉོར་སྐྱོང་བྱས་པ་དེ་ཁོ་རང་ཉིད་ལའང་གསལ་པོར་བརྗོད་རྒྱུ་མེད་པར། མདོར་ན་ལས་ཀ་ཕྲན་ཚེགས་གྲངས་ཀྱིས་ཆོད་དཀའ་བ་མང་པོ་དང་གཉིད་མི་ཁུག་པའི་མཚན་མོ་བགྲང་ལས་འདས་པ་ཞིག་ཡོད་པ་ལས་གཞན་ཅི། རྫོང་མཁར་གྱི་མི་ཀུན་གྱིས་ཀྱང་ཤེས་ཏེ་ཀྲའོ་དབྱི་ཟེར་བའི་རྒན་པོ་སེམས་བཟང་འདི་མིན་ཚེ། གཙང་ཕྲན་ཁོ་རང་སྔ་མོ་ཞིག་ནས་གྲོག་གྱོང་གྲམ་ཐང་གང་རུང་ཞིག་ཏུ་འཕངས་ཡོད་སྲིད།

གཙང་ཕྲན་ལོ་དྲུག་ལ་སོན་སྐབས། ཀྲའོ་དབྱིས་ཅི་ལྟར་བལྟས་ནའང་གཙང་ཕྲན་གྱི་མཆུ་ཏོའི་ཤ་མདོག་དེ་རྒྱུན་ལྡན་ཞིག་མིན་པར་སྨུག་ནག་ཏུ་གྱུར་ཡོད། དེ་ནས་སྨན་ཁང་དུ་ཁྲིད་དེ་བརྟག་དཔྱད་བྱས་པས་སྙིང་ཁམས་ལ་གནད་དོན་ཡོད་ཚུལ་དང་གཤགས་བཅོས་བྱེད་དགོས་ཚུལ་བྱུང་སོང་།

ཀྲའོ་དབྱི་ཕྱིར་ལོག་རྗེས་གཙང་ཕྲན་གྱི་ཕ་ལ་དེ་ལྟར་སྨྲས་པ་ན། ཕ་མེས་ཧྲེང་གིས་ཁ་མིག་ཆེར་བགྲད་དེ་ཆུང་མར་ལྟ་ཙམ་བྱེད་ཅིང་དེ་ནས་སླར་བྱིས་པར་ལྟ་ཙམ་བྱེད། མཇུག་ཏུ་ཡིད་གཏིང་ནས་སུན་པ་བྱུང་སྟེ་ཉིན་གསུམ་བཞི་ཙམ་གྱི་རིང་ལ་ཁ་ཅི་ཡང་མི་གྲགས་པར་བསྡད་རྗེས། ཀྲའོ་དབྱི་ལ་ན་རེ། ཁྱོད་སོང་ནས་ཧུའུ་ཅིང་ལ་དངུལ་ཉུང་ཙམ་བསྐྱི་རོགས་ཟེར།

ཀྲའོ་དབྱིས་ཧུའུ་རྒན་པོར་དེ་ལྟར་སྨྲས། ཧུའུ་རྒན་པོས་མ་དངུལ་གྱི་འགྲོ་སོང་བཏང་སྟེ་གཙང་ཕྲན་ལ་གཤགས་བཅོས་བྱས་རྗེས། སྨན་པ་ན་རེ། ལོ་བཅོ་བརྒྱད་ཐོག་ཕལ་ཆེར་ནད་གེགས་ཤིག་ལ་འཕྲད་འོང་སྲིད་ཅིང་བཀྲ་མི་ཤིས་པའི་འགལ་རྐྱེན་བར་ཆད་ཡོད་ཚད་དེར་ཁེགས་འདུག་པས། དངུལ་ཅུང་ཟད་གྲ་སྒྲིག་གྱིས་དང་། སྐབས་དེར་སླེབས་ཚེ་ད་དུང་དངུལ་འབོར་ཆེན་གཏོང་དགོས་ཟེར།

ཀྲའོ་དབྱི་ཡིས། སྐབས་དེ་ནས་བཟུང་ཉིན་མོ་རེ་རེ་དེ་ལི་ཐོ་བཞིན་རོལ་ཏེ་སྙིང་རྩ་ལུ་གུ་ལྡིང་ལྡིང་ལྟ་བུའི་ངང་ནས་འདར་གྱིན་ལི་ཐོའི་ཤོག་ལྷེ་རེ་རེ་བཞིན་གཤགས་ཤིང་རེ་རེ་བཞིན་བསྐྱལ།

མེང་ཧྲེང་ཁྱོ་ཤུག་གཉིས་ལ་ཉེན་ཁ་དེ་ཙམ་ཡོད་པ་མི་སྣང་བཞིན་ཟ་འདོད་སྐྱིད་འདོད་ངང་ནས་འདུག གང་ལྟར་ཁོ་ཚོར་ཀྲའོ་དབྱི་ཟེར་བའི་རྒན་པོ་བསམ་དཀར་ཞིག་ཡོད་ཅིང་། ཀྲའོ་དབྱི་ལའང་ཧུའུ་ཅང་ཟེར་བའི་མི་རྒན་སྦྱིན་གཏོང་ཆེ་བ་ཞིག་ཡོད།

སློབ་གྲྭའི་སྒོར་འབུད་དུས་སྤྱི་སྤྱོད་རླངས་འཁོར་སྔ་མོ་ནས་སོང་ཚར་འདུག་ཅིང་ལམ་གྱི་གློག་སྒྲོན་ཡང་གསལ་རྒྱུ་མ་བྱུང་། ཀྲའོ་དབྱིས་ཙག་རླུང་ཐོད་ལ་བསུས་ནས་དུས་ཚོད་གཅིག་ཙམ་རིང་སོང་ཞིང་རྣ་ཅོག་གཉི་གའང་གྲང་འཁྱག་ཐེབས་ནས་ཆད་སོང་བ་ལྟར་སྣང་བས་ད་ནི་ཕྱིར་ཡུལ་དུ་ལོག་པ་ཡིན། རྒྱང་ཐག་རིང་པོ་ནས་ར་སྐོར་ཆུང་བའི་ནང་སྒྲོན་འོད་གསལ་ཞིང་དུས་བདེ་ཞོད་འཇགས་སུ་འདུག་པ་མཐོང་བས། ཀྲའོ་དབྱིའི་སྙིང་རྩ་གློ་བུར་དྲག་ཏུ་ལྡིང་ཞིང་གོམ་ཁ་བྲེལ་འཚུབ་ཀྱིས་བླངས་ནས་ར་སྐོར་ནང་དུ་ཐོན་པར་བྱས་ཏེ་སྒོ་ཕར་དེད་པ་ན། ཉལ་ཤག་ནང་འུར་འུར་ཆིལ་ཆིལ་དུ་བཟའ་མི་གསུམ་པོས་ཏག་ཏག་རྒྱ་ཁོག་ཟ་བཞིན་བརྙན་འཕྲིན་ལ་བལྟས་ནས་བསྡད་ཡོད་ཅིང་། བརྙན་འཕྲིན་ནང་ངོ་གདོང་ནག་པའི་སུང་ཞའོ་པའོ(宋小宝)ཡིས་གློག་བརྙན་ཟློས་གར་གྱི་མི་སྣ་ཞིག་འཁྲབ་བཞིན་ཡོད་དེ། ཁོ་ཚོ་འཁྲུག་ཆ་དོད་པོའི་ངང་ནས་སྐྱིད་སྣང་ཆེན་པོ་བྱུང་ཡོད།

ཀྲའོ་དབྱིས་གཙང་ཕྲན་གྱི་བདེ་འཇགས་ལ་སེམས་ཁུར་བྱས་པ་དེ་ཡང་ལྷོད་ལ་བབས། ཡིད་འཚུབ་ཅིང་ཧོལ་གྱིས་ནང་དུ་འཛུལ་ཏེ། གཙང་ཕྲན། ཁྱོད་ཕྱིར་ལོག་ཡོད་དམ། ང་ལ་མི་སྒུག་དོན་ཅི་ཡིན་ཞེས་སྨྲས།

གཙང་ཕྲན་ཁ་ཕྱིར་འཁོར་ནས་ཀྲའོ་དབྱི་ལ་ཚུར་ལྟ་ཙམ་བྱས་ཏེ། མགོ་བོ་བྲང་ཁར་སྨད་ནས་སྡོད་པ་ལས་ལན་བཏབ་མ་སོང་།

མེང་ཧྲེང་ཁྱོ་ཤུག་གཉིས་ཀྱང་འབོལ་ཁྲིའི་སྟེང་ཕྲ་རྒྱན་དུ་བཀོད་པ་དང་འདྲ་བར་ཁ་གྲགས་མ་སོང་།

ཁྱོད་ལ་ཁ་པར་བཏང་ན་འཕྲོད་ཐབས་མི་འདུག་པ་རྒྱུ་མཚན་ཅི་ཡིན། བཤད་གླ་ཚར་སོང་བ་ཡིན་ནམ། ཀྲའོ་དབྱི་སེམས་འཚུབ་སྐྱེས།

གཙང་ཕྲན་གྱིས་ཁ་ནང་དུ་ཟས་གང་བརྫངས་ཏེ། ཨིན་ཞེས་གསལ་ལ་མི་གསལ་བ་ཞིག་བྱུང་།

འོ་ན་ཁྱོད་ཀྱི་ཁ་པར། ལན་གྲངས་དུ་མར་བརྒྱབ་ཀྱང་དང་ལེན་མི་བྱེད་པ་ག་རེ་ཡིན། ཀྲའོ་དབྱིས་སླར་མེང་ཧྲེང་ལ་དེ་ལྟར་དྲིས།

མེང་ཧྲེང་བརྙན་འཕྲིན་ནང་དུ་ཅེར། ལན་བཏབ་མ་སོང་།

ངས་ཁྱོད་ལ་འདྲི་བཞིན་པ་མ་གོ་འམ། ཀྲའོ་དབྱི་ཅུང་ཚིག་པ་ལངས་བྱུང་། ཁོའི་ཕོ་བ་ཅུང་ལྟོགས་ལ་གྲང་འཁྱག་ཀྱང་བྱུང་ཡོད། ཅི་ཁག་སྟེ་ལོ་བདུན་ཅུ་ལྷག་ཙམ་ལ་སོན་ཡོད་ཅིང་བུ་ཡུག་ཁྲོད་ནས་དུས་ཚོད་བཞི་ལྷག་ལ་ཕར་ཚུར་ཨ་ལོག་བརྒྱབ་ནས་བཟའ་བཏུང་ཡང་རག་མེད། ཡིན་ཡང་བཟའ་མི་འདི་གསུམ་པོས་ནི་སྣང་དག་མེད་པའི་ངང་ནས་དྲོ་ཐིང་ཐིང་བྱེད་པའི་མེ་ཐབ་ཀྱི་ལོགས་སུ་ཙོག་ཏེ་ཟ་རྐྱང་འཐུང་རྐྱང་ཁོ་ནས་བསྡད་ཡོད།

ཡིན་ནའང་ཁོ་ཚོའི་ཟས་ཀྱི་ལོངས་སྤྱོད་དང་མིག་གི་ལོངས་སྤྱོད་ཡོད་ཚད་དེ་རྒན་པོ་ཀྲའོ་དབྱིའི་ཡིན།

ངས་ཁ་པར་དང་ལེན་བྱེད་མིན་དེ་ལ་ཁྱོད་ཀྱི་ཆོག་མཆན་ཐོབ་དགོས་པ་ཡིན་ནམ་ཟེར་བཞིན། མེང་ཧྲེང་གིས་རེ་ཞིག་སྐད་ཆའི་ཚིག་མགོ་མཐུད་བྱུང་།

ངས་ཁ་པར་ལན་གྲངས་མང་པོ་བཏང་ཡང་ཅང་ཕྲུག་རྙེད་མ་སོང་བས། ང་རང་སེམས་ཁྲེལ་སྐྱེས་ནས་སྡོད་བཟོད་མེད་པ་བྱུང་སོང་ཞེས་སྨྲས།

གཙང་ཕྲན་ཁྱིམ་ན་ཡོད་པ་མིན་ནམ། ད་དུང་ཁྱོད་རང་ལེན་དུ་སོང་ཞེས་ཀྱང་སུ་ཞིག་གིས་བསྐུལ་སོང་ངམ་། གཙང་ཕྲན་ནི་ཁྱོད་ཀྱི་ཉེ་འབྲེལ་ཅི་ཡང་མིན་པས། ཁྱོད་ཀྱིས་ཀྱང་རང་ཉིད་སུ་ཞིག་ཡིན་སྙམ་ཡོད་ཟེར།

ཀྲའོ་རྒན་པོས་ཧད་དེ་བསྡད། གཙང་ཕྲན་ལ་ལྟ་ཙམ་བྱེད་བཞིན། བུ་ཆུང་། ཁྱོད་ཀྱིས་ཤོད་དང་། ཁྱོད་ངའི་ཉེ་འབྲེལ་ཅི་ཞིག་རེད།

གཙང་ཕྲན་གྱིས་གདོང་ཧྲིལ་པོ་དཀར་ཡོལ་ནང་ཡིབ་སྟེ། ན་རེ། ཨ་ཕས། ར་སྐོར་འདིའི་ཐོན་དབང་ཁོ་ལ་སྟེར་ཐུབ་ན། ངས… …ངས་ཁྱོད་ལ་སྤོ་བོ་ཞེས་འབོད་པར་ཨ་ཕ་འཐད། གལ་ཏེ་ཁྱོད་ཀྱིས་ལས་ཀ་མི་ལས་ཚེ། རྗེས་ཕྱོགས… … རྗེས་ཕྱོགས་ཡང་ཡང་ངས་ཁྱོད་ལ་སྐད་ངག་བསྲེས་རྒྱུ་མིན་ཞེས་སྨྲས།

… …

གཡོ་ཅོང་རྙིང་པ་དིར་དིར་དུ་གྲགས་ཏེ། བསྟུད་མར་ཡང་ལན་གྲངས་ཉེར་གཅིག་ལ་གྲགས་བྱུང་།

ཀྲའོ་རྒན་པོས་ཁ་རོག་གེར་ལྐོག་རྩིས་བརྒྱབ། ཕྱི་དྲོ་ཆུ་ཚོད་བཞིའི་ཐོག་ལམ་ལ་ཆས་པ་ནས་ད་སྔོན་ཏག་ཏག་བར་དྲོ་ཚད་གོར་ཐིག་མན་གྱི་བུ་ཡུག་ཁྲོད་ནས་ཁོ་རང་བཞད་ཆ་སློང་བའི་རྒྱུར་གྱུར་ཏེ་དུས་ཚོད་ལྔ་ཧྲིལ་པོ་ཞིག་ཕྱིན་འདུག་ཅིང་། མདང་དགོང་མེང་ཧྲེང་གིས་ཁོ་རང་སྒོར་ཕུད་ནས་ད་བར་དུའང་དུས་ཚོད་ཉེར་གཉིས་ཧྲིལ་པོ་ཞིག་སོང་འདུག ཡོད་ཚད་ར་སྐོར་དེའི་རྐྱེན་ཡིན།

དོན་ངོ་མར་ནམ་ཞིག་ཀྲའོ་རྒན་པོ་འདས་ཚེ། ར་སྐོར་དེ་མེང་ཧྲེང་ལ་དབང་བར་སྨོས་ཅི་དགོས། དེ་ཙམ་བྲེལ་བ་ལངས་ནས་ཅི་ཡོད།

ཀྲའོ་དབྱི་ཁ་ཕྱིར་འཁོར་ནས་དལ་བུར་མེ་ཐབ་ཀྱི་གམ་དུ་ཙོག་སྟེ། གཙང་ཕྲན་ལ་ན་རེ། སོང་ནས་ང་ལ་ཟ་མ་ཞིག་ཁྱེར་ཤོག་དང་། ངའི་ཕོ་བ་ལྟོགས་ཀྱི་འདུག ངས་ཁྱོད་རང་བཙལ་ནས་སློབ་རའི་ནང་གི་རྩྭ་ལྡུམ་ཐམས་ཅད་ཀྱང་བཅག་བཅག་བྱས་སོང་ཞེས་སྨྲས།

གཙང་ཕྲན་འཛུམ་དམུལ་ལེར་གད་མོར་ཤོར་ཏེ། ཡར་ལངས་ནས་འགྲོ་གྲབས་བྱེད་སྐབས། མེང་ཧྲེང་གི་ཆུང་མས་ཟ་མ་ཞིག་ལྷག་མ་སོང་། ཚང་མ་བྱི་བ་གསོ་བར་བྱིན་ཚར་ཞེས་སྐད་ཆ་ཞིག་བར་དུ་བཅུག་བྱུང་།

གཙང་ཕྲན་གྱིས་དཔུང་པ་གསིག་གསིག་ཅིག་བྱེད་བཞིན། ཀྲའོ་རྒན་པོར་འཁྱུག་ཙམ་བལྟས་ཏེ་རང་ཉིད་ཀྱི་མདུན་དུ་ཡོད་པའི་དཀར་ཡོལ་དེ་ཀྲའོ་རྒན་པོའི་སྔུན་ལ་ཕར་དེད།

ཀྲའོ་དབྱི་ཡུད་ཙམ་ལ་ཧོན་ཐོར་ནས་བསྡད་རྗེས། མགོ་དལ་བུར་གཡུག་གཡུག་བྱེད་བཞིན་དཀར་ཡོལ་ཕྱིར་དེད་ནས་ན་རེ། ང་ལ་མཚོན་ན་ད་ནི་འཆི་ལ་ཉེ་བས་ཟས་ཁམ་གང་ནི་ཟོས་ཀྱང་མ་ཟོས་རུང་དེ་ཙམ་རེད། ཁྱོད་ཀྱིས་ཟོས་ན་ལུས་གཟུགས་དར་འོང་། ཁྱོད་ཀྱིས་ཟོ་ཟེར།

གཙང་ཕྲན་གྱིས་སྐད་ཅོར་ཚ་པོས་ལག་པས་གཡུག་གཡུག་བྱས་ཏེ། གསར་བརྗེ་འཐབ་མོ་བ་ཁྱེད་ལོ་བརྒྱར་འདུག་ཐུབ་ཅེས་སྨྲས།

འདུག་མང་ན་མི་བཟང་། ཀྲའོ་དབྱིས་ཁྲོ་ཐབ་ཐོག་གི་སར་བྲུལ་བཞིན་པའི་རྩི་ཤུན་འཕུར་འཕུར་བྱེད་ཀྱིན་ཁ་གསལ་ཚིག་གསལ་སྒོས་ན་རེ། ཁྱོད་ཀྱི་ཨ་ཕས་ང་རང་ལོ་བརྒྱར་འདུག་རག་བར་དུ་སྒུག་མི་ཐུབ་ཟེར།

མེང་ཧྲེང་གི་རྣ་བས་ཀྱང་ད་དུང་ངལ་གསོས་མེད་དེ། ཧོ་ཧོ་ཞེས་ཟིལ་གྱིས་གནོན་པའི་གད་མོ་ཞིག་བགད།

གཙང་ཕྲན། ཁྱོད་ཀྱིས་ཤོད་དང་། ཁྱོད་རང་ར་སྐོར་ནང་གི་ཤིང་སྡོང་དེར་དགའ་པོ་ཡོད་དམ།

Of course! ཁོས་ཀྲའོ་རྒན་པོར་ཁ་བརྡ་བྱེད་དུས་དབྱིན་སྐད་ཚིག་འགའ་རེའང་ཤེས་ཁུལ་བྱེད། ཀྲའོ་རྒན་པོ་ནི་དམའ་འབྲིང་སློབ་མ་རྒན་པ་ཞིག་ཡིན་པས་ཧ་གོ་ཐུབ། འོན་ཀྱང་གཙང་ཕྲན་གྱི་ཕ་རྒན་དེ་ལས་ལྡོག་པ་ཡིན་ཏེ་ཧ་གོ་མི་སྲིད། ང་རང་ད་དུང་ཁྱོད་ཀྱིས་ཐག་འཁྱུད་མེ་ཏོག་གིས་བཟོས་པའི་བག་ཁུ་འཐུང་རྒྱུར་ཡངveryདགའ་པོ་ཡོད།

འོན་ཀྱང་། ཁྱོད་ཀྱི་ཨ་ཕས་ར་སྐོར་འདི་བླངས་རྗེས་ཐོག་མར་བསྒྲུབ་འདོད་པ་ནི་ཤིང་སྡོང་རྨང་ནས་གཅོད་རྒྱུ་དེ་ཡིན།

ཤིང་སྡོང་དེ་གཅོད་དགོས་དོན་ཅི་ཡིན་ནམ།

དེའི་རྒྱུ་མཚན་ནི། ང་རང་ཤིང་སྡོང་འདི་ལ་ཧ་ཅང་དགའ་ཞིང་། ཁྱོད་ཀྱི་ཨ་ཕ་ནི་ཤིང་སྡོང་འདི་ལ་ཧ་ཅང་སྡང་བས་སོ། །ཀྲའོ་རྒན་པོས་དེ་ལྟར་ལན་བཏབ། སྐད་ཆ་དེ་སྨྲས་ཚར་རྗེས་ཁོའི་སེམས་གློ་བུར་དུ་དཀར་ཞིང་གསལ་ལ་གུ་ཡངས་པོ་དང་སྐྱིད་པོ་རང་བྱུང་སོང་།

གསལ་པོར་ཤེས་སོང་། གཙང་ཕྲན་གྱིས་ཧིན་ཟེར་བཞིན། ཕ་རྒན་མེང་ཧྲེང་ལ་མིག་ལོག་ཅིག་བལྟས། སྡོང་པོ་གཅོད་པ་ནི་དབང་གྲགས་ལ་དམའ་འབེབས་བྱེད་པ་དང་མཚུངས་པར་དེ་ནི་ཆོ་ག་ཞིག་ཡིན། དེ་ལྟར་བྱས་ན་ད་གཟོད་ཁོ་རང་ར་སྐོར་འདིའི་བདག་པོ་ངོ་མ་དེ་ཡིན་ཏེ། གོང་མ་གསར་པས་ཆེས་ཡིད་གཟབ་བྱེད་པ་ནི་དེ་ག་རང་ཡིན་པས། གོང་མ་གསར་པས་ཁོ་རང་གསོད་སྲིད་པར་ཐེ་ཚོམ་མེད།

མེང་ཧྲེང་འབོལ་ཁྲིའི་ཐོག་ནས་དཀའ་ལས་ཤུགས་རྒྱག་སྒོས་མཆོངས་ལྡིང་བྱས་ཏེ་རྐེད་པ་ཧྲིལ་པོའི་ཤ་ཚོན་པོ་མེར་མེར་བྱེད་བཞིན། སྐྱག་ཕྲུག  ཁྱོད་ཀྱི་ཨོང་མགོར་ཟ་འཕྲུག་ལངས་བྱུང་ངམ། འཆི་མི་ཐུབ་པ་ཞིག་གཅར་དགོས་འདུག

ང་ལ་གཅར་རྡུང་བྱེད་རྒྱུ་ཡིན་ཟེར་རམ། ངས་ཁྱོད་ལ་བཟོད་སྒོམ་གོམ་པ་རྨིད་བརྒྱད་བརྒྱ་ལྟ་བུ་ཞིག་བྱས་ཆོག  གཙང་ཕྲན་ཧེ་ཧེ་ཞེས་གད་མོར་ཤོར་ཏེ། ཡང་ཁ་ཕྱིར་འཁོར་ནས་ཀྲའོ་དབྱི་ལ་ན་རེ། དོན་ངོ་མར་ང་ཚོས་གཞི་ནས་བསམ་གཞིགས་གཏོང་སྟངས་གཞན་ཞིག་གི་ངོས་ནས་བརྗོད་ཆོག་སྟེ། ཁྱོད་ཀྱིས་ང་ལ་ཐོན་དབང་བྱིན་རྗེས། ངས་ཤིང་སྡོང་མི་གཅོད་རྒྱུ་ཁག་ཐེག་བྱས་ཆོག་པ་མིན་ནམ། དྲང་མོར་བཤད་ན། ཐོན་དབང་ཁོ་གཉིས་ལ་སྟེར་རྒྱུ་དེ་དངོས་ནས་བློས་འགེལ་མི་ཐུབ་པ་ཞིག་རེད། སྔོན་ཆད་ཁོ་ཚོས་ཁྱོད་བྲད་པ་ཡིན། ད་རྗེས་ཕྱོས་ར་སྐོར་འབྲད་སྲིད།----ཐོན་དབང་ཁོ་ཚོར་བྱིན་ཚེ་ནམ་ཞིག་ཡོད་ཚད་བརླག་པར་གཏོང་ངེས། གལ་སྲིད་ང་ལ་བྱིན་ཚེ། མ་མཐའ་ཡང་ངས་ར་སྐོར་འདི་བཙོང་རྗེས་ང་རང་ལོ་ན་བཅོ་བརྒྱད་ལ་སོན་དུས་གཤགས་བཅོས་བྱེད་ཐུབ། མདོར་ན། ངའི་ཕ་མ་གཉིས་ལ་འུ་གཉི་གས་ཀྱང་བློས་འགེལ་མི་ཐུབ། དེ་ལྟ་བྱེད་པ་ལས་འུ་གཉི་གས་དབང་འོག་ཏུ་བཅུག་ན་མི་ལེགས་སམ།

ཉལ་ཤག་ནང་གི་མི་དར་མ་གསུམ་པོ་ཧ་ལས་ཧང་སང་དུ་གྱུར་སོང་། ཚང་མས་ལོ་བཅུ་བཞིར་ཅན་གྱི་གཙང་ཕྲན་ལ་ཅེར་ནས་བསྡད། མིན། ད་ནི་གཙང་ཕྲན་ཞིག་མ་ཡིན་པར། བྱིས་པ་འདིའི་སེམས་ཁོང་དུ་གཙང་པོ་ཆེན་པོ་ཞིག་ལ་རྦ་རླབས་དྲག་ཏུ་གཡོ་བཞིན་འདུག

ཀྲའོ་རྒན་པོ་ཡང་གློ་བུར་བཞད་གད་ཐག་གེར་སོང་། དགོད་སྒྲ་འཇམ་ཞིང་གསལ་པོར་རྟོགས་ཡོད་པ་ཞིག་ཏུ་མངོན། ཆུང་མ་ཧྲུའུ་ཨེར་འདས་ནས་ལོ་ངོ་བཞི་བཅུ་ལྷག་ཙམ་ཕྱིན་ཡང་། ཁོ་རང་དེ་ལྟར་ལྷོད་བག་ངང་ནས་བགད་མྱོང་བ་ཞིག་ཡེ་ནས་མེད། མེང་ཧྲེང་ཁ་གདངས་མིག་བགྲད་སྒོས་དེ་གར་འགྲེང་སྟེ་ཡིད་ཆེས་སྐྱེ་དཀའ་བ་ཞིག་གིས་བུ་ལ་ཅེར་ནས་འདུག་ཅིང་། ཕྱི་རོལ་ནས་ཕྱིར་ལོག་རྗེས་བྱ་ཚང་གཞན་གྱིས་ཧམ་བཟུང་བྱས་པའི་བྱ་ཁྱེའུ་ཞིག་དང་འདྲ་བར་ཉམ་ང་ཡིད་སྐྱོ་དང་བྱ་ཐབས་ཅི་ཡང་མེད་པའི་སྒོ་ནས་རི་ཀླུང་ཁ་བས་གཡོགས་པའི་ཁྲོད་ན་ལུས།

ངོ་འཁྱག་གདུག་རྩུབ་ཅན་གྱི་མེང་ཧྲེང་ཟེར་བ་འདི་ནམ་ཞིག་ལ་དེ་འདྲའི་ཉམ་ང་སྙིང་རྗེ་སྐྱེ་བ་ཞིག་ཏུ་མཐོང་མྱོང་ངམ།

ཁོ་རང་གད་རྒྱངས་ཆེན་པོས་བགད་དེ་ཕོ་བར་འཕུར་འཕུར་བྱེད་དགོས་པ་ཞིག་བྱུང་། དུས་སྐབས་ཀྱི་ལོ་ཟླ་གློ་བུར་དུ་ལོ་དེར་ཕྱིར་ལོག་པ་དང་འདྲ་བར་ཐག་འཁྱུད་མེ་ཏོག་གི་ཤིང་སྡོང་འོག་ཏུ་ཉི་འོད་མཛེས་སྡུག་ཡིད་འོང་གིས་འཚེར་ཞིང་། ཧྲུའུ་ཨེར་གྱིས་ཆེས་རྣ་བར་འཇེབ་པའི་སྐད་ངག་སྙན་མོས་ལྕེ་རྩེ་བསྒྲིལ་ནས་ཨུ་རུ་སུའི་སྐད་ཡིག་འཁྲིད་བཞིན་ཡོད། ཧྲུའུ་ཨེར་དང་ཞིའུ་ཧྭ་གཉིས་ཀྱང་སྣང་བ་སྐྱིད་པོའི་ངང་ནས་གད་མོ་དིར་དིར་དུ་ཤོར་བཞིན་གདའ།

ཁ་པར་གྱི་སྒྲ་གྲགས་ཏེ་ལེང་ཀྲུའུ་ཞེས་པའི་གཞས་ལེན་བཞིན་ཡོད། གཞས་དེ་ནི་ཧྲུའུ་ཨེར་ལོ་དེར་ཆེས་དགའ་བ་དེ་ག་རང་ཡིན། ཀྲའོ་དབྱི་ཡིད་སེམས་སྤྲོ་བའི་ངང་ནས་ད་ནི་ལྟོགས་སྣང་འཁྱག་སྣང་ཅི་ཡང་མེད་པར་ཁ་པར་ཁུག་མ་ནས་བཏོན་ཏེ་སྐད་གདངས་ཆེན་པོས། ཨ་རོ་ཞེས་ཟེར།

བྲེལ་བ་ཤིན་ཏུ་ཆེ་བས། ཁྱོད་རང་མྱུར་བར་ཕྱིར་སླེབས་ཅིག ཁ་པར་ནང་ཧུའུ་རྒན་པོས་མགོ་རྙོག་ལུང་པ་གང་བྱུང་བའི་སྒོ་ནས་འབོད་ཀྱིན་ཡོད་དེ། ད་སྔོན་ཏག་ཏག་ལ་གཤིན་པོ་གཅིག་བསྐྱལ་ནས་ཐོན་བྱུང་། གློ་བུར་འདས་པ་ཞིག་ཡིན་པས་སྡུག་བྱུང་བ་ཚང་གིས་ཅི་ཡང་གྲ་སྒྲིག་བྱས་མི་འདུག ཚང་མ་འུ་ཚང་གི་ཚོང་ཁང་ནང་འཚང་ཡོད། དངོས་ཟོག་མང་པོ་ཞིག་གི་རིན་གོང་ངས་བརྗེད་འདུག་ཅེས་སྨྲས།

Ok ok ཁོ་ལ་སྣང་བ་སྐྱིད་པོ་བྱུང་ཞིང་ཐ་ན་ཁ་མཚར་ཞིག་ཀྱང་རྩེ་འདོད་པའི་ངང་ནས་དབྱིན་སྐད་ལབ་ཏེ། སྐད་ཆེན་པོས་དགོད་ཀྱིན་དུ་ར་སྐོར་གྱི་ཕྱི་ལ་སོང་ཞིང་ཐག་འཁྱུད་མེ་ཏོག་ལག་པས་གཡུག་གཡུག་ཅིག་བྱས།

སླར་སྒོ་ཁར་འགྲེང་འདུག་པའི་གཙང་ཕྲན་ལ་ན་རེ། དེས་ན་དེ་ལྟར་གཏན་འབེབས་བྱས་ཆོག་ཟེར།

ཤིད་ཆས་ཚོང་ཁང་དུ་ཕྱིར་སླེབས་རྗེས། ཚོང་ཁང་ནང་དུ་དཔུང་རུ་འཁྲུག་པ་ལྟར་རྙོག་དྲ་ལུང་པ་གང་གིས་ཁེངས་འདུག་སྟེ་ལ་ལར་གདུང་གོས་ཉལ་ཐུལ་རྙིང་པ་དགོས་ཟེར། ལ་ལས་ཤོག་བཟོས་པྲ་ཚིལ་སྒྲོན་མེ་སྒམ་ནང་འཇུག་དགོས་ཟེར། ད་དུང་འགྱིག་ཁུག་དང་། ཐག་པ། སྡུག་རས། སྒྲོག་གནོན། སྤྱིན་ཆུ་སོགས་ཀྱི་རྩིས་ཐོ་འགོད་རྒྱུ་བྱུང་ཡོད་པས། ཧུའུ་རྒན་པོས་ལས་ཀ་ཙག་ཙིག་དེ་དག་ག་ནས་འགྲུབ་ཐུབ་ཏེ། ག་བྱེད་ཅི་བྱེད་མེད་པར་ཚོང་སྒྲོམ་མདུན་དུ་ལངས་ནས་མ་ནེར་འཕྲུག་བཞིན་བསྡད་ཡོད་ཅིང་། མ་ནེའི་ཐོག་རྨ་ཤུན་ཆགས་པ་ཞིག་ཡོད་པ་ཁོས་སླར་འཕྲུག་ནས་རལ་དུ་བཅུག་ཡོད།

མཚན་མོ་ཆུ་ཚོད་བཅུ་ལ་སླེབས་རག་བར་དུ་ལས་ཀར་བྲེལ་བ་བྱུང་ཞིང་སྨག་ཀྱང་རུབ་ནས་མིག་ལོང་པ་ལྟར་སྣང་། ཀྲའོ་དབྱི་ཡིས་གྲང་འཁྱག་ཐེབས་ནས་སྦྲིད་པར་གྱུར་པའི་དཔྲལ་བར་རེག་ཙམ་བྱེད་བཞིན་ཧུའུ་རྒན་པ་ཁོ་གཉིས་ཚོང་ཁང་ནང་བཅུག་སྟེ་ཚུར་འབྱོར་བའི་རྩིས་ཐོ་ལེགས་སྒྲིག་བྱས། སྐྲ་དཀར་སང་སང་བྱེད་པའི་མགོ་བོ་གཉིས་ཕྱོགས་གཅིག་ཏུ་རུབ་ཏེ་རྩིས་གཞོང་ལན་འགར་བརྒྱབ་ཀྱང་ཐེངས་རེ་རེའི་རྩིས་འབྲས་གཅིག་གྱུར་མ་བྱུང་བས། མཇུག་ཏུ་ལན་གྲངས་མང་པོར་བརྒྱབ་ནས་གད་མོ་ཤོར།

ཀྲའོ་དབྱི་ཕར་འཁོར་ནས་ཚོང་སྒྲོམ་ཐོག་གི་པུར་ཐལ་སྒམ་ཆེན་པོ་གཉིས་ཡོད་པ་ཚུར་བླངས།

པུར་ཐལ་སྒམ་དེ་གཉིས་ནི་ཁོ་གཉིས་ཀྱིས་ཚོང་གཉེར་འདི་ལས་འགོ་འཛུགས་སྐབས་ཆེས་ཐོག་མར་གཏན་འབེབས་བྱས་པའི་བཟོ་ལྟ་ཡིན། སྐབས་དེར། དེའི་སྔོན་ཏག་ཏག་ལ་པུར་སྐྱེལ་དུར་སྦེད་བཅོས་སྒྱུར་བྱས་པ་ཡིན་ཞིང་ཉམས་མྱོང་མེད་པས་དགོས་མཁན་ཆེར་མ་བྱུང་བར། གཞན་གྱིས་པུར་སྒམ་དང་པུར་ཐལ་སྒམ་གང་ཡིན་རུང་དེ་ལ་གང་དེའི་ཚུགས་ཀ་ངོ་མ་དེ་མེད་ཟེར་བས། ཧུའུ་རྒན་པོ་ན་རེ། མི་དགོས་ཚེ་བསྐྱུར་ཞོག་ཅེས་སྨྲས།

པུར་ཐལ་སྒམ་གཉི་གའི་ཁ་ཕྱེས་རྗེས་དེ་ལས་གཅིག་ཏུ་ཚོན་རྩི་དམར་པོའི་གཤའ་པགས་ཀྱི་སྒམ་ཞིག་བཞག་ཡོད་ཅིང་། ཅིག་ཤོས་ནི་གཤའ་པགས་དཀར་པོ་ཞིག་ཡིན། ཧུའུ་རྒན་པོས་རྒྱུས་ཡོད་ལམ་དུ་འཁོར་ལོ་གཏོང་བ་བཞིན་སྒམ་དམར་པོའི་ནང་སྒོར་ཉིས་བརྒྱ་བཞག་པ་དང་། སྒམ་དཀར་པོའི་ནང་སྒོར་ལྔ་བཅུ་བཞག་བྱུང་།

དེ་ལྟར་བསྒྲུབས་ནས་ལོ་ངོ་བཞི་ལྔ་ཙམ་འགོར་སོང་། ད་ལྟ་སྒམ་དམར་པོའི་ཁ་བཀག་ལ་ཉེ་བར་དགའ། དངུལ་འདི་ནི་ཀྲའོ་དབྱིའི་བསམ་ཚུལ་ལྟར་ན་གཙང་ཕྲན་གཤགས་བཅོས་བྱེད་པར་གསོག་འཇོག་བྱས་པ་ཡིན་ཞིང་། སྒམ་དཀར་པོ་དེ་ནི་ཀྲའོ་དབྱིས་རང་ཉིད་ལ་གསོག་ཉར་བྱས་པ་ཡིན། ལོ་མང་པོའི་མཐར་རང་ཉིད་འཆི་བར་ཐུག་དུས་མེང་ཧྲེང་ལ་བློ་འགེལ་མི་རུང་བས། ཁོས་རང་ཉིད་ལ་ལས་རོགས་ཀྱིས་རོགས་དན་བྱེད་པའི་དངུལ་ཉུང་ཙམ་གསོག་འཇོག་བྱ་དགོས་ཡོད།

ལེགས་སྒྲིག་བྱས་ཚར་དུས་དགོང་མོའི་ཆུ་ཚོད་བཅུ་གཅིག་ལ་སླེབས་ཟིན། རྒན་པོ་གཉི་ག་སྨྲ་བ་མེད་པར་གུ་དོག་པའི་ཚོང་ཁང་ནང་ཙོག་སྟེ་མེ་ཕོར་ནང་སོལ་མེ་ཐྲག་ཐྲག་ཏུ་གས་བཞིན་པའི་སྒྲ་ལ་ཉན་པ་དང་། སྒོའི་ཕྱི་རོལ་དུ་བུ་ཡུག་ངང་གིས་འཚུབ་བཞིན་པར་ཉན་གྱིན་གློ་བུར་དུ་མི་ཚེ་ཟེར་བ་ནི་ལོ་བརྒྱ་འདས་ཀྱང་མཐར་ནི་དགའ་སྐྱིད་ཁྲོད་ནས་ལྷིང་འཇགས་ཀྱི་པང་དུ་ལོག་རྒྱུ་དེ་མིན་ནམ། ཀྲའོ་དབྱིས་པུར་ཐལ་སྒམ་པང་དུ་འཛིན་བཞིན་རྡེག་ཙམ་བྱས་ཏེ། ཝུང་ཝུང་གི་སྒྲ་གྲགས་འོང་བ་ལ་ཉན་བཞིན་རེ་འདོད་ཤིན་ཏུ་ཚིམ་པའི་ངང་ནས་འཛུམ་ཅིག་ལངས།

དཀར་པོ་དེ་འདས་པོར་ཕུལ་བ་ཡིན། དམར་པོ་དེ་གསོན་པོར་ཕུལ་བ་ཡིན། ཁོ་དང་ཁོའི་གཙང་ཕྲན་གཉིས་ནི་མཐར་ཐུག་ཤི་གསོན་གྱི་ལམ་ནས་ཕྱོགས་གཉིས་སུ་གྱེས་སྲིད་པས། པུར་ཐལ་སྒམ་དམར་པོ་ནི་ཁོས་གཙང་ཕྲན་གྱི་ལས་དབང་ལ་ཕུལ་བ་ཡིན་ཞིང་། དཀར་པོ་ནི་ཧྲུའུ་ཨེར་དང་ལྷན་འཛོམས་ཡོང་བར་ཕུལ་བ་ཡིན།

ཝེ། ཀྲའོ་དབྱི། ཁྱོད་ཀྱིས་ཤོད་དང་། ཚེ་འདིར་ཁྱོད་ཀྱིས་ཅི་ཞིག་ཐོབ་པར་འདོད་ཡོད། ཧུའུ་རྒན་པོས་གཡལ་སྟོང་རིང་པོ་ཞིག་བརྒྱབ། སོལ་མེ་ལ་ཅེར་བས་མིག་གཉིས་ཅུང་ཟད་རྙོག་རྫོབ་ཏུ་གྱུར་ཡོད།

འོ་ན་ཁྱོད་ཀྱིས་ཤོད་དང་། འདས་པོར་རིམ་གྲོ་སྒྲུབ་དུས་རྡུང་རྡུང་རྡེག་རྡེག་བྱེད་ཀྱིན་ཡོད་པ་དེ་ཡང་ཅི་ཞིག་ཐོབ་འདོད་ཡིན་ནམ།

སྐད་སྒྲ་སྟེ་གྲགས་འགུལ་མིན་ནམ།

ལོས་ཡིན། ཁྱོད་ལ་མི་ཚེ་གང་བོར་གྲགས་འགུལ་ཅི་ཡོད་དམ། ཧུའུ་དགེ་རྒན་ལགས། ཞེས་སྨྲས།

ཡིན་ཡང་ངས་ཁྱོད་ཀྱི་གྲགས་འགུལ་འདྲ་ཅང་ཐོས་མ་སོང་། ལོ་ངོ་བཅུ་ཕྲག་ཅིག་མེང་ཧྲེང་ཟེར་བའི་ཕག་རྒན་དེའི་ཐོག་ནས་གྲོན་སོང་། བྱེད་རིན་མེད་པ་ཞིག་རེད།

གཞན་དེ་བྱིས་པ་བསམ་མེད་ཅིག་རེད། ཨ་མ་ངོ་མ་དེ་འདས་སོང་། མ་གཡར་ཞིག་ཡོད་པའང་ཕ་རྒན་གྱིས་བསད་སོང་། དེ་འདྲ་ཞིག་ཡིན་ཚེ་སུ་ཡིན་ཡང་བཟོད་ག་ལ་ཐུབ་ཏེ། བྱིས་པ་དེ་ལ་རེ་ལྟོས་ཅི་ཞིག་བཅོལ་ཐུབ།

ཁྱོད་ཀྱིས་ཀྲི་ཨེར་ལ་འགབ་མཐུན་བྱུང་ཡོད་ཅེས་ངོས་ལེན་བྱས་པ་ཡིན་ནམ།

ངེད་གཉིས་འགབ་མཐུན་བྱུང་མྱོང་མེད།

འོ་ན་དེ་ལྟར་བསམ་མྱོང་ངམ།

བསམ་ནི་ལོས་མྱོང་། དགོང་མོ་དེའི་ཕྱིས་སུ། ལན་འགར་བསམ་མྱོང་།

ཁྱོད་ཀྱིས་འུད་ཤོབ་མ་བཤད། ང་ལ་མགོ་བསྐོར་གཏོང་བཞིན་པ་མིན་ནམ། ཧིན། ཧུའུ་རྒན་པོས་སྣ་དགོད་ཅིག་བྱས།

ངས་ཁྱོད་ལ་མགོ་སྐོར་ཅི་ཞིག་བཏང་སོང་།

ཧུའུ་རྒན་པོས་དུ་རྐང་ཞིག་ལ་མེ་སྒྲོན་ནས་ན་རེ། ཁྱོད་ཀྱིས་ཀྲི་ཨེར་ལ་ངན་འབྲེལ་བྱེད་རྒྱུ་གཏན་ནས་བསམ་མ་མྱོང་བར། ཁྱོད་ཀྱིས་ལོ་ངོ་བཅུ་ཕྲག་ཅིག་ལ་ཕག་རྒན་དེ་ལྟ་སྐྱོང་བྱས་པར་རྒྱུ་མཚན་ཞིག་བགྲང་དགོས་པ་ཙམ་ཡིན་ཟེར་རམ།

ཧ་ཧ། ཕག་རྒན་དེ་དོ་ནུབ་གཉིད་ཁུག་མི་སྲིད། ཀྲའོ་དབྱིས་དེ་ལྟར་བཤད་ཞོར་གཡོ་ཁྲམ་གྱི་སྒོ་ནས་གད་མོ་ཤོར།

ག་རེ་བྱས་སོང་། ཧུའུ་རྒན་པོར་སེམས་ཤུགས་རྒྱས་བྱུང་། ཅིག་ཤོད་དང་།

ཀྲའོ་དབྱིས་གཙང་ཕྲན་གྱི་བློ་བཀོད་དེ་ཐེངས་གཅིག་ལ་བསྐྱར་བཤད་བྱས།

ཧུའུ་རྒན་པོས་ཉན་རྗེས་དངོས་ནས་ཡིད་ཚིམ་སྟེ། དེ་བཟང་། ལམ་ལ་རང་ཉིད་བགྲོད་དགོས་ཤིང་དོང་ཡང་རང་ཉིད་ཀྱིས་བརྐོས་པ་ཡིན། སླར་ན་རེ། ཀྲའོ་དབྱི། གལ་ཏེ་ཁྱོད་ལ་སྔ་མོ་ནས་གཤིས་རྒྱུད་དེ་འདྲ་ཞིག་ཡོད་ཚེ། མི་ཚེ་འདིར་དེ་འདྲའི་གྱོང་ཆེན་པོ་ཞིག་རག་མི་སྲིད་ཟེར།

གྱོང་རག་ཀྱང་མ་རག་རུང་ད་ནི་ཡོད་ཚད་བརྒྱུད་ཚར་སོང་། ཀྲའོ་དབྱིས་དེ་ལྟར་སྨྲ་བཞིན་ཕོ་བའི་ནང་ཁྲོག་ཁྲོག་གི་སྒྲ་ཞིག་བྱུང་བས། ཁོས་ད་དུང་དགུང་ཇ་འཐུང་མེད་པ་གཞི་ནས་ཡིད་ལ་དྲན་བྱུང་སྟེ་ཉལ་ཁྲིའི་འོག་ནས་ཞོག་མངར་འགའ་བཏོན་ནས་མེ་ཕོར་གམ་གྱི་རྡོ་ཐལ་ཚ་པོའི་ནང་དུ་སྦེད་ཞོར་སླར་རྡོ་སོལ་ལེབ་མ་འགའ་བསྣན། དོ་ནུབ་དངོས་ནས་གྲང་འཁྱག་ཆེ་བར་གདའ། ཚོང་ཁང་དེ་སྲང་མདོ་རུ་ཡོད་ཅིང་རླུང་གཡུག་ཚེ་ཐད་ཀར་རྐང་ངར་ལ་ཕོག་འོངས།

ཁྱོད་ཀྱིས་ཤོད་དང་། ལོ་དེར་འུ་གཉིས་རི་ཕུག་ནས་སྒོར་ཡོང་མེད་ཚེ། ད་ལྟ་འུ་གཉིས་ཡུལ་གང་ཞིག་ན་ཡོད་དམ། འཚོ་བ་རོལ་སྟངས་ཇི་འདྲ་ཞིག་ཡིན་ནམ།

གལ་ཏེ་ལུང་པ་ནས་ཕྱིར་ཡོང་མེད་ཚེ། ཧྲུའུ་ཨེར་ལ་འཕྲད་མི་ཐུབ་པས། དེ་ངས་ག་ལ་ཕོད།

དེ་ངས་ཀྱང་མི་ཕོད། ལུང་པ་ནས་ཕྱིར་ཡོང་མེད་ཚེ། ཞིའུ་ཧྭས་ཀྱང་མི་གཞན་ཞིག་མག་པར་འཇོག་ངེས་རེད་ཟེར་བཞིན། ཧུའུ་རྒན་པོ་ཐ་ཤལ་བའི་སྤྱོད་པའི་ཉམས་ཀྱིས་དགོད་ཀྱིན་དུ་ན་རེ། ཁོ་མོའི་གདོང་ཅུང་ནག་ཀྱང་ལུས་ཀྱི་ཤ་མདོག་ཤིན་ཏུ་དཀར་ཏེ་སྲན་ཕྱུར་ཞིག་དང་འདྲ་བར་ཆུ་འཁྱིལ་ལེ་བར་ཡོད་པས། དེ་གཞན་ལ་སྟེར་དགོས་ཟེར་ན་ངས་ནི་མི་ཕོད་ཅེས་སྨྲས།

ཀྲའོ་དབྱི་ཡང་མ་རབས་ཐ་ཤལ་གྱི་ཉམས་ཀྱིས་དགོད་ཀྱིན་དུ་བཤད་རྒྱུར། ཧྲུའུ་ཨེར་ཡང་ཤ་མདོག་དཀར་ཞིང་སྙི་ཟེར།

ཧ་ཧ། ཧུའུ་རྒན་པོས་ཆགས་སྲེད་ལངས་པའི་རྣམ་འགྱུར་ཞིག་གིས་ཁོ་ལ་ལག་པའི་གྲུ་མོས་བསྣུན་ཏེ། དེ་རིང་ཝ་རྒན་གྱི་མཇུག་མ་ཕྱིར་མངོན་འདུག  ཤོད་དང་། ཚོར་བ་ཅི་ཞིག་བྱུང་སོང་།

ཚོར་བ་ཟེར་རམ། ཀྲའོ་དབྱིས་མིག་ཟིམ་མེར་འཛུམ་སྟེ་བློ་སེམས་རབ་ཏུ་གཏད་པ་ཟེར་བ་དེ་ངས་ཆུང་དུས་ནས་བཙལ་ཞིང་མི་ཚེ་གང་བོར་བཙལ། ས་ཁྲའི་ཐོག་ནས་བཙལ་ལ་དཔེ་ཆའི་སྟེང་ནས་ཀྱང་བཙལ་མོད། དེ་དག་གང་ལས་ཀྱང་རྙེད་མ་སོང་བར། རྒྱང་རིང་ཟེར་བ་དང་། དམག་འཁྲུག་གི་མེ་ལྕེ་ཟེར་བ། བཙན་རྫོང་ཟེར་བ་སོགས་ཡོད་ཚད་མག་མོག་ཅིག་ཏུ་མཐོང་སོང་། མཐའ་མར་ངེད་གཉིས་ཀྱིས་ཐེངས་གཅིག་ཙམ་ལ་འདོད་པའི་དཔལ་ལ་རོལ་བས་གློ་བུར་དུ་རྙེད་བྱུང་།

ཅི་ཞིག་རྙེད་སོང་།

ཕ་ས----ཕ་ཡུལ།

ཡིན་ནའང་། … …ཕངས་སེམས་སྐྱེ་བ་ཞིག་ལ་ད་ལྟ་ཁོ་ཚོ་ཚང་མ་འདས་ཟིན་ཞིང་ཤུལ་དུ་རྒན་པོ་འུ་གཉི་ག་ལས་ལྷག་མེད། ཧུའུ་རྒན་པོས་ཤུགས་རིང་ཞིག་འབྱིན་བཞིན་ལག་པས་སླར་མ་ནེ་ལ་གཙུབ་ནས་འཕྲུག་འཕྲུག་བྱས།

ད་མ་འཕྲུག་ཟེར་བཞིན། ཀྲའོ་དབྱིས་ཁོ་ལ་གཙང་ཤོག་ཅིག་བྱིན། གཙང་ཤོག་གཙུབ་ནས་རལ་སོང་།

དེ་ལ་སྣང་དག་བྱ་རྒྱུ་ཅི་ཡོད། ཧུའུ་རྒན་པོས་ཚུར་བླངས་ཏེ་ཕྱི་བདར་ཅིག་བྱེད་བཞིན་འཛུམ་དམུལ་ལེར་གད་མོ་ཤོར་ཏེ། འདི་ངན་སྐྲན་རེད་ཟེར་ན་ཁྱོད་རང་ཡིད་ཆེས་སམ་ཟེར།

ད་ཉོག་གཏམ་མ་བཤད།

ཨིན། ཉོག་གཏམ་རེད་ཟེར་ནའང་ཆོག ཁྱོད་ཀྱི་གློག་གསོག་ཆས་གང་ན་ཡོད། ངའི་ཁ་པར་གྱི་གློག་ཟད་བྱུང་།

གློག་གསོག་ཀྱང་མ་གསོག་རུང་། ཁྱོད་ལ་ཁ་པར་གཏོང་རྒྱུར་དགའ་བ་སུ་ཞིག་ཡོད། ཀྲའོ་དབྱིས་ཀུ་རེ་རྩེ་འདོད་བྱུང་སྟེ་ཁྱོད་ཀྱི་བུས་ལོ་རིང་ལོ་ཕྱེད་ལའང་ཁ་པར་གཅིག་ཀྱང་མི་གཏོང་། ཁ་པར་རེ་བཏང་འོང་ཚེ་སྒོར་མོ་དགོས་ཟེར།

དེ་ལྟར་བཤད་འོངས་ན། ཁོ་ལ་ཕ་མར་བཀུར་སྟི་བྱེད་པའི་བུ་བཟང་པོ་ཞིག་ཡོད་ཚོད་དུ་སྣང་། ཁྱོད་ཀྱིས་གསོས་པ་དེ་ཕག་ཅིག་རེད།

འདི། གློག་གསོག་ཆས་ཁྱོད་ལ་ཕྱིར་སྤྲོད། གསོག་ཆས་དེ་ཁྱོད་ཀྱིས་ཁ་ནང་དུ་བརྫངས་ན་འཚམ་པ་འདྲ་ཟེར་བཞིན་ཀྲའོ་དབྱིས་ཕར་བྱིན།

ནམ་གུང་ལ་སླེབས་བྱུང་། ཧུའུ་རྒན་པོས་གཉིད་སད་ལ་མ་སད་པའི་ངང་ནས་ཁ་པར་ལ་འཁྱུག་ཙམ་བལྟས་ཏེ། ཚོང་སྒྲོམ་ལ་བསྙེས་ནས་ན་རེ། གློག་གསོག་ཚར་མ་ཐག་ང་རང་བུད་འགྲོ།

ང་རང་ཐང་ཆད་འོང་། ཀྲའོ་དབྱིས་ཕོ་བར་ལན་འགའ་རྡེག་བཞིན་བཤད་རྒྱུར། དོ་དགོང་ཕྱིར་ལོག་ཐུབ་ཀྱི་མི་འདུག  ལོག་ཀྱང་སྐྲག་ནས་སེམས་འཚུབ་སྐྱེ་འོང་། ཁྱོད་རང་འགྲོ་ཁར་སོལ་ཉེ་གསོད་རྒྱུ་མ་བརྗེད། སོལ་ཐལ་གྱིས་འགེབ་རོགས་ཟེར།       

ཡ་ཤེས་སོང་། ཧུའུ་རྒན་པོས་གཡལ་སྟོང་རིང་པོ་ཞིག་རྒྱག་བཞིན་སྟོང་པ་སྟོང་རྐྱང་གི་སོ་རྙིལ་དེ་ཕྱིར་མངོན།

ཀྲའོ་དབྱིས་རྐུབ་བཀྱགས་ལྟེབ་མ་དལ་བུར་བསྣར་བརྒྱངས་བྱས་ཏེ། ལོ་དེར་ཧྲུའུ་ཨེར་དང་གཉེན་སྒྲིག་བྱེད་སྐབས་སུ་ཉོས་པའི་ཉལ་གདན་རྙིང་པ་དེ་བཏིང་ནས་གཉིད་མགོ་བརྩམས་བྱུང་།

གཞི་ཁྱོན་ལ་སྨི་གྲུ་བཞི་མ་ཉི་ཤུ་ལས་མེད་པའི་ཤིད་ཆས་ཚོང་ཁང་དུ་ཟོག་སྒྲོམ་ཐོག་སྤོས་དང་། མཆོད་མེ། དོང་ཙེ། ཤོག་དངུལ། སྲོལ་རྒྱུན་ཉལ་ཐུལ་གྱི་གདུང་གོས་སོགས་བརྫངས་ཡོད་ཅིང་ཚོང་སྒྲོམ་ཐོག་ཏུའང་དེ་བཞིན་བཀང་ཡོད། དཀྱིལ་དུ་བར་ཁྱམས་ཆུང་ངུ་ཞིག་ཡོད་ཅིང་དེར་ཁོ་རང་གཅིག་པུ་ཉལ་བསྡད་ན། མི་གསོན་པོ་ཞིག་གདུང་སྒམ་ནང་འཕྲེད་ཀྱིས་ལོག་འདུག་པའི་སྣང་བ་སྟེར་འོང་སྟེ། འདི་ལ་སྐྱེ་འཆིའི་འབྲེལ་བ་ཧ་གོ་འདུག་ཟེར་རམ་ཡང་ན་རང་སྲོག་གཏོང་བར་ངང་པ་པད་མཚོར་འཇུག་པ་ལྟར་སྣང་བ་ཡིན་ཟེར་རམ། དེ་དག་གང་ལ་འདྲ་བ་ཞིག་ཀྱང་མིན་ཏེ། དེ་འདྲའི་སྡུག་བསྲན་ཐེག་དཀའ་བ་ཞིག་ཡིན་ཚོད་མེད། ཁོས་བསམ་རྒྱུར། གལ་ཏེ་ཤིད་ཆས་ཚོང་ཁང་འདི་པུར་སྲེག་མེ་ཐབ་ཞིག་ཏུ་བསམས་ཏེ་སྦར་ཐེངས་གཅིག་གིས་བསྲེགས་པར་བྱས་ཚེ། འདི་འདྲའི་ཤིད་ཆས་མང་པོ་ཞིག་དུས་ཡུན་ཅི་ཙམ་ལ་བསྲེག་དགོས་སམ། མགོ་ཐོག་གི་གནམ་སྔོན་པོ་འདིས་དབལ་ཚ་བ་ཞིག་གིས་ཟུག་རྔུ་འབྱིན་ནམ། གནའ་ཞད་ཆེ་བའི་འདོད་ཚུལ་ཕྲ་མོ་རེ་རེ་དེ་རིང་ཐུང་ཤོར་བའི་ངང་ནས་སྐྱོ་ངལ་དང་དཀའ་སྡུག་གི་གྱེས་མཚམས་སུ་སྣོལ་འདྲེས་བྱུང་སྟེ་སྨག་རིམ་ཁྲོད་ན་ཉུལ་བའི་བྱི་ལ་ལྡོམ་པོའི་སྐྱོ་སྣང་གི་སྡུག་སྐད་དང་འདྲེས་པས། འདས་པོར་མཆོད་འབུལ་ཞུ་བའི་སྐབས་ཀྱི་ངག་འཇམ་ཀྱག་ཀྱོག་དང་རྣམ་ཤེས་བདེ་བར་གཟིམ་པར་ཞུ་བའི་ཆོས་སྐད་དང་ཅུང་ཟད་མཚུངས།

དོན་ངོ་མར་ཁོ་རང་ཤིད་ཆས་ཚོང་ཁང་དུ་གཏན་ནས་ཞག་སྡོད་བྱས་མ་མྱོང་། བར་ཁྱམས་ཀྱི་ས་དོག་དྲགས་པས་ཁོས་ལུས་པོ་ཕར་ཚུར་ལ་འཁོར་དུས་སེམས་ཆུང་ངང་ནས་གསེག་སློག་བྱས་ཀྱང་། ལག་པའི་གྲུ་མོ་ཚོང་སྒྲོམ་ཐོག་གི་ཤོག་སྦྱར་མི་ཆུང་གཉིས་ལ་ཐུག་སོང་། ཤོག་སྦྱར་མི་ཆུང་དེ་གཉིས་ལས་སྐྱེས་པའི་ལུས་མདོག་དམར་པོ་དང་བུད་མེད་ལྗང་གུ་ཡིན་ཏེ་མཆུ་དམར་ཞིང་ལྕང་ལོའི་སྨིན་མ་ཅན་ཞིག་ཡིན་པ་དང་། སྐྱེས་པའི་ཁ་འབྲས་མཚར་ཞིང་སྐྱེས་མའི་བཞིན་རས་མཛེས་པས་གཉི་ག་སྙིང་རྗེ་པོར་གདའ། ཁོའི་རྐང་པའི་པུས་པོ་ཡང་བཀུག་མ་ཐག་གཟུར་ཏེ་གཉིད་ཅོག་རྒྱག་བཞིན་པའི་ཧུའུ་རྒན་པོར་ཐུག་པས། ཧུའུ་རྒན་པོས་ཨིན་ཨིན་ཞེས་སྣ་ནས་ཟུག་རྔུའི་འཁུན་སྒྲ་ཞིག་ཤོར། ཀྲའོ་དབྱི་ཉལ་སྟབས་སུ་བསྡད་ཡོད་དེ་གཡོན་ཕྱོགས་ཀྱི་མི་ཆུང་གཉིས་ལ་ལྟ་ཙམ་བྱེད་བཞིན་སླར་གཡས་ཕྱོགས་ཀྱི་ཧུའུ་རྒན་པོར་ལྟ་ཙམ་བྱེད་ཅིང་། གློ་བུར་སེམས་ལ་ཡ་མཚན་པ་ཞིག་དྲན་གྱིན་ན་རེ། གལ་ཏེ་ཁོ་རང་ཤི་སྟེ་ཤོག་བཟོས་མི་ཞིག་སྦྱོར་དུས་ངེས་པར་དུ་ཧུའུ་རྒན་པོའི་ཤོག་མི་ཞིག་སྦྱར་དགོས། ངེད་གཉིས་ཀྱི་འཆི་བར་སྔ་ཕྱི་ཡོད་སྲིད་ཀྱང་རུང་། ཡང་ན་ཤི་གསོན་གང་ལ་ཐུག་ཀྱང་རུང་སྟེ་ཁོའི་བསྡོངས་གྲོགས་ངོ་མ་ནི་ཧུའུ་རྒན་པ་ཡིན་ཞེས་སྨྲས།

ལོ་དེར་དགའ་དགའ་སྐྱིད་སྐྱིད་ངང་ནས་བགྲོད་ལམ་ཞིག་གསོ་བྱེད་པར་མིང་ཐོ་བཀོད་པའི་ཕོ་གསར་གཉིས་ཀྱི་ལུས་ཧྲིལ་པོར་དཔྱིད་ཀྱི་དཔལ་ཡོན་ཤར་བ་ལྟ་བུའི་རྔུལ་དྲི་འཐུལ་བ་དྲན་འོངས་པ་དང་། ད་དུང་དེའི་ཕྱིས་སུ་འབོལ་ཁྲི་བཟོ་བཞིན་པའི་སྐབས་ཀྱི་བློ་སྟོབས་ཆེ་སྐྱེད་ཀྱི་དབང་གིས་མི་ཚང་མས་རྗེས་བདས་ནས་རྒན་ལགས་ཞེས་བོས་ཚུལ་དང་། ད་དུང་ཁོ་གཉིས་ཀྱིས་མཉམ་དུ་ཝ་མོའི་གཞིས་ཁྱིམ་ཉམས་གསོ་བྱས་པའི་དཀའ་སྡུག་དང་སྤྲོ་སྐྱིད། སྔ་ཕྱིར་དུ་གཉེན་སྒྲིག་བྱས་པའི་དགའ་ཚོར་ཆེན་པོ་སྟེ། ཡོད་ཚད་ཀྱི་ཡོད་ཚད་དོན་གྱིས་སྟོང་བའི་འོད་ཀྱི་སྨུག་པ་ལང་ལོང་ཞིག་དང་མཚུངས་པར། དྭངས་སོང་། གཞི་ནས་དྭངས་སོང་།

དགའ་འོས་པ་ཞིག་ལ་ཡོད་ཚད་མེད་པར་གྱུར་ཟིན་ཡང་། ཐག་འཁྱུད་མེ་ཏོག་གི་ཤིང་སྡོང་ནི་སྔར་བཞིན་གནས་ཏེ། ཧྲུའུ་ཨེར་ཁོ་མོ་ཐག་འཁྱུད་མེ་ཏོག་གི་ཤིང་སྡོང་འོག་ཏུ་འཛུམ་དམུལ་ལེར་དགོད་ཀྱིན་པའི་རྣམ་འགྱུར་དེ་ནི་སྔོན་ཆད་ནང་ལྟར་ཁོའི་མིག་མདུན་དུ་གསལ་ལམ་མེར་མངོན་འོངས་པས་ཁ་སང་བྱུང་བ་དང་མཚུངས།

བཅུ་གཉིས།

རླུང་གཡུགས་ཏེ་མཚན་གང་བོར་མཚམས་བཞག་མ་སོང་། ཧུའུ་རྒན་པོ་བསྡད་ཀྱིན་བསྡད་ཀྱིན་དུ་གྲང་འཁྱག་བྱུང་འོངས་པས། ཁོས་བསམ་པར་སོལ་མེ་བསད་དེ་བུད་སོང་ན་ཀྲའོ་དབྱི་ཡིས་རྒྱབ་ཏུ་གྱོན་པ་སྲབ་དྲགས་པས་གྲང་ངད་བཟོད་མི་ནུས་སྙམ།

ཧུའུ་རྒན་པོ་ཚོང་སྒྲོམ་གྱི་མདུན་ནས་སར་ཉལ་སྟབས་སུ་བསྡད་དེ་གཉིད་ཅོག་རྒྱག་བཞིན། སྐབས་སྐབས་རེར་སད་འོང་རྗེས་མེ་ཕོར་ནང་རྡོ་སོལ་འགའ་རེ་བསྣན་པ་ཡིན།

ནངས་སྔ་མོར། རྡུང་དཀྲོལ་རོལ་ཆའི་སྒྲ་དབྱངས་ཤིག་གིས་པུར་ཆོག་ཁང་གི་སྒོ་སྲུང་ལུའུ་རྒན་པོ་གཉིད་ལས་ཧབ་སད་རྒྱག་ཏུ་བཅུག་སོང་། ཁོས་ཁ་ལག་བཀྲུ་གཞོང་བཟུང་སྟེ་སྔར་རྒྱུན་ལྟར་ཤིད་ཆས་ཚོང་ཁང་ནང་ཆུ་དྲོན་པོ་ལེན་དུ་ཕྱིན་པ་ན། རྒྱང་ཐག་རིང་པོ་ཞིག་ནས་ཚོང་ཁང་གི་སྒོ་དམ་པོར་གཏད་ཡོད་པ་མཐོང་བྱུང་།

ཀྲའོ་དབྱི་ལ་ཁ་པར་བཏང་།

ཁ་པར་སྒོ་གཏད་འདུག ལུའུ་རྒན་པོའི་བསམ་པར། ལོས་ཡིན། གང་ལྟར་ཀྲའོ་དབྱིའི་ཁ་པར་གྱི་སྒོ་ནི་གཏད་དམ་ཕྱེ་ཡང་རུང་སྟེ་ཁོ་ལ་འབྲེལ་གཏུག་བྱེད་མཁན་མི་ཁ་ཤས་ལས་མེད། བུ་ཞིག་གསོས་ཡོད་པ་དེ་ནི་ལུས་འཇོང་ལེབ་གཉེར་ཚིགས་ཅན་གྱི་སྲོག་ཆགས་པད་པ་དང་འདྲ་བར་ཁྲག་འཇུབ་པའི་སྐབས་སུ་མ་གཏོགས་ཁ་པར་གཏན་ནས་མི་གཏོང་ལ། ཁོ་ལ་ཉིན་རྒྱུན་ཁ་པར་གཏོང་མཁན་ནི་ཧུའུ་སྦྱིན་བདག་ཡིན་སྙམ། ཁོ་གཉིས་ནི་ལོ་ངོ་སྟོང་ཕྲག་ལྟ་བུའི་རིང་དུ་དཀའ་སྡུག་ཚད་མེད་མྱོང་མཁན་གྱི་ཝ་རྒན་གཉིས་ཡིན་པས་ཕན་ཚུན་ལ་མཛའ་མཐུན་ཟབ། ལུའུ་རྒན་པོར་འཛུམ་དགོད་ཅིག་ལངས་ཞོར་དེས་ན་ད་ནི་ཧུའུ་སྦྱིན་བདག་ལ་ཁ་པར་གཏོང་དགོས་སྙམ།

སྒྲ་དབྱངས་སྣ་གཅིག་མ་ཞིག་ཤིད་ཆས་ཚོང་ཁང་ནས་དགོས་འདོད་དང་རེ་འདུན་ཅི་ཡང་མེད་ཅིང་ལང་འཇགས་སྙོམས་པའི་ངང་ནས་ལྷང་འོངས།

ལུའུ་རྒན་པོ་ཁང་གསོག་ནང་སྤོས་ནས་ཚོང་ཁང་གི་སྒོ་ཁར་བསླེབས་ཏེ་སྒོ་འཕར་ཐོག་མགོ་བོ་བསྒུར་ནས་ནང་དུ་བལྟས་པ་ན། ཚོང་ཁང་ནང་མུན་ནག་འཐིབས་ཆེ་བས་ཁོས་ཅི་ཡང་མཐོང་མ་སོང་། ནངས་སྔ་མོའི་གྲང་འཁྱགས་རུས་པར་ཟུག་པའི་མཁའ་དབུགས་ཀློང་ནས་སོལ་ཐལ་གྱི་དྲི་མ་ཞིག་སྣོམ་པར་གྱུར་ཅིང་། དྲི་མ་དེ་ནི་ཚ་སྐྱུར་ཁ་གསུམ་འདྲེས་མའི་དྲི་ངད་ལ་ཞིམ་ཤས་ཕྲན་ཙམ་ལྡང་འོང་སྟེ་ཚེ་ལས་འདས་པའི་བགྲེས་པོ་རེ་རེའི་ལུས་སྟེང་གི་དྲི་མ་དང་མཚུངས།

ལུའུ་རྒན་པོ་ཅུང་སྐྲག་སྣང་སྐྱེས་ཏེ་ཤུད་སྟབས་སུ་སར་ཙོག་ནས་ཁང་ནང་དུ་བསྡད། ཡུད་ཙམ་འགོར་རྗེས། ཁོས་ཀླད་རྒྱབ་ཀྱིས་སྒོ་པང་ལ་རྡེབ་ཞོར་དུ་ལས་འགོ་ཚུགས་སོང་བས་དགེ་ལེགས་འཕེལ་བར་ཤོག་ཅེས་སྐད་གསང་མཐོན་པོས་བོས་སོ། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།