སྒོར་མོ།

གཅིག

“སྒོར་མོ”ཞེས་པ་འདི་རྣ་བས་ཐོས་མ་ཐག་འཛམ་གླིང་ཡུལ་གྲུ་སོ་སོའི་སྐྱེ་བོ་ཕལ་མོ་ཆེའི་མིག་ལམ་དུ་འགྲོ་བ་མིའི་རིགས་ལ་བྱས་རྗེས་བླ་མེད་བཞག་མྱོང་བའི་སྐྱེས་ཆེན་དམ་པ་དང་། ཡང་ན་དེ་ལས་ལྡོག་སྟེ་སྐྱེ་བོ་གྲངས་མེད་ཀྱི་ཚེ་སྲོག་དང་རང་དབང་འཕྲོག་མཁན་སྒེར་གཅོད་པ་མང་པོའི་གདོང་རིས་ཅན་གྱི་ཤོག་ལོར་འདྲ་མིན་སྣ་ཚོགས་འཆར་སྲིད་པ་མ་ཟད་དེ་དག་རྩོལ་མེད་ངང་མོད་པོ་ཞིག་ཐོབ་འདོད་སྐྱེ་སྲིད་པ་ནི་ཁ་ཚོད་གཅོད་ཐུབ། དེས་ན་ཁྱོད་ཀྱི་འདོད་མོས་ལྟར་འདིར་སྒོར་མོའི་གཏམ་རྒྱུད་ཅིག་བརྗོད་པར་བྱ་སྟེ།

གལ་ཏེ་ཁྱིམ་མཚེས་རྒན་མོ་ཚེ་སྐྱིད་སླེབས་མེད་ཚེ་ལྷ་སྐྱབས་ཀྱིས་དོན་དག་འདི་གཏིང་ནས་བརྗེད་འདུག ཡིན་ནའང་ཚེ་སྐྱིད་སླེབས་བྱུང་། རང་ཁྱིམ་དང་གོམ་པ་ལྔ་བཅུ་ཡས་མས་ཀྱི་སར་སློག་པའི་ཐུ་བ་བཤིག་ཙམ་བྱས་ནས་མར་ཙོག་སྟེ་གཅིན་པ་ཞིག་བཏང་རྗེས་ཤང་ཚེ་དང་ཟངས་རྩི་དཀར་ནག་ཚང་ཚིང་སྐྱེས་པའི་རྩྭ་ལྡུམ་གཤགས་ཏེ་ཐད་ཀར་ལྷ་སྐྱབས་ཚང་ལ་སླེབས་བྱུང་། བདེན་རྫུན་གྱི་དབྱེ་བ་འབྱེད་དཀའ་བའི་མཐོང་ཐོས་ཡ་ཁོག་གང་ཁྱེར་ནས་སླེབས་བྱུང་། མཐོང་ཐོས་དེ་དག་གཅིག་ཀྱང་མ་ལུས་པར་བྱོ་བའི་འདུན་པ་དང་བཅས་སླེབས་བྱུང་། མོའི་ལུས་ལ་ཟངས་རྩི་ནག་པོའི་དྲི་མ་སྟུག་པོ་འཐུལ་བཞིན་ལྷ་སྐྱབས་ཚང་གི་བཟའ་མི་ཞིག་དང་འདྲ་བར་འཛེམ་དོགས་ཅི་ཡང་མེད་པར་སྟན་ཐོག་ཏུ་བསྡད་དེ་ཕྱོགས་གཅིག་ནས་སྔོན་ཆད་སྒོར་མོ་ལྔ་ཅན་གྱི་ཇ་བག་དེ་ད་ལྟ་སྒོར་མོ་ཉི་ཤུར་འཕར་ཡོད་པ་མ་ཟད་རང་ཚང་གིས་ཇ་བག་ཉོས་པ་ཐམས་ཅད་ལ་ལྷ་སྐྱབས་ཚང་གི་འདི་འདྲའི་ཇ་དྲི་ཞིམ་པོ་མེད་རབས་ཟེར་ནས་འཁང་ར་བྱེད་པ་དང་། ཕྱོགས་གཅིག་ནས་ལྷ་སྐྱབས་ཀྱི་བུ་མོས་འོ་ཇ་དེམ་གང་བསྐོལ་ནས་མདུན་ལ་བཞག་པ་དེ་བག་མེད་དུ་འཐུང་། ཁོ་མོའི་ཡ་ཁ་མ་ཁ་དང་ཡ་སོ་མ་སོ་གཉིས་ཀ་བསམ་བཞིན་སྒྲོ་བཏགས་པ་ལྟར་ཕྱིར་བསྒྲེངས་འདུག་པས་བལྟས་མ་ཐག་ཏུ་ཁ་འདིའི་ནང་ནས་གསང་གཏམ་ཆུང་ངུ་ཙམ་ཡང་ཕྱི་ལ་མི་འཆོར་བའི་རེ་བ་ཉག་ཙམ་མེད་པའི་ཚོར་སྣང་སྟེར། སྤྱིར་ནའང“ཆུ་ཚོགས་པའི་སྣོད་ཡོད་ཀྱང་གཏམ་ཚོགས་པའི་སྣོད་མེད།”ཟེར་བས་ན་ཉིན་མཚན་གཉིས་ཀར་སུམ་ཐབས་མེད་པའི་འདི་འདྲའི་ཁ་ཞིག་གི་ནང་དུ་དེ་བས་ཀྱང་བཤད་ཅི་དགོས།

ལྷ་སྐྱབས་ཀྱི་དབུགས་ལྒང་ལྟ་བུའི་མགོ་བོ་རིལ་རིལ་ལ་སྐྲ་ལོ་སོར་ཆུང་གང་ཙམ་སྐྱེས་ཡོད་པའི་བཅུ་ཆའི་གཅིག་ཙམ་དཀར་པོར་གྱུར་འདུག ངོ་གདོང་དམར་སྨུག་གི་དཀྱིལ་ན་དེ་བས་ཀྱང་དམར་ཞིང་སྲེ་ཐིག་ཅན་གྱི་སྣ་ཆེན་པོ་ཞིག་ཡོད། ཁོ་པ་མགྲོན་ཚོམས་ཀྱི་གྲུ་ཟུར་ན་ཉལ་ཁྲི་ཞིག་ཡོད་པའི་སྟེང་དཀྱིལ་ཀྲུང་དུ་བསྡད་ཡོད་པ་དང་། ཁོའི་གམ་ན་ལུས་སྟོད་དཀར་པོ་ཁ་བ་འདྲ་བ། ལུས་སྨད་ནག་པོ་སོལ་བ་འདྲ་བའི་བྱི་ལ་ཞིག་གིས་མཆུ་རྐུབ་ལ་སྦྱར་ནས་ཉལ་ཏེ་མི་རྣམས་ཀྱིས“སྒྲོལ་མ་འདོན་པ་རེད།”ཟེར་བའི་སྔུར་བ་འཐེན་བཞིན་འདུག་པ་དེའི་དབྱིབས་དང་ཁ་དོག་གང་ལ་བལྟས་ཀྱང་དགའ་འཁྱིལ་འབུར་མ་ཞིག་དང་གཉིས་སུ་མ་མཆིས། ལྷ་སྐྱབས་ཀྱིས་ཕུ་རུང་གཉིས་ཀ་ཕུད་དེ་གཡས་ལག་གིས་འཁོར་ལོ་བསྐོར་བ་དང་གཡོན་ལག་གིས་ཕྲེང་བ་འདེད་བཞིན་ཨ་བྲས་རྩྭ་བཟའ་བ་བཞིན་ཁ་ཤ་མུར་མུར་གྱིས་ཁ་ཏོན་འདོན་པའི་ཚུལ་ལ་བལྟས་ན་ཚེ་སྐྱིད་ཀྱི་རྫོགས་མཐའ་བྲལ་བའི་ཉོག་གཏམ་ལ་ཉན་འདོད་མེད་པ་འདྲ་མོད། འོན་ཀྱང་ཚིག་དུམ་གློ་བུར་བ་ཞིག་གིས་ཁོའི་སྙིང་ལ་གཟེར་ཤད་ཅིག་སྦྱིན་པའི་དུས་མཚུངས་སུ་གཡས་ལག་གི་འཁོར་ལོ་བསྐོར་མཚམས་ཆད། གཡོན་ལག་གི་ཕྲེང་བ་འདེད་མཚམས་ཆད། ཨ་བྲས་རྩྭ་ཟ་བ་བཞིན་ཁ་ཤ་མུར་མུར་གྱིས་ཁ་ཏོན་འདོན་བཞིན་པ་དེའང་མཚམས་ཆད་དེ་ཁ་ནི་བྲ་ཁུང་ཞིག་དང་འདྲ་བར་འགུལ་རྒྱུ་མེད་པར་ནག་བུག་གེར་གྱུར།

དེས་ན་ཁྱོད་ཀྱིས་ཚིག་དུམ་དེ་ཅི་ཡིན་མྱུར་དུ་ཤེས་འདོད་ཡོད་པ་མ་ཟད་དེ་ནི་ངེས་པར་དུ་སྒོར་མོ་དང་འབྲེལ་བ་མེད་དམ་སྙམ་བཞིན་ཡོད་སྲིད། དྲང་མོར་བཤད་ན་ཏག་ཏག་དེ་འདྲ་ཡིན་ཏེ། ད་ལྟ་རྩེ་གཞུང་རྫོང་མཁར་གྱི་མཐའ་རུ་ཆགས་པའི“བདེ་སྐྱིད་སྐྱེ་ཁམས་སྤོར་འབངས་སྡེ་བ”རུ་ཡོད་པའི་ལྷ་སྐྱབས་ཀྱི་ཕུ་བོ་དག་ཞིང་པོའི་བུ་དབང་ཕྱུག་གིས་རྒྱན་བཞག་ནས་སྒོར་མོ་མང་པོ་ཤོར་བ་དང་བུ་ལོན་མང་པོ་ཁུར་ཡོད་ལ། དེ་བས་ཀྱང་བུ་ལོན་འདེད་མཁན་ཚོས་ད་ལྟ་དབང་ཕྱུག་རྙེད་ཀྱི་མི་འདུག་ཟེར་བ་དེ་རེད།

ལྷ་སྐྱབས་རང་གི་རྣ་བར་ཡིད་མ་ཆེས་པ་ལྟར“ཁྱོད་ཀྱིས་ཅི་ཟེར།”ཞེས་དྲིས་པ་ན་གསང་བ་ཆུང་ངུ་ཙམ་ཡང་ཚོགས་ཐབས་མེད་པའི་ཁ་དེས་ཡང་བསྐྱར་གོང་གི་ཚིག་དུམ་དེ་བསྐྱར་ཟློས་ཤིག་བྱས།

        “དཔེ་མི་སྲིད།”

        “ང་ཡང་དང་ཐོག་གཏན་ནས་མ་རློམ། རྒྱུ་མཚན་ནི——ཨོཾ་མ་ཎི་པདྨེ་ཧཱུཾ——ཁྱོད་ཀྱི་ཕུ་བོ་དག་ཞིང་པོ་ནི་ལག་ལ་ར་མར་བཞག་ཀྱང་མི་ཞི་བ་ཞིག་མིན་ནམ།”

        “རེད་ཡ། དེ་འདྲ་དཔེ་མི་སྲིད།”ལྷ་སྐྱབས་ཀྱིས་རང་གིས་རང་ལ་སེམས་གསོ་ཕྱིར་ཁ་ནས་དེ་ལྟར་བཤད་ཀྱང་ཟླ་བ་གཉིས་གསུམ་ཙམ་གྱི་སྔོན་ལ་དབང་ཕྱུག་གིས་ཁོའི་ལག་ནས་སྒོར་མོ་ཁྲི་གཅིག་བསྐྱིས་པ་མ་ཟད་ད་དུང་མང་ནའང་ཉིན་བཅུའི་ནང་ལ་བསྐྱལ་ཡོང་ཞེས་བཤད་མྱོང་། དེ་ནས་བཟུང་དབང་ཕྱུག་གི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་པ་ཡིད་ལ་ཤར་བས་ན་དོན་དག་འདི་ལ་མི་རློམ་ཀ་མེད་རེད།

གཉིས།

ལྷ་སྐྱབས་མ་གཞི་ནས་ཚེ་སྐྱིད་ཀྱི་རྫོགས་མཐའ་བྲལ་བའི་ཉོག་གཏམ་ལ་ཉན་འདོད་མེད་ལ། ད་ནི་དེ་བས་ཀྱང་སུན་སྣང་སྐྱེས་ཏེ་དམིགས་ཡུལ་མེད་པར་ཡར་ལངས་ནས་སྒོ་ལ་བུད།

སྟོན་མཇུག་གི་མཁའ་དབུགས་ཁྲོད་ན་གཟུགས་འདས་ཀྱི་གྲང་ངར་ཞིག་ཡོད་པས་ལྷ་སྐྱབས་ལ་རང་དབང་མེད་པར་གྲང་འདར་ཞིག་བརྒྱབ་པའི་དུས་མཚུངས་སུ་བསྟུད་མར་སྣ་སྦྲིད་གཉིས་བརྒྱབ་པས་གོང་བ་ཡར་འཐེན་ཏེ་རུམ་ལག་བྱས། ཁོའི་མིག་ཟུང་རང་དབང་མེད་པར་ཤར་ལྷོའི་མཚམས་ཀྱི་སྤྱི་ལེ་བཅུ་ཙམ་གྱི་སར་ཐིག་སྐུད་ཅིག་དང་འདྲ་བར་སྐྱ་ཤར་རེར་འཐེན་ཡོད་པའི་ཨར་འདམ་གྱིས་བཟོས་པའི་ཞིང་སྡེའི་གཞུང་ལམ་བརྒྱུད་དེ་རྩེ་གཞུང་རྫོང་མཁར་གྱི་ཕྱོགས་སུ་ཤོར། དེ་ནས་ཀྱང་རྩེ་གཞུང་རྫོང་མཁར་དང་རྩེ་གཞུང་དགོན་པ་གཉིས་ཀའི་བར་ན་ཡོད་པའི་གྱོ་མག་བཟོ་གྲྭས་སོ་ཕག་སྐེམ་པ་ལྟར་ཁང་མིག་རེ་རེར་ཆེ་ཆུང་མེད་ལ་གྲལ་དག་མོར་བསྒྲིགས་འདུག་པའི་བདེ་སྐྱིད་སྐྱེ་ཁམས་སྤོར་འབངས་སྡེ་བ་འབེན་དུ་བླངས་ཏེ་ཚང་ཚིང་སྐྱེས་པའི་ཤིང་ཙེ་དང་ཟངས་རྩི་དཀར་ནག་གཤགས་ནས་རྫོང་མཁར་གྱི་ཕྱོགས་སུ་གོམ་ཁ་བསྒྱུར། ཟླ་གཅིག་ལྷག་གི་སྔོན་ལ་ཁོ་རང་བསམ་གཟས་ནས་རྐང་ཐང་གིས་རྫོང་མཁར་ལ་ཐེངས་གཅིག་སོང་མྱོང་ལ། དེ་དུས་ཞིང་སྡེ་གཞུང་ལམ་འདིའི་འགྲམ་གཉིས་ཀྱི་ལྕགས་རའི་ཕ་རོལ་ན་ཕྱུགས་རྩྭ་ལྗང་ལྡེམ་མེར་འདུག་པ་མ་ཟད་གང་ས་གང་དུ་སྤང་རྒྱན་མེ་ཏོག་སྔོ་ཡུག་ཡུག་བཞད་ཡོད་པ་དང་། ཀྱི་ལྕེ་དང་རྟ་པགས་རྐོ་མཁན་རྒྱ་དང་ཁ་ཆེ་མང་པོས་བྲེལ་བྲེལ་འཚུབ་འཚུབ་བྱེད་ཀྱིན་འདུག ཡིན་ནའང་ད་ལྟ་ཡངས་པའི་སྤང་ཐང་འདིར་བགྲང་ལས་འདས་པའི་བྱི་ལོང་ས་འབུར་དང་ཚིག་ཇའི་མདོག་ཏུ་གྱུར་པའི་རི་ཤོ་མ་གཏོགས་གསོན་ཤུགས་ཅི་ཡང་མེད་པར་སྟོང་སང་ངེར་འདུག ལམ་བར་དུ་ཁོ་རང་དབུགས་འཚང་བས་ཡང་ཡང་འགྲོ་མཚམས་བཞག་སྟེ་ལམ་འགྲམ་གྱི་ལྕགས་ར་ལ་ཁེན་ནས་ངལ་གསོ་དགོས་བྱུང་བ་དང་། གནམ་གཤིས་འཁྱག་ནའང་ཁོའི་ལུས་ལ་ཚ་བ་རྒྱས་ཏེ་རྔུལ་ཆུ་ཐོན་པར་བལྟས་ན་རང་ཉིད་ཅུང་མགྱོགས་ཡོད་པ་འདྲ།

“བུ་ལོན་འདེད་མཁན་ཚོས་ད་ལྟ་དབང་ཕྱུག་རྙེད་ཀྱི་མི་འདུག”ཅེས་པ་ཡིད་ལ་དྲན་ཚེ་ཁོས་ཀྱང་དབང་ཕྱུག་རྙེད་མིན་ལ་གདེང་ཚད་ཅི་ཡང་མེད་ནའང་མུ་མཐུད་དུ་མདུན་ལ་མི་འགྲོ་ཀ་མེད་རེད། སྟབས་ལེགས་པ་ཞིག་ལ་ཁོ་པ་བདེ་སྐྱིད་སྐྱེ་ཁམས་སྤོར་འབངས་སྡེ་བའི་སྒོ་ཁར་སླེབས་པ་དང་ཏག་ཏག་དབང་ཕྱུག་གིས་སྤྱི་བདེ་མི་སྣའི་ཏ་དབྱི་རྙིང་ཧྲལ་ཞིག་གྱོན་ནས་སྒོར་བུད་པ་དང་གདོང་ཐུག་བརྒྱབ་བྱུང་། ཏ་དབྱི་འདི་ནི་དབང་ཕྱུག་དང་ཐོག་རྒྱན་འཇོག་གི་ལས་ལ་ཞུགས་སྐབས་སྒོར་མོ་ཚར་བའི་ཉེན་རྟོག་པ་ཞིག་གི་རྒྱབ་ནས་བཤུས་པ་ཡིན་ལ། དེ་དུས་ཏ་དབྱི་འདི་གསར་པ་གསར་རྐྱང་ཡིན་པས་སྒོར་མོ་ལྔ་བརྒྱ་ཆད་ཡོད་པའི་ཚབ་ཏུ་བླངས་པ་རེད། ཡིན་ནའང་ད་ལྟ་ཏ་དབྱི་འདི་ཧ་ཅང་རྙིང་ཧྲལ་དུ་གྱུར་ཅིང་ནག་ནོག་དྲི་མས་གོས་པའི་ཁར་ཐུ་བའི་སྟེང་ན་མེ་ཐིགས་ལྷུང་བའི་བུ་ག་འགའ་ཡང་འདུག་པས་སྒོར་མོ་ལྔ་བཅུའི་ཚབ་ཏུའང་ལེན་མཁན་ཡོད་མི་སྲིད།

ལྷ་སྐྱབས་ཀྱི་ངོ་གདོང་ནག་རོག་གེར་འདུག་པ་མཐོང་མ་ཐག་དབང་ཕྱུག་གིས་དེས་རང་གི“མཛད་རྗེས”གོ་ཡོད་པ་ཚོར་ནས་རེ་ཞིག་རྟབ་རྟབ་པོར་གྱུར་ནའང་དེ་མ་ཐག་ཨུ་ཚུགས་ཀྱིས་གདོང་ལ་འཛུམ་ཆུང་ཞིག་བྱུགས་ཏེ“ཨ་ཁུ་སླེབས་བྱུང་ངམ།”ཞེས་འཚམས་འདྲི་ལྟ་བུ་ཞིག་བྱས།

        “ཨ་རོགས། གོ་ཚུལ་ལྟར་ན་ཁྱོད་ཀྱིས་རྒྱན་བཞག་ནས་སྒོར་མོ་མང་པོ་ཤོར་སོང་བ་མ་ཟད་ད་དུང་བུ་ལོན་མང་པོ་ཞིག་ཀྱང་ཁུར་ཡོད་ཟེར་བ་བདེན་ནམ།”

        འདི་ནི་དབང་ཕྱུག་ལ་མཚོན་ན་ཆེས་ཉན་འདོད་མེད་པའི་ཚིག་ཅིག་ཡིན་པས་དེ་མ་ཐག་གདོང་གི་འཛུམ་ཆུང་ཡལ་ནས“དེ་ནི་ཚང་མས་ང་ལ་ངན་བཤད་བྱས་པ་རེད།”ཟེར།

        “ཨ་རོགས། ངས་བལྟས་ན་དེ་འདྲ་མིན་པ་འདྲ། ཁྱོད་ཀྱིས་ང་ལ་དྲང་མོར་ཤོད་དང་། ངོ་མ་གཞན་གྱིས་བཤད་པ་དེ་འདྲ་ཡིན་ན་འུ་ཚོས་རེམ་པར་ཐབས་བཀོད་འཐེན་དགོས།”

        “ཁྱོད་རང་མི་རློམ་ན་ང་ལའང་ཐབས་བཀོད་མེད།”

        “ཁྱོད་ཀྱིས་བཤད་པ་དེ་བདེན་པ་ཡིན་པའི་སྨོན་ལམ་འདེབས། ཡིན་ནའང......”

        “ད་ཆོག་གི་ཆོག་གི ང་རེམ་པར་དོན་དག་ཅིག་བསྒྲུབ་ཏུ་འགྲོ་དགོས།”

        དབང་ཕྱུག་གི་སྔར་བསྟན་མ་མྱོང་བའི་རྣམ་འགྱུར་བཙོག་པོ་དེར་ལྷ་སྐྱབས་དང་ཐོག་ཧ་ལས་ཤིང་། རིམ་བཞིན་འཚིག་པ་ཟོས་ཏེ་གློ་ལུ་ཞིག་བྱས་ནས“ཡ་ད་ཁྱོད་རང་གིས་ལྟོས། གལ་ཏེ་ཁྱོད་ལ་བུ་ལོན་མེད་ན་ང་ལའང་སྒོར་རྡོག་འགའ་བོ་སྤྲོད་ཅིག”ཟེར།

        “སྒོར་རྡོག་འགའ་བོ?སྒོར་རྡོག་འགའ་བོ་ཟེར་བ་ཅི་ཞིག་རེད།”

        “ཅི་རེད། ཁྱོད་ཀྱིས་བརྗེད་འདུག་གམ། ཟླ་འགའི་སྔོན་ལ་ཁྱོད་ཀྱིས་ངའི་ལག་ནས་སྒོར་མོ་ཁྲི་གཅིག་བསྐྱིས་སོང་བ་དེ་ཟེར་བ་ཡིན།”

        “ཅི་ཞིག ངས་ཁྱོད་ཀྱི་ལག་ནས་སྒོར་མོ་ཁྲི་གཅིག་བསྐྱིས་སོང?དུས་ཚོད་ནམ་བསྐྱིས?ས་ཆ་གང་དུ་བསྐྱིས?བསྐྱིས་ཡིག་ག་རེད?བདེན་དཔང་སུ་ཡོད?”

        “ཨ་ཙི། ཁྱོད་ཀྱིས་ངེས་ངེས་ཟེར་བ་ཡིན་ནམ།”

        “ངས་ངེས་ངེས་ཟེར་བ་ཡིན།”

        “ཨ་ཙི། ཁྱོད་ཀྱིས་ངེས་ངེས་འཇུན་རྩིས་ཡིན་ནམ།”

        “ཁྱོད་ཀྱིས་ངེས་ངེས་ང་ལ་གླེང་འདེབས་རྩིས་ཡིན་ནམ།”

        ཕར་བལྟས་ན་དབང་ཕྱུག་ཧ་ཅང་གཟབ་ནན་ཡིན་པའམ། གང་ལྟར་དོན་དག་འདི་གཏན་ནས་ཁས་ལེན་བྱེད་འདོད་མེད་པ་འདྲ་བས་ལྷ་སྐྱབས་འུ་ཐུག་སྟེ“ཨ་རོགས་ཞི་ལི། ལས་རྒྱུ་འབྲས་ཟེར་བ་ཞིག་ཡོད་ནི་རེད་གོ”ཟེར།

“ཧིན། ཁྱོད་ཀྱིས་ལས་རྒྱུ་འབྲས་ཟེར་བ་ཞིག་ཡོད་པ་ཤེས་བཞིན་དུ་མི་ལ་གླེང་འགེལ་བ་འདི་ཡ་མཚན་རེད།”དབང་ཕྱུག་གིས་དབུགས་སྟོད་ལ་འཚང་སྟེ་ལྷ་སྐྱབས་ཀྱི་གདོང་ལ་མཛུབ་མོ་གཏད་ནས་དེ་ལྟར་བཤད་རྗེས་ལྷ་སྐྱབས་ལ་སྐད་ཆ་བཤད་ཁོམ་མ་བྱིན་པར་བུད་སོང་།

གསུམ།

ལྷ་སྐྱབས་ཁ་གདངས་ཤིང་མིག་ཅེར་ཏེ་གནས་དེ་རུ་ཡུན་རིང་འགྲེང་རྗེས་ཁ་ཤ་འདར་འདར་དང་གོམ་པ་འཁྱར་འཁྱོར་གྱིས་རྩེ་གཞུང་རྫོང་མཁར་གྱི་སྲང་ལམ་གཙོ་བོ་བརྒྱུད་ནས་ཕྱིར་ལོག་སྐབས་རླངས་འཁོར་ཞིག་ཁོའི་གམ་དུ་བསྡད་དེ“ཨ་ཕ། ཁྱོད་གང་ལ་འགྲོ་བ་ཡིན། ངོ་མདོག་བཙོག་པ་ལ། ན་ཚ་ཞིག་བྱུང་བ་མིན་ནམ།”ཟེར།

ལྷ་སྐྱབས་གཞི་ནས་ཡང་བསྐྱར་རྣམ་ཤེས་ཞུགས་པ་ལྟར་མི་འདི་ནི་རྫོང་མཁར་ན廉租房ཟེར་བའི་རིན་གོང་ཅུང་སླ་བའི་གླ་ཁང་གླས་ཏེ་གླ་འཁོར་གཏོང་བཞིན་པའི་རང་གི་བུ་རྒན་པ་དོན་ལྡན་ཡིན་པ་ངོས་ཟིན་ཏེ“དབང......དབང་ཕྱུག་ཁྱི་རྒན་གན......”ཞེས་མགོ་མཇུག་མེད་པའི་ཚིག་གཅིག་ངག་ལས་ཤོར།

        “ཁྱི་སྐྱག་དེའི་བྱ་བཤད་སྲོལ་མེད། དེ་བརྒྱ་ཆའི་བརྒྱ་ཡིས་འགྱུར་འདུག”དོན་ལྡན་ནི“བརྒྱ་ཆའི་བརྒྱ”ཞེས་པའི་ཚིག་འདི་བེད་སྤྱོད་གཏོང་བར་གོམས་འདུག་ལ། ཁོས“འུ་ཚོས་དེ་ལ་སེམས་ཁྲལ་བྱེད་པ་ནི་རང་གིས་རང་སྡུག་ལ་གཏད་པ་ཙམ་ལས་ཕན་པ་ཅི་ཡང་མེད། འགྲོ། གུང་ཇ་འཐུང་དུ་འགྲོ།”ཟེར།

        “མ་རེད་མ་རེད། ཁྱི་རྒན་དེས་ངའི་ལག་ནས་སྒོར་མོ་བསྐྱིས་སོང་ནའང་ད་ལྟ་ཁས་མི་ལེན་པར་མ་ཟད་ད་དུང་ཁོ་ལ་གླེང་བཏབ་སོང་ཟེར་ནས་ངའི་སྟེང་ལ་ངར་ངར་བྱེད་ཀྱིན་འདུག”

        “ཨ་ཙི་ཙི། ཁྱི་སྐྱག་དེ་ངོ་མ་མི་ཞིག་མ་རེད། ཁྱོད་རླངས་འཁོར་ནང་ལ་བུད་དང་། འུ་གཉིས་ཁོ་བཙལ་དུ་འགྲོ། ད་ཐེངས་ད་ཁྱི་སྐྱག་དེར་བསམ་ཞིག་ཤེས་སུ་མ་བཅུག་ན་བུ་མིན།”དོན་ལྡན་དེ་མ་ཐག་ཁོང་ཁྲོ་གཏིང་ནས་ལངས་ཏེ་རང་དབང་མེད་པར་རླངས་འཁོར་གྱི་སྣུམ་སྒོ་ཤུགས་ཀྱིས་གནོན་བཞིན་འདུག

དོན་ལྡན་ནི་གཤིས་རྒྱུད་འཇམ་ཞིང་སྙིང་རྗེ་ཅན་ཞིག་ཡིན་ནའང་མཚམས་རེར་སྤོ་ཐུང་ཐུང་ཞིག་ཀྱང་ཡོད། ཕར་བལྟས་ན་གནས་ཚུལ་མི་ཡག་ཁོ་ཐག་ཡིན་པ་ཤེས་ཐུབ་པས་ལྷ་སྐྱབས་ཀྱིས་དོན་དག་འདི་དོན་ལྡན་ལ་བཤད་པར་ཅུང་འགྱོད་པ་སྐྱེས་པ་དང་། མ་མཐའ་ཡང་ཕུ་བོ་གཤེགས་པོ་ལ་འདང་བརྒྱབ་སྟེ་དོན་དག་འདི་མི་གླེང་བར་སེམས་ཐག་བཅད་ནས“མིན་མིན། ད་སྐྱུར་ཞོག ངའི་ཕུ་རྒན་དག་ཞིང་པོ་ལ་འདང་རྒྱག་དགོས། ཁྱོད་ཀྱིས་ཀྱང་དོན་དག་འདི་གཏན་ནས་གླེང་མི་ཆོག ད་ང་ཕྱིར་འགྲོ་རྒྱུ་ཡིན།”ཞེས་བཤད་ནས་འགྲོ་རྩིས་བྱས།

“ཨུན། དེས་ན་ཁྱོད་རླངས་འཁོར་ནང་ལ་བུད་དང་། ངས་ཁྱོད་ཁྱིམ་ལ་སྐྱེལ།”དོན་ལྡན་གྱིས་དེ་ལྟར་བཤད་ཞོར་རང་ཉིད་རླངས་འཁོར་ལས་མར་བབས། ལྷ་སྐྱབས་ཀྱི་སེམས་ལའང་རང་ཉིད་ཐང་ཆད་ཡོད་པའི་ཁར་གནམ་གཤིས་ཀྱང་འཁྱག་པས་དེ་མི་འགྲིག་རྒྱུ་མེད་བསམས་ཏེ་རླངས་འཁོར་ནང་ལ་འཛུལ།

རྫོང་མཁར་ཕྱི་རོལ་ཏུ་འབུད་རག་བར་ཕ་བུ་གཉིས་ལ་ཁ་བསྲེ་མེད་པ་ལྟར་གནས་ཤིང་། མཚམས་ཤིག་ལྷ་སྐྱབས་ཀྱིས་ཧ་ཅང་ཡིད་སྐྱོ་བའི་ཤུགས་རིང་ཞིག་འཐེན་རྗེས“ཨ་ཙི་ཙི། ཇི་འདྲའི་སྐྲག་སྣང་སྐྱེ་བ་ལ། ཕ་རྒོད་པོ་ཤ་ཟན་ཞིག་ལ། བུ་ཁ་ཏ་སྐྱག་ཟན་ཞིག་ཟེར་བ་ཅིས་མ་བདེན། ངའི་ཕུ་རྒན་དག་ཞིང་པོ་ནི་ལག་ལ་ར་མར་བཞག་ཀྱང་མི་ཞི་བའི་མི་བརྟན་པོ་ཞིག་ཡིན་ཟེར་ནས་རྩེ་གཞུང་སྡེ་བའི་ཕོ་མོ་གཉིས་ཀའི་ཁ་ན་རླུང་ལྟར་གྲགས། ཡིན་ནའང......ད་ཚར་སོང་།ད་ཚར་སོང་།”ཟེར་ནས་མགྲིན་པ་བརྣངས།

དོན་ལྡན་གྱིས་ཁོས་ཀྱང་དབང་ཕྱུག་ལ་རྒྱན་མ་འཇོག རྒྱན་འཇོག་མཁན་དང་དུ་ནག་འཐེན་མཁན་གཉིས་ལ་སྤྱི་ཚོགས་གསར་རྙིང་གཉིས་ཀར་ཡར་ཐར་མེད་རབས་སོགས་རང་གི་ཤེས་ཚོད་ཀྱིས་ཁ་ཏ་སློབ་གསོ་གང་མང་བཏང་མྱོང་། དང་ཐོག་དེས་ཀྱང་ཡ་ཡ་ཡིན་ཡིན་ཟེར་ནའང་རིམ་བཞིན་དེའི་སྐོར་གླེང་ན་ཧ་ཅང་མི་དགའ་ཞིང་། ད་ལྟ་དེ་ཁོའི་གམ་ལའང་མི་ཡོང་བ་མ་ཟད་ཁོ་མཐོང་ན་གཟུར་ནས་འགྲོ། གོ་ཚུལ་ལྟར་ན་མི་མང་པོའི་ལག་ནས་སྒོར་མོ་བསྐྱིས་ཏེ་དོམ་ངན་བྱེད་བཞིན་ཡོད་པ་དང་། ཉེ་སྔོན་ཆུང་མས་ཀྱང་ཕྲུ་གུ་ཁྲིད་ནས་རང་གི་མ་ཁྱིམ་ལ་བུད་སོང་རབས་སོགས་བཤད་ནས་ཕ་བུ་གཉིས་ཀ་སྐྱོ་གདུང་དང་ཁོང་ཁྲོ་མཉམ་དུ་སྐྱེས།

བཞི།

ཁྱིམ་ལ་སླེབས་པ་ན་ཚེ་སྐྱིད་ཀྱིས་ད་རུང་དལ་ལྷོད་བག་ཕེབས་ཀྱིས་ཇ་འཐུང་བཞིན་འདུག་པ་དང་། མོས་ལྷ་སྐྱབས་ལ “ཁྱོད་གློ་བུར་དུ་གང་ལ་སོང་བ་ཡིན།”ཟེར། ལྷ་སྐྱབས་རང་དབང་མེད་པར་ཁོ་མོའི་སྟེང་ལ་འཚིག་པ་ཟོས་ནས་མ་གོ་ཁུལ་གྱིས་ཨ་ལན་ཙམ་ཡང་མ་བྱིན་པས་ཚེ་སྐྱིད་གཞི་ནས་ཅུང་དོགས་མི་བདེ་བར་གྱུར་པ་ལྟར“ཡ་ད་འགྲོ ཨ་ཡོ་ཨ་ཡོ......”ཞེས་འཁུན་སྒྲ་འདོན་བཞིན་ལག་པ་གཉིས་སར་ཁེན་ཏེ་ཡར་ལངས་ནས་འགྲོ་རྩིས་བྱས་པ་ན་ལྷ་སྐྱབས་ཀྱིས་ད་གཟོད་རང་ཉིད་ཅུང་ཚད་ལས་བརྒལ་སོང་བསམས་ཏེ“ཁྱོད་ལ་བྲེལ་བ་ཅི་ཡོད། སྡོད་ལ་གུང་ཇ་ཐུངས།”ཞེས་བཤད། བློ་ཡུལ་ལས་འདས་པ་ཞིག་ནི་ཚེ་སྐྱིད་ཀྱིས“ཡ་ཡ། ང་སྒོར་གཅིག་བུད་ནས་ཡོང་།”ཟེར་བ་དང་། སྒོར་བུད་ནས་གཅིན་པ་ཞིག་བཏང་རྗེས་ཡང་བསྐྱར་ཟངས་རྩི་ནག་པོའི་དྲི་མ་འཐུལ་བཞིན་ཕྱིར་ཡོང་སྟེ་ལྷ་སྐྱབས་ཚང་གི་བཟའ་མི་ཞིག་དང་འདྲ་བར་འཛེམ་དོགས་ཅི་ཡང་མེད་པར་ཕྱོགས་གཅིག་ནས་གུང་ཟས་ལ་སྒུག་པ་དང་། ཕྱོགས་གཅིག་ནས་ཉིན་མཚན་དུས་དྲུག་ལ་ཟུམ་ཐབས་མེད་པའི་མཆུ་སྒྲོས་ལས་ཁུངས་ལུང་ཡོད་མེད་གཉིས་ཀའི་གཏམ་གྱི་སྒོ་མོ་ཡངས་པོར་ཕྱེ། ཡིན་ནའང་ལྷ་སྐྱབས་ནི་སའི་གོ་ལའི་ཕར་ངོས་ན་གནས་པ་ཇི་བཞིན་ཚེ་སྐྱིད་ཀྱི་སྐད་ཆ་ཚིག་གཅིག་ཀྱང་རྣ་བར་མི་འགྲོ་བར་མིག་ལམ་དུ་དབང་ཕྱུག་གི་ཏ་དབྱི་རྙིང་ཧྲལ་གྱོན་པའི་གཟུགས་རིས་ཤར་ཏེ་སྙིང་རྗེ་སྐྱེས་པ་དང་། ཡང་དེས་རང་གི་གདོང་ལ་མཛུབ་མོ་གཏད་དེ་ངར་ངར་བྱེད་པའི་ངང་ཚུལ་ཤར་ཏེ་ཁོང་ཁྲོ་ལངས། དབང་ཕྱུག་མིག་གིས་མཐོང་ཐེངས་རེ་དང་ཡིད་ལ་ཤར་ཐེངས་རེར་ཁོས་རང་ཤུགས་ཀྱིས་རང་གི་ཕུ་བོ་དྲན་ཡོང་སྟེ། ཕུ་བོ་ནི་ནམ་རྒྱུན་སྨྲ་བ་ཉུང་བའི་མི་ཞིག་ཡིན་ལ། ཁོ་པ་ཅི་འདྲའི་དོན་དག་གལ་ཆེན་ཞིག་ལ་ཐུག་ནའང“ངེས་ངེས་ཡིན། ངེས་ངེས་ཡིན།”ཟེར་བ་ལས་གཏན་ནས་མནའ་གཅིག་ཀྱང་སྐྱེལ་མི་སྲིད། ཁོས་མནའ་གཅིག་ཀྱང་སྐྱེལ་མི་སྲིད་པ་ཇི་བཞིན་རྫུན་གཅིག་ཀྱང་བཤད་མི་སྲིད། དེའི་ཕྱིར་སྡེ་མི་རྣམས་ཀྱིས་ཀྱང་གལ་ཏེ་དེས་དེ་ལྟར་བཤད་ན་རྦད་དེ་རློམ་ཆོག་ཟེར་ནས་ཚད་མར་འཛིན་པར་བྱེད། ཁོ་པ་འཚོ་གཞེས་དུས་སུ་བུ་དབང་ཕྱུག་ཀྱང་ཡ་རབས་ཚུལ་ལྡན་ཞིག་ཡིན་པ་འདྲ་ལ། མ་མཐའ་ཡང་དེས་མ་རབས་ཁྲེལ་མེད་འདི་འདྲ་བྱས་སོང་ཟེར་བ་གོ་མ་མྱོང་། རང་གི་བུ་དོན་ལྡན་དང་དབང་ཕྱུག་གཉིས་ཀ་ཕལ་ཆེར་ན་མཉམ་ཡིན་པ་དང་། ཁོང་གཉིས་ནི་ངེས་པ་དོན་གྱི“སློག་པ་གཅིག་གི་ནང་དུ་ནར་སོན་པ”ཡིན་ལ། རང་ལའང་དེ་གཉིས་ཀར་མི་ཕྱེད་པའི་གཅེས་འདང་ཡོད། མཚམས་ཤིག་དོན་ལྡན་ཡུལ་ཚོ་སློབ་ཆུང་དུ་འགྲོ་དགོས་བྱུང་དུས་ཀྱང་ཁོང་གཉིས་ཁ་འབྲལ་མི་ཕོད་པ་ལྟ་བུར་སྣང་བས་གཉིས་ཀ་མཉམ་དུ་སློབ་གྲྭར་བསྐྱལ། དེ་དུས་ཁོ་པ་ཕྲུ་གུ་གཉིས་ལ་བལྟ་རུ་སོང་ཐེངས་རེར་ལག་ན་སྒོར་མོ་གཉིས་ཡོད་ན་སོ་སོར་གཅིག་རེ་བྱིན་པ་དང་། གལ་ཏེ་སྒོར་མོ་གཅིག་མ་གཏོགས་མེད་ན་སོ་སོར་ཟུར་ལྔ་རེ་བྱིན་པ་ཡིན། རང་གི་ཕུ་བོ་དག་ཞིང་པོས་ཀྱང་དེ་ལྟར་བྱས་པ་རེད། ཕྲུ་གུ་གཉིས་ཀ་དམའ་འབྲིང་མཐར་ཕྱིན་པའི་ལོ་དེར་རང་གི་ཕུ་བོར་བཅོས་ཐབས་མེད་པའི་མཆིན་སྐྲན་བྱུང་སྟེ་རིང་པོ་མ་འགོར་བར་ཚེ་ལས་འདས་པས་དབང་ཕྱུག་མུ་མཐུད་དུ་སློབ་གྲྭ་འགྲིམ་མ་ཐུབ་ལ། དོན་ལྡན་གྱིས་ཀྱང་དབང་ཕྱུག་སློབ་གྲྭར་མི་འགྲོ་ན་ཁོའང་མི་འགྲོ་ཟེར་བས་ལྷ་སྐྱབས་ཀྱིས་ཀྱང་ཨུ་ཚུགས་མ་བྱས། རྗེས་སུ་ཕྲུ་གུ་གཉིས་ཀྱིས་སྔ་གཞུག་ཏུ་གཉེན་སྒྲིག་བྱས་ཏེ་འཁོར་བ་བསྐྱངས། ལོ་འགའི་སྔོན་ལ་དབང་ཕྱུག་རྫོང་མཁར་འདབས་ཀྱི་སྐྱེ་ཁམས་སྤོར་འབངས་སྡེ་བར་གཞི་སྡོད་བྱས་པ་ནས་ཕན་ཚུན་བར་གྱི་འགྲོ་འོང་ཇེ་ཉུང་དུ་སོང......ལྷ་སྐྱབས་ཕྱིར་དྲན་གྱི་མཁའ་དབྱིངས་ནས་ཕྱིར་ས་སྟེང་དུ་བབས་དུས་ཚེ་སྐྱིད་ཀྱི་སྡོད་ཤུལ་ནའང་དཀར་ཡོལ་སྟོང་བ་དེ་ལས་ཅི་ཡང་མི་འདུག

ལྔ།

ལྷ་སྐྱབས་ཀྱིས་དོན་ལྡན་ལ“དོན་དག་འདི་གཏན་ནས་གླེང་མི་ཆོག”ཅེས་ཡང་ཡང་བཤད་པ་དང་། དོན་ལྡན་གྱིས་ཀྱང་ཡང་ཡང་ཁས་ལེན་བྱས་ཡོད་མོད། འོན་ཀྱང་ཕྱི་ཉིན་ཉིན་གུང་ཁོས་གཡོན་ལག་གིས་ཕྲེང་བ་འདེད་པ་དང་གཡས་ལག་གིས་རླངས་འཁོར་སྐོར་བཞིན་བདེ་སྐྱིད་སྐྱེ་ཁམས་སྤོར་འབངས་སྡེ་བར་མི་ཞིག་བསྐྱལ་ནས་ཁ་ཕྱིར་འཁོར་སྐབས་དབང་ཕྱུག་མཐོང་བ་དང་། རང་དབང་མེད་པར་ཁ་ཏ་སློབ་གསོ་ཞིག་བྱེད་དགོས་བསམས་ཏེ་རླངས་འཁོར་ལས་བབས་ནས་དེའི་མདུན་ལ་སོང་བ་ན་དབང་ཕྱུག་གི་ངོ་མདོག་དེ་མ་ཐག་ནག་རོག་གེར་གྱུར་ཏེ“ཅི་རེད། ཁྱོད་ཕ་བུ་གཉིས་ཀས་ཉིན་ལྟར་ང་སྡོད་དུ་མི་འཇུག་པ་ཅི་ཡིན།”ཟེར།

“ཨ་ཙི། ཁྱོད་ཀྱི་སྐད་ཆ་འདི་ཅི་ཡིན། ཁྱོད་ནི་ཅི་འདྲའི་མི་ཞིག་ཏུ་འགྱུར་འདུག་ཨང་།”དོན་ལྡན་གྱིས་དེ་ལྟར་བཤད་ཞོར་ཕྲེང་བ་མཁྲིག་མར་དཀྲིས་པ་ན་དབང་ཕྱུག་གིས“ཅི་རེད། ཁ་སང་ཁྱོད་ཀྱི་ཨ་ཕ་ཡོང་ནས་ང་ལ་གླེང་བཏབ། དེ་རིང་ཁྱོད་ཀྱིས་ང་ལ་གཅར་རྡུང་བྱེད་རྒྱུ་ཡིན་ནམ། ཁྱོད་ཚོ་ང་ལ་སྙིང་ནད་ཅི་ཞིག་རྩོད་རྒྱུ་ཡོད།”ཟེར།

དོན་ལྡན་ལ་གློ་བུར་དུ་ཁོང་ཁྲོ་གནོན་ཐབས་མེད་པ་ཞིག་ལངས་ནའང་ཕ་རོལ་གྱི་མཚང་ལ་ཕོག་པ་དང་རང་གི་ཞེ་སྡང་སངས་པའི་ཚིག་གཅིག་ཡིད་ལ་མ་ཤར་པས“ཁྱི་སྐྱག་ཁྱོད......”ཟེར་བཞིན་འགྲམ་ལྕག་གཅིག་གཞུས།

“ཨ་ཧོ——ཨ་ཤུ་རེ་ཁོ། ཁྱོད་ཀྱིས་ང་ད་སོད།”དབང་ཕྱུག་སྨྱོན་པ་ཇི་བཞིན“ངས་དེ་རིང་ཁྱོད་ཀྱི་ལག་ལ་རོ་ཐོ་འཇོག་མ་ཐུབ་ན་ང་ཁྱི་རྒན་ཞིག་ཡིན། གསོད་མ་ཐུབ་ན་ཁྱོད་ཁྱི་རྒན་ཞིག་ཡིན།”ཟེར་ནས་དོན་ལྡན་གྱི་བྲང་ཁར་མགོ་བོས་ཕུར་ཕུར་བྱས་ནས་ཡར་འདེད་མར་འདེད་བྱས་པ་དང་། མཚམས་ཤིག་གློ་བུར་དུ་ཨོང་ཤ་ས་ལ་མ་རེག་པར་རྒྱ་ཙོག་བྱས་ཤིང་། ཐ་མག་རྔུབ་འཐེན་བྱེད་བཞིན་སེམས་ལ་ཕྱིར་འདང་བརྒྱབ་ན་རང་ཉིད་སློབ་གྲྭ་ཐོན་པ་ནས་སུ་ཞིག་གིས་བེམ་རྡེལ་གཅིག་ཀྱང་བརྒྱབ་མ་མྱོང་ལ། ཐ་ན་ཉེ་འབྲེལ་རྟ་རྔ་ཙམ་ཡང་མེད་པར་སྒོར་མོ་ཁྲི་ཕྲག་འགའ་རེའི་དོམ་ཆད་ཡོད་པ་དེ་ཚོས་ཀྱང་ཁོ་པར་གཅར་རྡུང་བྱེད་མ་མྱོང་བསམས་ནས་རང་དབང་མེད་པར་མིག་ཆུ་ཤར་ཤར་གཏོང་བཞིན“ཨ་ཤུ་རེ་ཁོ། ང་ཕ་མེད་སྤུན་མེད་དཔུང་མེད་རྒྱུ་མེད་ཡིན་པས་ཁྱོད་ཕ་བུ་གཉིས་ཀས་ང་ལ་གླེང་བཏབ་ཅིང་གཅར་རྡུང་བྱས། ཨ་ཤུ་རེ་ཁོ......”ཟེར་ནས་མིག་ཆུ་སྣ་ཆུར་འདྲེས། སྣ་ཆུ་ཁ་ཆུར་འདྲེས་ནས་ངུས།

དོན་ལྡན་གྱིས་དབང་ཕྱུག་གི་མགོ་སྐྲ་འཛིང་ཞིང་ཏ་དབྱི་རྙིང་ཧྲལ་གོན་པའི་ཚུགས་ཀར་ལྟ་བཞིན་སྙིང་རྗེ་ཞིག་སྐྱེས་པ་དང་། ཡང་དེའི་ཕྱིན་ཅི་ལོག་གི་བྱ་སྤྱོད་ཡིད་ལ་ཤར་ནས་ཁོང་ཁྲོ་ལངས། གང་ལྟར་ཁོའི་སེམས་ལ་སྨྲ་མི་ཤེས་པའི་སྡུག་བསྔལ་ཞིག་སྐྱེས། ཁོའི་སེམས་ཁམས་འགལ་འདུས་ཁེངས་ཤིང་ཅི་བྱ་གཏོད་བྲལ་དུ་གྱུར་ཏེ་དབུགས་རིང་ཞིག་འབྱིན་པ་དང་། མཇུག་མཐར་ཡང་བསྐྱར་དབང་ཕྱུག་ལ་སེམས་ལག་ལ་བཞག་ནས་ཁ་ཏ་ཞིག་བྱེད་དགོས་བསམས་ཏེ་དེའི་གམ་ལ་སོང་བ་ན་དབང་ཕྱུག་གློ་བུར་དུ་ཡར་ལངས་ནས་མིག་ཆུ་འབྱིད་བཞིན“ཁྱོད་བཙན་པོའི་མགོ་ནས་གནོན་མཁན་ཞིག་དང་། ང་གཉོམ་པོའི་རྐེད་ནས་སྐྱོར་མཁན་ཞིག་ལོས་ཡོད། ཁྱོད་ཚོས་སྒུགས་སྡོད།”ཟེར་ནས་བུད་སོང་།

དྲུག

དབང་ཕྱུག་རྩེ་གཞུང་རྫོང་མི་དམངས་ཁྲིམས་ཁང་གི་སྒོ་ཁ་ན་ཐ་མག་འཐེན་བཞིན་ཕར་འགྲོ་ཚུར་འགྲོ་བྱེད་ཀྱིན་འདུག་པ་དང་། མཇུག་མཐར་ནང་ལ་མ་འཛུལ་བར་བུད་སོང་། ཡིན་ནའང་ཁོས་དོན་དག་འདི་གཏུག་གཤེར་མི་བྱེད་པའི་སེམས་ཐག་བཅད་པ་མིན་པར་འདི་འདྲའི་དོན་དག་ཆུང་ངུ་རྣམས་ཡུལ་ཚོ་སྲིད་གཞུང་གིས་ཀྱང་བར་འདུམ་ཐག་གཅོག་བྱེད་བཞིན་ཡོད་པ་ཡིད་ལ་ཤར་བ་དང་། ལྷག་པར་དུ་ཡུལ་ཚོ་སྲིད་གཞུང་ན་བོད་སྐད་ཤེས་མཁན་འགའ་རེའང་ཡོད་པས་སྟབས་བདེ་རེད་བསམ་པ་རེད། ཁོས་དཀའ་ཚེགས་མང་པོ་མྱང་མ་དགོས་པར་དོན་དག་འདིའི་རིགས་སྒྲུབ་མཁན་གྱི་ལས་བྱེད་པ་དེ་རྙེད་བྱུང་མོད། འོན་ཀྱང་དཀའ་ཚེགས་མང་པོ་མཇུག་ན་ཡོད་པ་འདྲ་སྟེ། མི་དེས་དབང་ཕྱུག་གི་གནས་ཚུལ་ཡོངས་རྫོགས་ལ་ཉན་མ་ཚར་གོང“ཁྱོད་ཀྱིས་གནས་ཚུལ་ཆ་ཚང་ཡི་གེར་ཕབ་ནས་ཁྱེར་ཤོག”ཟེར།

དབང་ཕྱུག་སློབ་གྲྭར་འགྲིམ་སྐབས་སློབ་སྦྱོང་ཡག་ཤོས་ཡིན་ནའང་ད་ལྟ་ཡི་གེ་འབྲི་རྒྱུ་ཕར་ཞོག དཔེ་ཆ་རིག་ན་སུན་སྣང་སྐྱེ་བ་དང་། གལ་ཏེ་ཅི་ཞིག་འབྲི་བསམ་ནའང་ཡི་གེ་མང་པོ་བརྗེད་འདུག་ལ། དེ་བས་ཀྱང་གང་ནས་མགོ་རྩོམ་དགོས་མི་ཤེས་པས་ཁོས་ཐེངས་མང་པོར་དོན་དག་འདི་བསྐྱུར་དགོས་བསམ། ཡིན་ནའང་འགོག་ཐབས་མེད་པའི་སྒུལ་ཤུགས་ཤིག་གིས་ཁོ་པ་བཙན་འདེད་བྱས་ཏེ་ཐ་མག་བར་མེད་དུ་འཐེན་ཞོར་ཕལ་ཆེར་ཉིན་ཕྱེད་ཙམ་གྱི་དུས་ཚོད་སྤྱད་མཐར་གཞི་ནས་དོན་དག་འདིའི་མགོ་མཇུག་བར་གསུམ་འབྲི་ཐུབ་ཙམ་བྱུང་བ་དེའི་ཚིག་སྦྱོར་མི་བདེ་བ་མ་ཟད་ཆ་སྙོམས་ཐིག་ཕྲེང་རེར་ཡིག་ནོར་བཞི་ལྔ་རེ་ཡོད་མོད། འོན་ཀྱང་གང་ལྟར་ཁོ་པ་སློབ་གྲྭ་བརྒྱུད་མྱོང་བས་དོ་བདག་ཕན་ཚུན་གྱི་སྡོད་གནས། དོན་རྐྱེན་བྱུང་བའི་ས་གནས་དང་དུས་ཚོད། གལ་ཏེ་རང་ཉིད་ལན་པ་ཡིན་ན་ལྷ་སྐྱབས་ཀྱིས་སྒོར་མོ་ཁྲི་གཅིག་བསྐྱིས་ཡོད་ཟེར་བ་དེའི་སྟེང་ལ་སྒོར་མོ་ཁྲི་གཅིག་གིས་བཟོད་གསོལ་ཞུ་ངེས་ཡིན་པ་དང་། གལ་ཏེ་ལྷ་སྐྱབས་ལན་པ་ཡིན་ན་ཁོ་པར་སྒོར་མོ་ཁྲི་གཅིག་གིས་བཟོད་གསོལ་ཞུ་དགོས་པའི་རེ་བ་སོགས་གནད་འགག་རྣམས་ཡོངས་སུ་ཚང་འདུག ཁོས་ཁུར་བོ་ལྗིད་མོ་ཞིག་ས་ལ་ཕབ་པ་ཇི་བཞིན་གཞི་ནས་དབུགས་རིང་ཞིག་འབྱིན་རྗེས་དེ་མ་ཐག་ཡུལ་ཚོ་སྲིད་གཞུང་དུ་སོང་།

“རྒྱ་ཡིག་ཡིན་དགོས།”ལས་བྱེད་པ་དེས་དབང་ཕྱུག་གི་རྒྱུ་ཆ་དེ་ལག་ལའང་མ་བླངས་པར་དེ་ལྟར་བཤད།

        “ཁྱོད་ཀྱིས་བོད་ཡིག་མི་ཤེས་སམ།”

        “ངས་བོད་ཡིག་ཅུང་ཙམ་ཤེས། ཡིན་ནའང་བར་འདུམ་ཨུ་ཡོན་ལྷན་ཁང་གི་མི་སྣ་མང་ཤོས་ཀྱིས་བོད་ཡིག་མི་ཤེས་ལ། ཐ་ན་བོད་སྐད་ཀྱང་མི་ཤེས། དེའི་ཕྱིར་ངེས་པར་དུ་རྒྱ་ཡིག་ཡིན་དགོས།”

        “ངས......”དབང་ཕྱུག་ཧ་ཅང་བློ་ཕམ་སྟེ“ངས་རྒྱ་ཡིག་མི་ཤེས......”ཟེར།

        “དེས་ན་རྒྱ་ཡིག་ཤེས་མཁན་ཞིག་བཙལ་ནས་འབྲི་རུ་ཆུག གལ་ཏེ་དགོས་མཁོ་ཡོད་ན་ངས་ཁྱོད་ལ་བོད་སྐད་གོ་ཞིང་རྒྱ་ཡིག་ཤེས་པའི་མི་ཞིག་ངོ་སྤྲོད་བྱས་ཆོག”

       “དེས་ན་བཀའ་དྲིན་ཆེ།”ད་ནི་དབང་ཕྱུག་གིས་ཁོག་ནས་དོན་དག་འདི་བསྐྱུར་དགོས་བསམ་བཞིན་ཡོད་ནའང་ཁ་ནས་དེ་ལྟར་བཤད།

       “ཁྱི་གུ་ཐར……ཁྱི་གུ་ཐར……ཁ་པར་ཨང་གྲངས.......ཁ་པར་ཨང་གྲངས......”མི་དེས་ལག་གི་ཁ་པར་སློག་ཞོར“ཨོ་འདི་རེད། ཡོ་སན་པཱ********རེད། མིང་ལ་ཁྱི་གུ་ཐར་ཟེར།”ཞེས་བཤད།

        དབང་ཕྱུག་གིས་མི་དེའི་ངོ་མ་ཆོད་པ་ལྟར་ཧ་ཅང་སྣང་མེད་ཀྱིས་ཁ་པར་ཨང་གྲངས་དང“ཁྱི་གུ་ཐར”ཞེས་པའི་ཡི་གེ་འགའ་རང་གི་རྒྱུ་ཆ་དེའི་སྟེང་ལ་བྲིས་རྗེས་ཡང་བསྐྱར་བཀའ་དྲིན་ཆེ་ཞུས་ནས་བུད་སོང་།

དབང་ཕྱུག་ཡུལ་ཚོ་སྲིད་གཞུང་གི་སྒོ་ཁ་ན་དམིགས་ཡུལ་མེད་པར་ཕར་འགྲོ་ཚུར་འགྲོ་བྱེད་ཀྱིན། ཁོ་པ་ཆེས་སུན་སྣང་སྐྱེ་བ་ནི་དོམ་འདེད་མཁན་དག་གི་ཁ་པར་ཡིན་པས་ནམ་རྒྱུན་ཁ་པར་ཁ་གཏན་ཡོད་པ་དང་། ཁོས་ཀྱང་ད་ནི་དོན་དག་འདི་མི་གླེང་བའི་སེམས་ཐག་བཅད་ཟིན་ནའང་ཁྱི་གུ་ཐར་ཟེར་བ་ཞིག་གིས་ཁོ་ལ་ལག་གཡུག་བྱེད་བཞིན་པ་འདྲ་བའི་ཚོར་སྣང་ཡ་མཚན་ཞིག་སྐྱེས་ཏེ་རང་དབང་མེད་པར་ཁ་པར་གྱི་ཁ་ཕྱེ་སྟེ་ཨང་གྲངས་མནན། ཁྱི་གུ་ཐར་གྱིས་རང་གི་སྡོད་གནས་བཤད་པ་དེ་ཡུལ་ཚོ་སྲིད་གཞུང་དང་ཧ་ཅང་བར་ཐག་ཉེ་བས་དབང་ཕྱུག་སོམ་ཉིའི་ངང་དེར་སོང་།

ཁྱི་གུ་ཐར་ནི་རང་གི་མིང་དང་གཏན་ནས་མི་མཚུངས་པར་གཟུགས་སྟོབས་ཆེ་ཞིང་ལུས་ཤ་རྒྱགས་པ་ཞིག་ཡིན་ལ། གཤིས་རྒྱུད་འཇམ་ཞིང་བརྩི་བཀུར་ཤེས་མཁན་ཞིག་ཀྱང་ཡིན་པ་འདྲ་སྟེ། ཁོས་འཛུམ་དམུལ་དམུལ་གྱིས་དབང་ཕྱུག་ནེམ་ཁྲིའི་སྟེང་སྡོད་དུ་བཅུག་པ་དང་། ཇ་འདྲེན་ཞིང་ཐ་མག་བྱིན་ནས་མེ་བསྒོས་རྗེས་ཤོག་སྨྱུག་བླངས་ཏེ་ཕྱོགས་གཅིག་ནས་དོན་དག་འདིའི་བརྒྱུད་རིམ་ལ་ཞིབ་ཏུ་ཉན་པ་དང་ཕྱོགས་གཅིག་ནས་ཟིན་བྲིས་བཏབ། དེ་བས་ཀྱང་ཆུ་ཚོད་ཕྱེད་ཙམ་ལས་མ་འགོར་བར་རྒྱུ་ཆ་ཤོག་ལྷེ་གཉིས་བྲིས་ཚར་བས་དབང་ཕྱུག་གིས་རང་ཉིད་འདིར་ཡོང་བ་འགྲིག་སོང་བསམས་ཏེ་ཡང་ཡང་བཀའ་དྲིན་ཆེ་ཞུས། ཡིན་ནའང་དབང་ཕྱུག་གིས་ཤོག་ལྷེ་གཉིས་ཀ་བཟུང་ནས་འགྲོ་རྩིས་བྱས་པ་ན་ཁྱི་གུ་ཐར་གྱིས“སྒོར་མོ་སྟོང་གཅིག་རེད།”ཟེར།

“ཨ་ཙི། ངའི་ལག་ན་སྒོར་མོ་བརྒྱའང་མེད།”

        “འུ་གཉིས་མཉམ་དུ་སོང་ནས་བླངས་ཆོག”

        “ང་ལ་སྒོར་མོ་ལེན་རྒྱུའང་མེད།”

         ཁྱི་གུ་ཐར་གྱི་ངོ་མདོག་གློ་བུར་དུ་འགྱུར་ཏེ“ཅི་ཟེར། སྒོར་མོ་མ་བྱིན་པར་ལས་ཀ་ལས་མཁན་མེད་པ་ཁྱོད་ཀྱིས་མི་ཤེས་སམ། གཡོ་རྫུ་མ་བྱེད། སྒོར་མོ་བྱིན།”ཟེར།

         “འདི་འདྲའི་རིན་གོང་མཐོན་པོ་ཡིན་ན་ཁྱོད་ཀྱིས་སྔོན་ནས་མི་བཤད་པ་ཅི་ཡིན།”

         “ཁྱོད་ཀྱིས་སྔོན་ནས་མི་འདྲི་བ་ཅི་ཡིན།”

         “དེས་ན་ང་ལ་ཡི་གེ་འདི་མི་དགོས།”

         “ཧིན། འདི་དགོས་མི་དགོས་ཁྱོད་རང་གིས་ལྟོས། ལས་ཀ་ལས་སུ་བཅུག་རྗེས་སྒོར་མོ་མི་སྤྲོད་ཟེར་ན་ང་དགོད་རྒྱུ་ཡོང་གི”ཁྱི་གུ་ཐར་ཟས་ཚོམས་སུ་རྒྱུགས་ཏེ་གྲི་རིང་པོ་ཞིག་བཟུང་ཡོང་དུས་མིག་རྩའང་དམར་པོར་གྱུར་འདུག་པས་དབང་ཕྱུག་སྐྲག་ཐག་ཆོད་དེ“དེས་ན......དེས་ན་ཉིན་འགར་ཆད་དུ་བཞག་ན་ཨེ་ཆོག”ཟེར།

“ཧ་ཧ......ང་ཁྱོད་འདྲ་བའི་གཡོ་རྫུ་ཅན་མང་པོར་འཕྲད་མྱོང་། ད་ལྟ་ཉིད་ལ་སྒོར་མོ་མ་སྤྲད་ན་ཁྱོད་དེ་རིང་གསོན་པོར་སྒོ་ལ་འགྲོ་རྒྱུ་ཨེ་ཡོད་ལྟོས།”ཁྱི་གུ་ཐར་གྱིས་དབང་ཕྱུག་གི་སྐེ་ལ་གྲི་བཞག་སྟེ་དེ་ལྟར་བཤད།

དབང་ཕྱུག་སྔར་ལས་ཀྱང་སྐྲག་ཐག་ཆོད་དེ“ངས་གཡོ་རྫུ་བྱས་པ་ཡིན་ན་དཀོན་མཆོག་གསུམ། མི་རློམ་ན་ཁྱོད་རང་གིས་སྔོག་གཤེར་བྱས་ཆོག”ཟེར།

ཁྱི་གུ་ཐར་གྱིས་གཡས་ལག་གིས་གྲི་བཟུང་ཞིང་གཡོན་ལག་གིས་དབང་ཕྱུག་གི་གྱོན་པ་ཕྱི་ནང་གཉིས་ཀའི་ཁུག་མ་རེ་རེ་བཞིན་སྔོག་གཤེར་བྱས་མཐར་ངོ་མ་དབང་ཕྱུག་གིས་བཤད་པ་བཞིན་སྒོར་མོ་བརྒྱའང་མེད་པ་དང་། ལག་འཁྱེར་ཁ་པར་རྙིང་བ་ཞིག་ཡོད་པ་དེ་ཐང་ན་ཡོད་ཀྱང་ལེན་མཁན་མེད་པའི་ཚོད་དུ་འདུག་པས་ཁོ་པ་སྔར་ལས་ཁོང་ཁྲོ་ལངས་ཏེ“སྤྲང་ཕྲུག་འདི། སྤྲང་ཕྲུག་འདི......སྲོག་དགོས་ན་ད་ལྟ་ཉིད་ལ་སྒོ་རུ་སོང་།”ཟེར།

དབང་ཕྱུག་ཁྱི་རྐུན་གྱི་རྔ་མ་བཅད་པ་ལྟར་སྒོར་བྲོས་རྗེས་རང་གི་སྐེ་ལ་ཡང་ཡང་ཕུར་ཕུར་བྱེད་བཞིན་དབུགས་རིང་ཞིག་འབྱིན་མཐར་ད་གཟོད་རང་ཉིད་གསོན་པོ་ཡིན་པ་ཤེས་པ་དང་། དེ་ཡང“ཚིག་པ་གཡག་ལ་ཟོས་ན། རླུང་ལྕག་རྟ་ལ་བྲབས།”ཟེར་བའི་དཔེ་ལྟར་ཁོས་དོན་དག་འདི་གཏུག་བཤེར་བྱེད་པའི་སེམས་ཐག་སྔར་ལས་བརྟན་པོ་བཅད།

བདུན།

དོན་ལྡན་གྱིས་ལྷ་སྐྱབས་རླངས་འཁོར་དུ་བཞག་ནས་འགྲོ་བའི་ལམ་དུ་ཕ་བུ་གཉིས་ཀྱིས་ཇི་ལྟར་བསམ་བློ་བཏང་ཡང་དེ་རིང་ཡུལ་ཚོ་སྲིད་གཞུང་དུ་འབྱོར་དགོས་ཟེར་བའི་འབོད་བརྡ་ཐོན་པའི་རྒྱུ་མཚན་ཅི་ཡིན་གཏན་ནས་མ་ཤེས་མོད། འོན་ཀྱང་ཡུལ་ཚོ་སྲིད་གཞུང་དུ་འབྱོར་དུས་དབང་ཕྱུག་ཀྱང་དེ་ན་ཡོད་པས་དོན་ལྡན་གྱི་སེམས་ལ་དབང་མེད་དུ“ཁྱོད་བཙན་པོའི་མགོ་ནས་གནོན་མཁན་ཞིག་དང་། ང་གཉོམ་པོའི་རྐེད་ནས་སྐྱོར་མཁན་ཞིག་ལོས་ཡོད། ཁྱོད་ཚོས་སྒུགས་སྡོད།”ཅེས་བཤད་པ་དེ་ཡིད་ལ་དྲན་པ་དང་། ཁོས་ལྷ་སྐྱབས་ལ་སྐད་དམའ་མོས“ངས་དེ་ཉིན་སྤོ་མགོ་མ་ནོན་པར་དབང་ཕྱུག་ལ་འགྲམ་ལྕག་གཅིག་གཞུས་པ་དེ་ལྟས་ངན་དེས་གཏུག་བཤེར་བྱས་སོང་བ་འདྲ།”ཞེས་བཤད།

གནམ་གཤིས་ཉིན་རེ་ནས་ཉིན་རེར་ཇེ་འཁྱག་ཡིན་པས་ལྷ་སྐྱབས་ཀྱིས་ད་ནངས་ནས་སློག་པའི་ཕུ་རུང་གཉིས་ཀ་གོན་འདུག་ལ། ཁོས་དོན་ལྡན་ལ“ངས་ཁྱོད་ལ་དོན་དག་འདི་གཏན་ནས་གླེང་མི་ཆོག་ཅེས་བཤད་ཡོད་པ་མིན་ནམ། ཁྱོད་ཚོ་ལོ་གཞོན་འདི་དག་ངེས་ངེས་གཅིག་ལས་གཅིག་ཐུ……”ཟེར་ནས་མགོ་ཐད་དུ་གཡུག་གིན་འདུག  ལྷ་སྐྱབས་ལ་ཚིག་མཇུག་རྫོགས་ཁོམ་མ་བྱིན་པར་ཁོ་ཚོ་ཚོགས་ཁང་ཆུང་ངུ་ཞིག་ཏུ་བསྡུས་པ་དང་། ལས་བྱེད་པ་ཞིག་གིས་རྒྱ་སྐད་ཀྱིས“དེ་རིང་ཁྱོད་ཚོ་འདིར་འབོད་དོན་ནི་དབང་ཕྱུག་གིས་ལྷ་སྐྱབས་ཀྱིས་ཁོ་ལ་སྒོར་མོ་ཁྲི་གཅིག་གི་གླེང་བཏབ་པ་དང་། དོན་ལྡན་གྱིས་ཁོ་ལ་གཅར་རྡུང་བྱས་ཞེས་གཏུག་བཤེར་བྱས་ཡོད་པས་རེད། དེས་ན་ལྷ་སྐྱབས་དང་དོན་ལྡན་གཉིས་ཀས་དོན་དག་འདི་ཁས་ལེན་ནམ་མི་ལེན། གལ་ཏེ་ཁས་མི་ལེན་ན་རྒྱུ་མཚན་དང་བདེན་དཔང་ཅི་ཡོད་གསལ་པོར་ཤོད།”ཅེས་བཤད་པ་དེ་དོན་ལྡན་གྱིས་སྐད་དམའ་མོས་ལྷ་སྐྱབས་ལ་ལོ་ཙཱ་བྱས།

ལྷ་སྐྱབས་ཧ་ལས་ཤིང་ཧོན་ཐོར་ཏེ་ཅི་བཤད་འདི་བཤད་མེད་པར་གྱུར་ནའང་ཁོའི་བསམ་ཚུལ་གཙོ་བོ་ནི་དབང་ཕྱུག་རང་གི་ཚ་བོ་ཡིན་པས་དོན་དག་འདི་བདེན་རྫུན་གང་ཡིན་ཡང་ཁོ་ཚོའི་ཁྱིམ་རྒྱུད་ནང་ཁུལ་གྱིས་ཐག་གཅོད་བྱེད་རྒྱུའི་རེ་བ་བཏོན་པ་དེ་རེད། དོན་ལྡན་གྱིས་དབང་ཕྱུག་ལ་འགྲམ་ལྕག་གཅིག་གཞུས་པ་ཁས་ལེན་བྱས། དབང་ཕྱུག་གིས་འདི་ཚང་ཕ་བུ་ལྷན་འཛོམས་ཡིན་པ་དང་། རང་ཉིད་ཕ་མེད་སྤུན་མེད་ཡིན་པས་འདི་ལྟར་བརྙས་བཅོས་བྱས་པ་རེད་ཟེར་ནས་མིག་ཆུའང་བཞུར་བ་དང་། ད་དུང་ཁྱིམ་རྒྱུད་ནང་ཁུལ་དུ་ཐག་གཅོད་བྱས་ན་རྒྱུ་འབྲས་ལུགས་མཐུན་མི་ཡོང་ཁོ་ཐག་ཡིན་པས་ངེས་པར་དུ་རྩ་འཛུགས་ཀྱིས་ཐག་གཅོད་བྱེད་དགོས་ཟེར། དེས་ན་ལྷ་སྐྱབས་ཀྱིས་ཀྱང་གལ་ཏེ་རང་གིས་དབང་ཕྱུག་ལ་སྒོར་མོ་ཁྲི་གཅིག་བསྐྱིས་མེད་ན་དགོན་པ་གན་དང་འབྲོང་རིན་པོ་ཆེའི་སྐུ་ཟེར་ནས་མནའ་བསྐྱལ་ནའང་བདེན་དཔང་ཅི་ཡང་སྟོན་རྒྱུ་མེད་པ་མ་ཟད་ཐ་ན་ག་དུས་བསྐྱིས་པའི་དུས་ཚོད་ཀྱང་གསལ་པོ་བཤད་རྒྱུ་མི་འདུག

བར་འདུམ་ཨུ་ཡོན་ལྷན་ཁང་གིས་ཆུ་ཚོད་གཅིག་གི་རིང་ལ་ཡང་འདྲི་བསྐྱར་འདྲི་བྱས་ནའང་སྒོར་མོ་བསྐྱིས་ཡོད་མེད་དང་གླེང་བཀལ་བ་ཡིན་མིན་བདེན་དཔང་ཅི་ཡང་མེད་པ་དང་། འགྲམ་ལྕག་གཅིག་ལ་ཐག་གཅོད་རིན་མེད་ཟེར་ནས་མཇུག་མཐར་འབྲས་བུ་ཅི་ཡང་མེད་པར་མཇུག་རྫོགས་ཐབས་བྱས།

བརྒྱད།

གྲང་ཤུར་ཤུར་གྱི་སྟོན་རླུང་ཁྲོད་དུ་ལྷ་སྐྱབས་ཕ་བུ་གཉིས་ཀའི་སེམས་ཁམས་ཀྱང་གྲང་ཤུར་ཤུར་དུ་གྱུར་འདུག་པ་དང་། ཁོ་ཚོ་ཕྱིར་འགྲོ་རྩིས་བྱེད་སྐབས་བར་འདུམ་ཨུ་ཡོན་ལྷན་ཁང་གི་མི་སྣ་ཞིག་གིས་དབང་ཕྱུག་ཁྲིད་ནས་ཁོང་གཉིས་ཀའི་གམ་ལ་ཡོང་སྟེ“བདེན་དཔང་མེད་པའི་རྩོད་གཞི་འདིའི་རིགས་ཐག་གཅོད་བྱེད་པའི་ཐབས་ལམ་གཅིག་པོ་ནི་དགོན་པར་སོང་ནས་མནའ་སྐྱེལ་རྒྱུ་དེ་ཡིན། འདི་ནི་ངའི་ཉམས་མྱོང་ཡིན།”ཟེར།

“ཚོགས་ཆེན་འདུ་ཁང་གི་ལྕགས་ལུང་ནང་ལ་འཇུས་ནས་མནའ་སྐྱེལ་ཨེ་ཕོད།”དབང་ཕྱུག་ལ་སྤོབས་པ་རྒྱས་ཤིང་ཁོང་ཁྲོ་ལངས་ནས་དེ་ལྟར་བཤད།

“ཤུ——ང་ལ་རྫོབ་པོ་འདི་གླེང་འདོད་མི་འདུག”ལྷ་སྐྱབས་ཧ་ཅང་སེམས་ཕམ་སྟེ་དེ་ལྟར་བཤད་པ་ན་དབང་ཕྱུག་སྔར་ལས་ཇེ་བཙན་དུ་སོང་སྟེ“གནོང་ཆེ་ན་དེ་འདྲ་ལོས་ཡིན།”ཟེར།

“ཨ་ཤུ་རེ་ཁོ། རང་སེམས་ན་དམྱལ་བ་མེད་ན། བར་དོ་ན་འཇིགས་སྐྲག་ཅི་ཡོད། འགྲོ་ན་འགྲོ།”ལྷ་སྐྱབས་རླངས་འཁོར་དུ་འཛུལ་བ་དང་། ཡང་བསམ་བློ་ཞིག་བཏང་རྗེས་དབང་ཕྱུག་ལ་ཁ་ཏ་ཞིག་བྱེད་དགོས་བསམས་ཏེ་དབང་ཕྱུག་རླངས་འཁོར་ནང་ལ་ཤོག་ཅེས་བཤད་ནའང་དེས“ང་ཁྱོད་ཚོ་དང་མཉམ་དུ་མི་འགྲོ”ཟེར་ནས་རང་སར་བུད་སོང་།

ཁོ་ཚོས་མ་གྲོས་རང་མཐུན་གྱིས་རང་དང་སྡེ་བ་གཅིག་པའི་རྩེ་གཞུང་དགོན་པའི་ལས་སྣེ་རྒན་པ་དེ་བཙལ། འདི་ནི་མགོ་བོ་རིལ་རིལ་ལ་སྐྲ་ལོ་སོར་ཆུང་གང་ཙམ་སྐྱེས་ཡོད་པའི་བཅུ་ཆའི་གཅིག་ཙམ་དཀར་པོར་གྱུར་འདུག་པ་དང་། ངོ་གདོང་དམར་སྨུག་གི་དཀྱིལ་ན་དེ་བས་ཀྱང་དམར་ཞིང་སྲེ་ཐིག་ཅན་གྱི་སྣ་ཆེན་པོ་ཞིག་ཡོད་པ་བཅས་ལྷ་སྐྱབས་དང་དཔར་གཅིག་གི་ནང་ནས་ཐོན་པ་འདྲ་བ་ཞིག་ཡིན་པས་ན་ཁོང་གཉིས་ཀའི་གཅིག་གི་ཨ་ཕས་ཅིག་ཤོས་ཀྱི་ཨ་ཕ་ལ་ཞག་བླུད་(1)མེད་དམ་སྙམ་པའི་དོགས་པ་མི་ཟ་ཀ་མེད་རེད། དེ་ཡང་ཁ་དཔེ་ལ“ཟོག་འདྲ་འདྲ་རིག་ན་རྩོད་པ་ཡོང་། མི་འདྲ་འདྲ་རིག་ན་དགོད་རྒྱུ་ཡོང་།”ཟེར་མོད། འོན་ཀྱང་ད་ལྟ་ཁོ་ཚོ་དགོད་རྒྱུ་ཡོང་བའི་དུས་མ་ཡིན་པས་ཧ་ཅང་གཟབ་ནན་གྱིས་སུན་སྣང་སྐྱེ་བའི་གནས་བབ་བཤད་ཅིང་ད་ནི་མནའ་མི་སྐྱེལ་ཐབས་མེད་ཡིན་པས་གྲྭ་བ་དེས་མནའ་སྐྱེལ་ཆོ་ག་ལ་མགོ་འཛིན་བྱེད་དགོས་པའི་རེ་བ་བཏོན། གྲྭ་བ་དེས་ཀྱང་གནས་ཚུལ་ལ་ཞིབ་ཏུ་ཉན་རྗེས“ངའི་རེ་བ་ནི་ཁྱོད་ཚོས་བསམ་བློ་ཡག་པོ་བཏང་སྟེ་མེ་ཕུ་རུང་ནང་ནས་བསད་ན་བཟང་། ཚོགས་ཆེན་འདུ་ཁང་གི་ལྕགས་ལུང་ལ་འཇུས་ནས་མནའ་སྐྱེལ་བ་དེ་བཤད་སླ་ལ་བསྒྲུབ་ཀྱང་སླ། སྨན་འཐུང་བ་དང་དུག་ཟོས་པ་བཞིན་དུ་ལས་ད་ལྟ་བྱས་ན་ད་ལྟ་སྨིན་པ་ཞིག་ཀྱང་ཡིན་མིན་མི་ཤེས། ཡིན་ནའང་ཆོས་སྐྱོང་སྲུང་མ་གསོན་པོ་དྲོན་པོ་ཡིན་པས་མནའ་ཟ་མཁན་ལ་གཏན་ནས་ཡག་པོ་མེད་པ་དང་། ཐ་ན་དེའི་བུ་རབས་ཚ་རྒྱུད་ལའང་ཡག་པོ་མེད་པ་ངས་དངོས་སུ་མཐོང་མྱོང་། དེའི་ཕྱིར་ཁྱོད་ཚོས་བསམ་བློ་ཡག་པོ་ཐོངས། ལྷག་པར་དུ་ཁྱོད་ཚོ་ནི་ཁྱིམ་རྒྱུད་གཅིག་གི་མི་ཡིན་པས་ནང་ནས་ཐག་གཅོད་བྱེད་མི་ཐུབ་པ་ཅི་ཡོད།”ཟེར།

ལྷ་སྐྱབས་ཀྱིས་དེ་མ་ཐག“ཨ་ཁུ་ཚང་གིས་གསུང་བ་དེ་ཅིས་མ་བདེན། ངའི་དམིགས་ཡུལ་ཡང་ནང་ནས་ཐག་གཅོད་བྱེད་རྒྱུ་དེ་ཡིན།”ཟེར། ཡིན་ནའང་དབང་ཕྱུག་དེ་ལ་རྦད་དེ་མོས་མཐུན་མེད་པ་མ་ཟད་སྔར་ལས་སྤོབས་པ་རྒྱས་ཏེ“གལ་ཏེ་ནང་ནས་ཐག་གཅོད་བྱེད་ཐུབ་ན་ང་ཚོ་འདིར་ཡོང་དགོས་དོན་མེད། ད་ནི་ཆུ་ཁར་ཐོན་ནས་རྟ་ཁ་འཐེན་ཐབས་མེད། གལ་ཏེ་ངས་མནའ་བསྐྱལ་མ་ཐུབ་ན་ཁྱོད་ཚོས་བཤད་པའི་སྒོར་མོ་ཁྲི་གཅིག་བསྐྱིས་ཡོད་ཟེར་བ་དེའི་སྟེང་ལ་ད་དུང་ཁྲི་གཅིག་སྟེར། གལ་ཏེ་ཁྱོད་ཚོས་མནའ་བསྐྱལ་མ་ཐུབ་ན་ང་ལ་སྒོར་མོ་ཁྲི་གཅིག་གིས་དཀར་འདོན་བྱེད་དགོས།”ཟེར་ནས་མདུན་ལ་ནུར་ཙམ་བྱས།

གྲྭ་བ་དེ་ཧ་ཅང་ཡིད་ཕམ་ནས་མགོ་བོ་རིལ་རིལ་དེ་ཐད་དུ་གཡུག་ཙམ་བྱས་རྗེས“དེས་ན་ཁྱོད་ཚོས་ལྟོས། གང་ལྟར་ང་ཚོས་སྡེ་དོན་ཚོ་དོན་མ་གཏོགས་མི་སྒེར་གྱི་གྱོད་དོན་འདི་འདྲ་ལ་མགོ་འཛིན་བྱེད་མི་སྲིད། ཡང་གཅིག་བཤད་ན་མནའ་སྐྱེལ་བར་མགོ་འཛིན་ཞིག་དགོས་དོན་མེད།”ཟེར་ནས་གཟན་སྣེ་ཕྲག་པར་གཡུག་སྟེ་བུད་སོང་།

རྩེ་གཞུང་དགོན་པའི་ཚོགས་ཆེན་འདུ་ཁང་ནི་ཀ་བ་བཞི་བཅུ་ལས་མེད་པས་དེ་འདྲའི་རྒྱ་ཆེ་ཞིང་རྔམ་བརྗིད་ལྡན་པ་ཞིག་མིན་ནའང་གསར་དུ་བརྗེས་མ་ཐག་པའི钛合金ཟེར་བའི་དེང་སྐབས་དར་ཁྱབ་ཆེ་བའི་རྒྱུ་ཆ་སེར་པོའི་རྒྱ་ཕིབས་དེ་ལ་གསེར་ཟངས་ངོ་མ་ལས་ཀྱང་བཀྲག་མདངས་རབ་ཏུ་འཕྲོ་བཞིན་འདུག་པས་མཐོང་མ་ཐག་ཏུ་དད་གུས་དབང་མེད་སྐྱེ་བར་བྱེད།

དབང་ཕྱུག་ནི་ལས་འདི་ལ་ཧ་ཅང་བྱང་ཡོད་པ་འདྲ་སྟེ། ཁོས་འཛེམ་དོགས་མེད་པར་ཚོགས་ཆེན་འདུ་ཁང་གི་སྒོ་ཆེན་གྱི་ལྕགས་ལུང་ལ་འཇུས་ཏེ“ངས་ལྷ་སྐྱབས་ཀྱི་ལག་ནས་སྒོར་མོ་ཁྲི་གཅིག་བསྐྱིས་ཡོད་ན་ང་རང་ད་ནས་བཟུང་དཀོན་མཆོག་གསུམ་པོ་དང་ཆོས་སྐྱོང་སྲུང་མའི་སྐྱབས་འོག་ནས་བུད་པ་ཡིན།”ཞེས་མནའ་བསྐྱལ་རྗེས་རེ་ཞིག་ཧ་ལས་ཤིང་རིམ་བཞིན་སོམ་ཉིར་གྱུར་འདུག་པའི་ལྷ་སྐྱབས་ཀྱི་གདོང་ལ་བལྟས། ལྷ་སྐྱབས་སོམ་ཉིའི་ངང་ཅུང་ཙམ་བསྡད་རྗེས་སྐྱོ་གདུང་ངང“དཀོན་མཆོག་གསུམ་པོ་མཁྱེན......ངས་མནའ་མི་སྐྱེལ། སྒོར་མོ་ཁྲི་གཉིས་ཀྱི་གྱོང་གུད་ངས་འཁུར།”ཟེར།

དགུ།

ལམ་བར་དུ་རླངས་འཁོར་གྱི་སྒྲ་མ་གཏོགས་གྲགས་འགུལ་ཅི་ཡང་མེད་པར་ཁུ་སིམ་མེར་འདུག་ལ། མཚམས་ཤིག་དོན་ལྡན་གྱིས་གློ་བུར་དུ“ཨ་ཕ། ཁྱོད་ཀྱིས་ངོ་མ་དབང་ཕྱུག་ལ་སྒོར་མོ་བསྐྱིས་ཡོད་དམ།”ཞེས་དྲིས།

        “ཅི་རེད། དེ་ལྟར་བཤད་ན་ཁྱོད་རང་ཡང་ང་ལ་རློམ་གྱི་མེད་པ་མིན་ནམ།”

        “ང་ནི་ཁྱོད་ཀྱིས་མི་ལ་གླེང་འགེལ་མི་སྲིད་པ་དང་། ལྷག་པར་དུ་རང་གི་ཚ་བོ་ལ་གླེང་འགེལ་མི་སྲིད་པར་བརྒྱ་ཆའི་བརྒྱ་ཡི་ཡིད་ཆེས་ཡོད། ཡིན་ནའང་ཁྱོད་ཀྱི་ཡིད་འཛིན་ལ་བརྒྱ་ཆའི་བརྒྱ་ཡིས་ཡིད་ཆེས་བྱེད་མི་ཕོད།དཔེར་ན་ན་ནིང་ཨ་ཅེ་ཚང་གིས་སྒོར་མོ་འགའ་བསྐྱིས་ནས་ཕྱིར་བྱིན་ནའང་ཁྱོད་ཀྱིས་དང་ཐོག་ཕྱིར་མ་བྱིན་ཁོ་ཐག་ཡིན་ཟེར་བ་མིན་ནམ།”

       “དེ་བདེན་པ་ཡིན། ཡིན་ནའང་ད་ཐེངས་ངས་དབང་ཕྱུག་ལ་སྒོར་མོ་བསྐྱིས་ཡོད་པ་དེ་ངས་མནའ་སྐྱེལ་ཐུབ།”

       “དེས་ན་འདུ་ཁང་སྒོ་ཁ་ནས་ཁྱོད་ཀྱིས་མནའ་མི་སྐྱེལ་བའི་རྒྱུ་མཚན་ཅི་ཡིན།”

       “འདུ་ཁང་སྒོ་ཁ་ནས་མནའ་སྐྱེལ་རྒྱུ་དེ་དེ་འདྲའི་སླ་མོ་ཞིག་ག་ལ་ཡིན། གལ་ཏེ......”

       “ཕར་བལྟས་ན་ཁྱོད་རང་ཡང་རང་ཉིད་ལ་བརྒྱ་ཆའི་བརྒྱ་ཡི་གདེང་ཚོད་མེད་པ་འདྲ། ཨང……གལ་ཏེ་སྒོར་མོ་བསྐྱིས་མེད་ན་དབང་ཕྱུག་ངོ་མ་སྙིང་རེ་རྗེ།”

ལྷ་སྐྱབས་ཀྱིས་ཁ་མི་གྲགས་པས་དོན་ལྡན་སྔར་ལས་ཀྱང་ཕ་རྒན་ལ་དོགས་པ་ཟོས། དེ་ཡང་ཁོ་པ་ཕ་རྒན་གྱིས་བསམ་གཟས་ནས་དབང་ཕྱུག་ལ་གླེང་འདེབས་པར་དོགས་པ་ཟོས་པ་མིན་པར་ཕ་རྒན་གྱི་ཡིད་འཛིན་ལ་དོགས་པ་ཟོས་པ་རེད། ཁོས་ཡང་བསྐྱར་ལྷ་སྐྱབས་ལ་དེ་ལུགས་བཤད་པ་ན་ལྷ་སྐྱབས་ཀྱིས་སྔར་བཞིན་གདེང་ཚོད་ཡོད་པའི་ངང་ནས“ཡིན་ནའང་ང་ད་རུང་ཧོན་ལོག་མེད། སྒོར་མོ་བསྐྱིས་མྱོང་བ་ཁོ་ཐག་ཡིན།”ཟེར།

“ཧོན་ལོག་མེད་པ་བདེན་མོད། འོན་ཀྱང་མི་རེ་རེ་རང་གི་ཡིད་འཛིན་ལ་བརྒྱ་ཆའི་བརྒྱ་ཡིས་ཡིད་ཆེས་ཐུབ་པ་ཞིག་ག་ལ་ཡིན།”དོན་ལྡན་གྱི་སེམས་ལ“ལྷག་པར་དུ་དབང་ཕྱུག་ཀྱང་གང་ལྟར་ཕ་བཟང་བོའི་བུ་ཡིན། ཁོ་པ་རྒྱན་འཇོག་གི་ལས་ལ་མ་ཞུགས་སྔོན་དུ་རྫུན་བཤད་པ་དང་ལག་མི་གཙང་བའི་གནས་ཚུལ་མེད་ལ། རྒྱན་འཇོག་གི་ལས་ལ་ཞུགས་པ་ནས་དོམ་ངན་བྱེད་བཞིན་ཡོད་པ་སོགས་གོ་རྒྱུ་མང་མོད། འོན་ཀྱང་ཁོས་རང་གི་ཨ་ཁུ་ལ་དེ་འདྲའི་རྒྱུ་འབྲས་བསྣོག་སྲིད་དམ། ལྷག་པར་དབང་ཕྱུག་གི་དུ་བར་འདུམ་ཚོགས་འདུའི་སྟེང་གི་སྐད་ཆ་བཤད་སྟངས་དང་དགོན་པའི་ནང་དུ་མནའ་སྐྱེལ་སྟངས་ཀྱི་རྣམ་འགྱུར་ལ་བརྟག་ན་ཁོ་པར་གནོང་ཅི་ཡང་མེད་པར་རང་ཉིད་ལ་མ་ཉེས་ཁག་གཡོག་བྱས་ཡོད་པས་སྐྱོ་གདུང་དང་སྤོབས་པས་ཁེངས་པའི་ཉམས་ཤིག་ཤར་འདུག་པ་མིན་ནམ། དེ་དང་བསྡུར་ན་ཨ་ཕ་གང་ས་གང་དུ་ཐེ་ཚོམ་དུ་གྱུར་འདུག་པ་འདི་ནི་མདོར་དེད་ན་ཁོ་པ་རང་གི་ཡིད་འཛིན་ལ་དོགས་པ་ཟ་བཞིན་ཡོད་པ་མིན་ནམ། ལྷག་པར་དུ་ན་ནིང་ཨ་ཅེ་ཚང་གིས་ཨ་ཕའི་ལག་ནས་སྒོར་མོ་འགའ་བསྐྱིས་ཏེ་རྗེས་སུ་ཕྱིར་སྤྲད་ནའང་ཁོས་དེ་དྲན་གྱི་མི་འདུག སྟབས་ལེགས་པ་ཞིག་ལ་སྒོར་མོ་ཕྱིར་སྤྲོད་སྐབས་སྲིང་མོ་གམ་ན་ཡོད་པ་དང་། མོས་ཨ་ཕས་སྒོར་མོ་དེ་གང་ལ་བཞག་པ་སོགས་གསལ་པོར་བཤད་པས་ན་ཨ་ཕས་ཀྱང་ད་གཟོད་ཁས་ལེན་མི་བྱེད་ཐབས་མེད་བྱུང་བ་མིན་ནམ། གལ་ཏེ་དེ་དུས་སྲིང་མོ་གམ་དུ་མེད་ན་དོན་དག་དེའང་ད་ཐེངས་ཀྱི་འདི་ལྟར་རྫོབ་པོ་ཞིག་ཏུ་མི་འགྱུར་པའི་ངེས་པ་མེད། དེས་ན་ཨ་ཕས་བསམ་གཟས་ནས་མི་ལ་གླེང་འགེལ་མི་སྲིད་པ་དང་། ལྷག་པར་དུ་རང་གི་ཚ་བོ་ལ་གླེང་འགེལ་མི་སྲིད་པར་བརྒྱ་ཆའི་བརྒྱ་ཡི་ཡིད་ཆེས་བྱས་ཆོག་མོད། འོན་ཀྱང་ཁོའི་ཡིད་འཛིན་ལ་བརྒྱ་ཆའི་བརྒྱ་ཡིས་ཡིད་རྟོན་རུང་བ་ཞིག་མིན་པ་གསལ་པོ་རེད……”དེ་ལྟར་བསམ་བཞིན་རང་གིས་སྤོ་མགོ་མ་ནོན་པར་དབང་ཕྱུག་ལ་འགྲམ་ལྕག་གཅིག་གཞུས་པར་འགྱོད་པ་སྐྱེས་ཤིང་། དབང་ཕྱུག་གི་ཏ་དབྱི་རྙིང་ཧྲལ་ཞིག་གྱོན་ཞིང་སྐྱོ་གདུང་གིས་ངུ་བའི་ངང་ཚུལ་མིག་ལམ་དུ་ཤར་ནས་རང་དབང་མེད་པར་སྙིང་རྗེ་ཞིག་སྐྱེས།

བཅུ།

ལྷ་སྐྱབས་ཀྱིས་གུང་ཟས་ཀྱང་ཟོས་མེད་མོད། འོན་ཀྱང་དགོང་ཟས་ལ་ཡི་ག་གཏན་ནས་མེད་པས་ཇ་རྐྱང་དཀར་ཡོལ་གང་འཐུང་རྗེས་ཉལ་རྩིས་བྱེད་སྐབས་བྱི་ལ་དེ་རང་གི་མལ་ཁྲིའི་དཀྱིལ་ན་དགའ་འཁྱིལ་འབུར་མ་ཞིག་དང་འདྲ་བར་མཆུ་རྐུབ་ལ་སྦྱར་ཏེ“སྒྲོལ་མ”འདོན་བཞིན་ཉལ་འདུག་པ་མཐོང་ནས་འཚིག་པ་ཟོས་ཏེ་ཕུ་ལྕག་གིས་བྲབས་པ་ན་དེ་སྐྲག་ཐག་ཆོད་དེ་སྐད་ངན་ཞིག་འབྱིན་བཞིན་ས་ལ་ལྡིང་བ་དང་། སྙིང་ཁམས་ལྷོད་ལ་བབས་རྗེས་ད་གཟོད་བྱ་རྨྱང་ཞིག་བྱས་ནས་བུད་སོང་། ལྷ་སྐྱབས་ཀྱིས་མལ་སའི་ནང་དུའང་ཕྲེང་བ་འདྲེན་བཞིན་འདུག་ནའང་ཁོའི་སེམས་པ་ཁ་ཏོན་སྟེང་ན་མེད་པར་དབང་ཕྱུག་ལ་སྒོར་མོ་བསྐྱིས་མ་བསྐྱིས་ཀྱི་སྟེང་ན་ཡོད། ཁོས་ཇི་ལྟར་ཕྱིར་འདང་བརྒྱབ་ནའང་སྒོར་མོ་བསྐྱིས་མྱོང་བ་ནི་ཁག་ཐེག་བྱས་ཆོག

“ཡིན་ནའང་གལ་ཏེ……”ཁོ་པར་སྐྲག་འདར་ཞིག་བརྒྱབ་སྟེ“གལ་ཏེ་རང་གི་ཡིད་འཛིན་ནོར་བ་ཡིན་ན་ཞི་ལི་དེ་སྙིང་རེ་རྗེ། ཏག་ཏག་ཁོས་བཤད་པ་ལྟར་ཁོ་ནི་ཕ་མེད་སྤུན་མེད་ཡིན་པའི་ཁར་ད་ལྟ་འབྱོར་བའང་ཧ་ཅང་ཁག་པོ་ཡོད་པ་འདྲ་བས་དངོས་གནས་སྙིང་རེ་རྗེ། ལྷག་པར་དུ་ཁོའི་ཨ་ཕ་སྟེ་རང་གི་ཕུ་བོ་མཆིན་སྐྲན་གྱིས་མནར་ཏེ་པགས་པས་རུས་པ་དཀྲིས་ཤིང་ཤ་མདོག་སེར་པོར་གྱུར་ནས་སང་འཆི་གནངས་འཆིའི་དུས་སུ་ཁ་ནས་ཅི་ཡང་མི་བཤད་ནའང་ནད་ཀྱིས་མ་ཟིན་སྔོན་ལས་ཆེས་ཆེ་རུ་གྱུར་ཡོད་ནའང་འོད་མདངས་རྦད་དེ་ཉམས་པའི་མིག་ཟུང་གཡོ་བ་མེད་པར་དབང་ཕྱུག་ལ་གཏད་འདུག་པས་རང་གིས་དེའི་བསམ་ཚུལ་རྟོགས་ཏེ'ཕུ་བོ་ཁྱོད་ཀྱིས་སེམས་བདེ་མོ་བྱོས། ངས་ད་བར་དུ་དབང་ཕྱུག་ལ་རང་གི་བུ་ངོ་མའི་ལྟ་སྟངས་བཟུང་ཡོད་ལ། ད་ཕྱིན་ཆད་ཀྱང་དེ་ལྟར་ཡིན།'ཞེས་བཤད་པ་ན་ཕུ་བོས་ཀྱང་ཡིད་ཆེས་པའི་མགོ་བོ་ལྡེམ་ཙམ་བྱས་པ་ད་ལྟའང་མིག་ལམ་ན་གསལ་ལེར་འདུག

“ཡིན་ནའང་དེ་དུས་འདི་འདྲའི་ཚད་ལ་སླེབས་སྲིད་པ་སུ་ཡིས་ཤེས། དཀོན་མཆོག་གསུམ་པོ་མཁྱེན། མི་རྟག་པ་ཟེར་བ་འདི་ཅི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང་། སྒོར་མོ་ཟེར་བ་འདི་ཅི་འདྲའི་བསམ་གནག་ཅིག་རེད་ཨང་། གལ་ཏེ་རང་གི་ཡིད་འཛིན་ནོར་ཡོད་ན་ཞི་ལི་དེ་སྙིང་རེ་རྗེ། ཡིན་ནའང་དེ་ཉིན་ཁོས་ངར་ངར་བྱེད་དོན་ཅི་ཡིན། གལ་ཏེ་ཁོས་ང་ལ་ཨ་ཁུ་ཁྱོད་ཀྱི་ཡིད་འཛིན་ནོར་ཡོད་པ་རེད་ཅེས་ལྷོད་འཇམ་གྱིས་བཤད་ན་ཅིས་མི་ཆོག ཁོ་དེ་འདྲའི་ཁོང་ཁྲོ་ལངས་ཚུལ་ལ་བལྟས་ན་ངོ་མ་རང་གི་ཡིད་འཛིན་ནོར་ཡོད་ཀྱང་སྲིད། གལ་ཏེ་རང་གི་ཡིད་འཛིན་ནོར་ཡོད་ཚེ་ཞི་ལི་དེ་སྙིང་རེ་རྗེ། གལ་ཏེ་རང་གི་ཡིད་འཛིན་ནོར་མེད་ཚེ་ཞི་ལི་དེས་དེ་འདྲའི་མནའ་ཞིག་བསྐྱལ་བ་ནི་དངོས་གནས་འགྲིག་མ་སོང་། གང་ལྟར་ད་ནི་འགྲིག་མ་སོང་། དཔེ་བསགས་སོང་། དེ་ཚང་གིས་དེ་འདྲའི་རྫོབ་པོ་བྱེད་ཀྱིན་འདུག་ཅེས་པའི་གཏམ་མི་ཁ་གླིང་ལ་བཞག་སོང······”

ལྷ་སྐྱབས་ཀྱིས་ཤུགས་རིང་ཞིག་འབྱིན་རྗེས་ཉལ་སའི་ནང་དུ་ཙོག་པོར་བསྡད་དེ་ཡང་བསྐྱར་དབང་ཕྱུག་ལ་སྒོར་མོ་བསྐྱིས་པའི་གོ་རིམ་དེར་ཕྱིར་དྲན་ཞིག་བྱས་པ་ན་རང་གི་ཡིད་འཛིན་གཏན་ནས་ནོར་མེད་པ་ར་སྤྲོད་ཐོབ། ཁོས་དོན་དག་འདི་ལ་ཕྱིར་དྲན་གྲངས་མེད་བྱས་མྱོང་ལ། ཕྱིར་དྲན་བྱེད་ཐེངས་རེར་དང་པོར་རང་གི་ཡིད་འཛིན་ལ་གཡོ་བ་མེད་པའི་ཡིད་ཆེས་ཀྱིས་ཁེངས་ནའང་ཁོས་རང་གི་བུ་མོ་རྒན་པ་ཚང་གིས་སྒོར་མོ་བསྐྱིས་ནས་ཕྱིར་སྤྲད་པ་དེ་ད་དུང་ཡང་རྦད་དེ་དྲན་གྱི་མེད་ལ། གལ་ཏེ་བུ་མོ་ཆུང་བས་བདེན་དཔང་བྱས་པ་མ་ཟད་ཕྱིར་སྤྲད་པའི་སྒོར་དེ་གང་ལ་བཞག་ཡོད་པའང་གསལ་པོར་བསྟན་པ་མིན་ན་ཁོས་སྒོར་མོ་དེ་ཕྱིར་སྤྲད་མེད་ཁོ་ཐག་ཡིན་ཞེས་ཨུ་ཚུགས་མཐའ་སྐྱེལ་བྱེད་སྲིད་པ་མིན་ནམ་བསམས་ཚེ་དང་པོའི་རི་རྒྱུད་ལྷུན་པོ་ལྟ་བུའི་ཡིད་ཆེས་དེའང་རང་དབང་མེད་པར་ལྗོན་ཤིང་རླུང་གིས་གཡོ་བ་ལྟར་དུ་གྱུར། ཡང་གཅིག་བཤད་ན་གལ་ཏེ་ཚེ་སྐྱིད་ཁ་སྒྲེང་མའི་ཁ་ནས་དབང་ཕྱུག་གིས་རྒྱན་བཞག་ནས་དོམ་མང་རབས་དེ་བྱོ་མེད་ན་རང་གིས་དབང་ཕྱུག་ལ་སྒོར་མོ་བསྐྱིས་ཡོད་པ་དེའང་གཏིང་བརྗེད་དུ་སོང་འདུག་པ་མིན་ནམ། འདིས་ཀྱང་རང་གི་ཡིད་འཛིན་ནི་རྦད་དེ་ཡིད་ཆེས་ཆོག་པ་ཞིག་མིན་པ་ར་སྤྲོད་བྱས་ཡོད་པ་མིན་ནམ། ཤུ——ཁ་སྒྲེང་མ་དེས་ཞིམ་མངར་ལྡན་པའི་འོ་ཇ་ཚིམ་མེད་འཐུང་བའི་ལན་དུ་ཁུངས་ལུང་མེད་པའི་ཉོག་གཏམ་ཚོད་མེད་དུ་བྱོ་བ་འདི་ཅི་ཡིན། ཕར་བལྟས་པ་ཙམ་གྱིས་ཀྱང་ཁ་དེའི་ནང་ན་གཏམ་བཟང་ཞིག་མེད་པ་ཤེས་ཐུབ་བསམས་ནས་རང་དབང་མེད་པར་ཚེ་སྐྱིད་ལ་ཞེན་པ་ལོག་ཅིང་ཁོང་ཁྲོ་ལངས།

“ཤུ——”ཁོས་ཡང་བསྐྱར་ཤུགས་རིང་ཞིག་འབྱིན་བཞིན“དཀོན་མཆོག་གསུམ་པོ་མཁྱེན། རང་གིས་རང་ལའང་ཡིད་ཆེས་བྱེད་ཐབས་མེད་ན་འཇིག་རྟེན་འདིར་ད་དུང་ཅི་ཞིག་ལ་ཡིད་ཆེས་བྱེད་ཆོག”ཅེས་ངག་ལས་ཤོར།

ལྷ་སྐྱབས་ཀྱི་མལ་ཁྲིའི་སྨད་དུ་བྱི་ལ་དེས་མཆུ་རྐུབ་ལ་སྦྱར་ནས“སྒྲོལ་མ”འདོན་བཞིན་འདུག་པ་དང་། མགྲོན་ཚོམས་ཀྱི་སྒེའུ་ཁུངས་ལས་ཟླ་འོད་མག་མོག་ཅིག་ཐད་ཀར་བྱི་ལའི་སྟེང་ལ་འཕྲོས་འདུག ལྷ་སྐྱབས་ཀྱིས་བྱི་ལ་ལ་ལྟ་བཞིན་དེ་ལ་སེམས་གཏིང་ནས་ཡིད་སྨོན་ཞིག་སྐྱེས་ཏེ“སེམས་ཁྲལ་ཅི་ཡང་མེད་པའི་དུད་འགྲོ་འདི་སྐྱིད་པ་ལ།”ཞེས་ངག་ལས་ཤོར། སླར་ཡང“དཀོན་མཆོག་གསུམ་པོ་མཁྱེན། ད་ནི་དོན་དག་འདི་ལ་བདེན་རྫུན་གྱི་དབྱེ་བ་འབྱེད་པའི་ཐབས་ཤིག་མེད་དམ།”ཟེར་བཞིན་མིག་མཐའ་ཡང་རློན་པར་གྱུར།

སྐབས་འདིར་བུ་མོ་མལ་ཚོམས་ལས་བུད་མ་ཐག་ཟླ་འོད་མག་མོག་ཁྲོད་ན་ཙོག་པོར་འདུག་པའི་ཨ་ཕ་ལ་ཅེར་ནས་ཡུད་ཙམ་བསྡད་རྗེས་ཁམས་འདྲི་བྱས་པའི་ལན་དུ་མི་བདེ་བའི་སྣང་བ་ཅི་ཡང་མེད་ཟེར་བས་མོའི་སེམས་ལའང་དེ་རིང་ཁོ་པ་ཡར་རྒྱུག་མར་རྒྱུག་བྱས་ནས་ཁ་ཏོན་འདོན་ཁོམ་མ་བྱུང་བས་ད་ལྟ་དུས་ཚོད་བརྩོན་ལེན་བྱས་ཏེ་ཁ་ཏོན་འདོན་པ་ཡིན་སྲིད་སྙམ་སྟེ་དེ་འདྲའི་དོ་སྣང་མ་བྱས་པར་མགྲོན་ཚོམས་ཀྱི་སྒོར་བུད་ནས་གཅིན་པ་ཞིག་བཏང་རྗེས་ཕྱིར་ཉལ་མོད། འོན་ཀྱང་ཕྱི་ཉིན་ཨ་ཕ་ལ་སྔར་བཞིན་ཟས་ཀྱི་ཡི་ག་མེད་པ་མ་ཟད་ནམ་གུང་ཕྱི་རོལ་ཏུའང་ཉལ་སའི་ནང་ན་ཙོག་པོར་འདུག་པ་མཐོང་ནས་རང་གི་ཁྱོ་ག་ལ“ཁྱོད་ཡར་ལོངས་དང་། ཨ་ཕའི་ལུས་པོ་བདེ་ཡི་མེད་པ་ཁོ་ཐག་རེད།”ཅེས་བཤད་རྗེས་གློག་བཀར་ཞིང་ལྕགས་ཐབ་ནང་ལ་མེ་ཁ་གསོས། ཨ་ཕ་ལ་ཅི་ཞིག་བདེ་ཡི་མེད་པ་ཕ་འདྲི་ཕུགས་འདྲི་བྱས། ཨ་ཕས་ཁོ་པར་མི་བདེ་བའི་ཚོར་སྣང་ཅི་ཡང་མེད་ཅེས་ཡང་ཡང་བཤད་ནའང་ནམ་ལངས་མ་ཐག་ཕུ་བོ་ལ་ཁ་པར་བཏང་སྟེ་ཨུ་ཚུགས་ཀྱིས་སྨན་ཁང་ནང་ལ་ཁྱེར་དུ་བཅུག

བཅུ་གཅིག

ལྷ་སྐྱབས་ཀྱིས་རང་ཉིད་ལ་མི་བདེ་བའི་ཚོར་སྣང་ཅི་ཡང་མི་འདུག་ཅེས་ཡང་ཡང་བཤད་ནའང་ཁོའི་ངོ་མདངས་ནི་ཞག་གཅིག་རིང་ལ་སད་ཀྱིས་བཅོམ་པའི་ཟངས་རྩི་ནག་པོ་སོགས་སྐྱེ་དངོས་དག་དང་འདྲ་བར་རྦད་དེ་གསོན་ཉམས་ཤོར་འདུག་པ་དང་། ཞོགས་པའི་གནམ་གཤིས་ཧ་ཅང་འཁྱག་པས་ཁོས་དགུན་སློག་འཐུག་པོ་ཞིག་གྱོན་ཏེ་བུ་མོས་གཡས་ནས་བསྐྱོར། མག་པས་གཡོན་ནས་བསྐྱོར། དོན་ལྡན་གྱིས་རླངས་འཁོར་གྱི་སྒོ་ཕྱེས་ནས་སྡོད་དུས་ཁོས་ཤུགས་རིང་ཡང་ཡང་འབྱིན་བཞིན་རླངས་འཁོར་དུ་འཛུལ་བའི་ཚུལ་ནི་དངོས་གནས་ནད་པ་ལྗིད་མོ་ཞིག་དང་འདྲ། ཡིན་ནའང་དགའ་འོས་པ་ཞིག་ལ་སྨན་པས་བརྟག་དཔྱད་སྣ་ཚོགས་བྱས་མཐར་གནད་དོན་ཅི་ཡང་མེད།འཚོ་བཅུད་ལ་ཤུགས་སྣོན་བྱོས་ཞེས་པ་སྟེ་ཁ་སྐད་ཀྱིས་བཤད་ན་བཟའ་འཐུང་བག་མེད་བྱོས་ཟེར་བ་དེ་རེད།

དོན་ལྡན་གྱིས་རླངས་འཁོར་ག་ལེར་བསྐོར་ཏེ་ཕྱོགས་བཞི་ན་སོ་སོར་ནོམ་བརྒྱ་ཐོག་ཁང་དང་སྦྲགས་སྲིད་ཐོག་ཁང་། ཞིན་ཧྭ་དཔེ་ཁང(ན་ནིང་ནས་སྔོ་ཚོད་ཚོང་ཁང་ཞིག་ཏུ་བསྒྱུར་འདུག)། ཞིང་ལས་དངུལ་ཁང་བཅས་ཡོད་པའི་བཞི་མདོ་ཆེན་མོ་དེར་ཐོན་དུས་ལྷ་སྐྱབས་ཀྱིས་སྒེའུ་ཁུངས་ཕྱི་རོལ་གྱི་ཞིང་ལས་དངུལ་ཁང་ལ་ལྟ་བཞིན“འཆུག་མེད། དེ་དུས་ངའི་ལག་ན་སྒོར་མོ་སྟོང་གཅིག་ལྷག་ལས་མེད་པས་དངུལ་ཁང་འདིའི་ནང་ལ་སོང་སྟེ་སྒོར་མོ་ཁྲི་གཅིག་བླངས་ནས་དབང་ཕྱུག་ལ་སྤྲད་པ་ཡིན།”ཟེར།

སྐབས་འདིར་བཞི་མདོའི་གློག་དམར་ཤར་བ་དང་མཉམ་དུ་དོན་ལྡན་གྱིས་གློ་བུར་དུ་སྒག་ཟ་བསྡམས་ཏེ“ངོ་མ་ཨེ?”ཟེར་ནས་ཨ་ཕའི་གདོང་ལ་ཅེར་འདུག

        “ཕར་བལྟས་ན་ཁྱོད་ཚོའང་ང་ལ་རློམ་གྱིན་མེད་པ་འདྲ། དེ་ཡང་ཁག་མེད་དེ་མཚམས་རེར་ང་རང་གིས་ཀྱང་རང་ལ་དོགས་པ་ཟ་བར་འདུག ཡིན་ན་ཉིན་དེར་ངས་དངུལ་ཁང་འདིའི་ནང་ནས་སྒོར་མོ་བླངས་རྗེས་ཐད་གར་དབང་ཕྱུག་ལ་སྤྲད་པ་ཡིད་ན་གསལ་ལེར་འདུག”ཅེས་ཧ་ཅང་གདེང་ཚོད་ཡོད་པའི་སྒོ་ནས་བཤད།

        “དེ་རིང་ཁྱོད་ཀྱིས་སྒོར་ཡིག་བཟུང་ཨེ་ཡོད……”

        སྐབས་འདིར་དོན་ལྡན་གྱི་རླངས་འཁོར་གྱི་མཇུག་ལ་མཆུ་བཞག་འདུག་པའི་རླངས་འཁོར་དེས་རྒྱུན་རིང་བའི་དུང་སྒྲ་ཞིག་བྱིན་པ་ན་དོན་ལྡན་གྱིས་ད་གཟོད་གློག་ལྗང་ཤར་ནས་སྐར་ཆ་དགུ་ཙམ་སོང་འདུག་པ་ཚོར་ཏེ་བཞི་མདོའི་ཕ་རོལ་ཏུ་བུད་རྗེས་རིམ་བཞིན་ལམ་འགྲམ་དུ་སོང་ནས་བསྡད་པ་དང་། ཡང་བསྐྱར་སྒོར་ཡིག་བཟུང་ཡོད་མེད་དྲིས།

        “དེ་རིང་བཟུང་མེད།”

        “སྒོར་མོ་ལེན་སྐབས་དབང་ཕྱུག་ཁྱོད་ཀྱི་གམ་ན་ཨེ་ཡོད།”

        “ཡོད། ངས་སྒོར་མོ་བླངས་མ་ཐག་དངུལ་ཁང་ནང་ནས་ཐད་གར་ཁོའི་ལག་ལ་བཞག་པ་ཡིན།”

དོན་ལྡན་གྱིས་དེ་མ་ཐག་ལག་གི་ཕྲེང་བ་མཁྲིག་མར་དཀྲིས་ཤིང་། ལག་པ་གཉིས་ཀ་སྐྱོག་འཁོར་ལ་འཇུས་ཏེ་ནམ་རྒྱུན་དང་བསྡུར་ན་ལྡབ་གཅིག་གི་མྱུར་ཚད་ཀྱིས་འགྲོ་ཞོར་མིག་ལམ་དུ་ཞིང་ལས་དངུལ་ཁང་དང་། དེའི་སྒོ་ཕྱི་ཁྱིམ་གཉིས་ཀར་བརྙན་མིག་མང་པོ་ཡོད་པ་ཤར།

        “བརྙན་མིག་དེ་དག་གིས་ཡོད་ཚད་བརྙན་དུ་བླངས་ཡོད་པ་མིན་ནམ།”ཁོའི་སེམས་ལ“དཔེར་ན་བརྙན་འཕྲིན་དུ་འགྲིམ་འགྲུལ་དོན་རྐྱེན་དག་ཀྱང་བརྙན་མིག་གིས་བརྙན་དུ་བླངས་ཡོད་པ་སྟོན་གྱི་འདུག་པ་མིན་ནམ།”སྙམ་བཞིན་ཨ་ཕ་ཁྱིམ་ལ་བསྐྱལ་ཏེ་སྒོར་ཡིག་གི་ངོས་སུ་བལྟས་པ་ན་ཏག་ཏག་ཟླ་གསུམ་གྱི་སྔོན་ལ་སྒོར་མོ་ཁྲི་གཅིག་བླངས་ཡོད་པ་མཐོང་བས་དེ་མ་ཐག་རྫོང་མཁར་གྱི་ཕྱོགས་སུ་སོང་།

         ལམ་བར་དུ་ཁོའི་སེམས་ལ་རྫོང་མཁར་གྱི་བཞི་མདོ་ཆེན་མོའི་ཞིང་ལས་དངུལ་ཁང་དེའི་ནང་ན་རང་གི་དམའ་འབྲིང་སྐབས་ཀྱི་སློབ་གྲོགས་ཤིག་ཡོད་པ་དྲན་པ་མ་ཟད་ད་ལོའི་དབྱར་ཁ་ཁོ་ཚོས་སློབ་གྲོགས་འདུ་འཛོམས་བྱེད་སྐབས་མི་དེས་ད་དུང་ཁོ་ལ“གལ་ཏེ་སྒོར་མོ་རེ་བསྐྱི་དགོས་ན་ང་བཙལ་དུ་ཤོག”ཅེས་བཤད་ཚུལ་ལ་བརྟགས་ན་དེ་མགོ་ཁྲིད་ཅིག་ཀྱང་ཡིན་སྲིད་ལ། དེས་ན་བརྙན་མིག་གིས་བླངས་ཡོད་པའི་བརྙན་ཕབ་ལའང་བལྟ་ཐུབ་པ་མིན་ནམ་སྙམ།

དོན་ལྡན་སྐད་ཅིག་ཙམ་ལ་རྫོང་མཁར་དུ་འབྱོར་བ་དང་། དེ་བས་ཀྱང་དཀའ་ཚེགས་མང་པོ་བརྒྱུད་མ་དགོས་པར་སློབ་གྲོགས་དེའི་གཞུང་ལས་ཁང་རྙེད་བྱུང་།

        “བར་འདུག?”སློབ་གྲོགས་དེས་དོན་ལྡན་རྐུབ་སྟེགས་སྟེང་སྡོད་དུ་བཅུག་རྗེས་མགོ་རྔ་མེད་པར་དེ་ལྟར་བཤད་པའི་ནང་དོན་ནི“ཁག་འཁུར་བ་གང་ན་ཡོད།”ཅེས་པ་རེད།

“ང་སྒོར་མོ་བསྐྱི་རུ་ཡོང་བ་མིན། ཡིན་ནའང་སྒོར་མོ་བསྐྱི་བ་ལས་ཀྱང་དོན་དག་གལ་ཆེན་ཞིག་ཡོད་པས་ད་ཐེངས་ཡིན་གཅིག་མིན་གཉིས་ཀྱིས་རོགས་ཤིག་བྱེད་དགོས།”དོན་ལྡན་གྱིས་འབྲོག་པ་ཚོས“སྒོར་ཡིག”ཏུ་འབོད་པའི་དངུལ་འཛིན་དེབ་ཆུང་དེ་སློབ་གྲོགས་ཀྱི་ལག་ལ་བཞག་ནས་དོན་རྐྱེན་འདིའི་གོ་རིམ་རགས་བསྡུས་ཤིག་བཤད་པ་དང་། མཇུག་མཐར་ཧ་ཅང་གཟབ་ནན་གྱིས“འདི་ནི་སྒོར་མོ་ཁྲི་གཅིག་གི་དོན་དག་མ་ཡིན་པར་མི་ཞིག་དང་། ཐ་ན་ཁྱིམ་རྒྱུད་ཅིག་གི་མཚན་སྙན་ལ་རག་ལས་ཡོད་པས་ད་ཐེངས་ཁྱོད་ཀྱིས་བརྒྱ་ཆའི་བརྒྱ་ཡིས་རོགས་ཤིག་བྱེད་དགོས།”ཟེར།

        “ཤེས་སོང་། དབང་ཕྱུག་ངས་ཀྱང་ངོ་ཤེས། ཁྱོད་ཀྱིས་ཚོམས་ཆེན་དུ་ཅུང་ཙམ་སྒུགས།”སློབ་གྲོགས་ཀྱིས་ཆུ་ཚོད་འཁོར་ལོར་བལྟ་ཙམ་བྱས་རྗེས་ཁོང་གཉིས་མཉམ་དུ་གཞུང་ལས་ཁང་ཆུང་ཆུང་དེ་ལས་སྒོར་བུད།

དོན་ལྡན་གྱིས་ཚོམས་ཆེན་དུ་སྒུག་ཡུན་ནི་སློབ་གྲོགས་ཀྱིས་བཤད་པའི“ཅུང་ཙམ”མ་ཡིན་པར་ཏག་ཏག་ཆུ་ཚོད་གཉིས་འགོར་ནའང་སློབ་གྲོགས་ཀྱི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མི་འདུག ཁོ་ཐབས་ཟད་དེ་དམིགས་ཡུལ་མེད་པར་ཚོམས་ཆེན་ནང་གི་བརྙན་མིག་རེ་རེར་བལྟས་ཤིང་དེ་དག་གི་གྲངས་ཀ་ཡང་ཡང་རྩིས་ལེན་བྱས། ཁོ་པ་མཚམས་རེར་རྐུབ་སྟེགས་སྟེང་བསྡད་པ་དང་མཚམས་རེར་ཕར་འགྲོ་ཚུར་འགྲོ་བྱས། ཁོས་ཕྲེང་བ་བར་མེད་དུ་འདེད་པ་དང་ཁ་ཤ་མུར་མུར་འགུལ་གྱིན་འདུག་ནའང་བསམ་པ་ཁ་ཏོན་སྟེང་ན་མེད། འདི་ལྟར་ཡང་བསྐྱར་ཆུ་ཚོད་གཅིག་འགོར་ནའང་སློབ་གྲོགས་དེ་མཐོང་རྒྱུ་མི་འདུག ཁོས་སློབ་གྲོགས་ཀྱིས་དོན་དག་འདི་གཏིང་བརྗེད་དུ་སོང་བ་ཡིན་ནམ་ཡང་ན་དེ་ནི་མ་གཞི་ནས་རློམ་རྒྱུ་མེད་པ་ཞིག་ཡིན་མིན་ལ་དོགས་པ་ཟོས། ཚོམས་ཆེན་ནང་གི་མི་རྣམས་གློ་བུར་དུ་མངོན་གསལ་གྱིས་ཇེ་ཉུང་དུ་སོང་བར་བལྟས་ན་ལས་ཀའང་གྲོལ་ལ་ཉེ་བ་འདྲ། ཁོས་དངོས་གནས་བསྲན་ཐབས་བྲལ་ཏེ་སློབ་གྲོགས་ཀྱི་གཞུང་ལས་ཁང་དུ་འགྲོ་རྩིས་བྱེད་སྐབས་སློབ་གྲོགས་གློ་བུར་དུ་ཁོའི་གམ་ལ་སླེབས་ཏེ“གོང་གི་འགོ་ཁྲིད་ཅིག་ཐོན་ནས་ད་བར་དུ་ཕྱིར་མ་སོང་།”ཟེར་བཞིན་བསམ་དབང་དྲན་དབང་མེད་པར་རྩིས་འཁོར་མང་པོ་ཕྲེང་སྟར་བསྒྲིགས་པའི་ཁང་པ་ཞིག་ཏུ་ཁྲིད་པ་དང་། རྩིས་འཁོར་ཞིག་གི་ངོས་ལ་མཛུབ་སྟོན་བྱས་ཏེ“འདི་རེད།”ཟེར།

           དོན་ལྡན་གྱིས་དབུགས་རིང་ཡིད་ཚིམ་པ་ཞིག་འབྱིན་རྗེས“ཨ་ཙི་ཨ་ཙི།དཀོན་མཆོག་གསུམ་པོ་མཁྱེན། ཁྱི་སྐྱག་འདི……”ཟེར་བཞིན་ཁ་པར་བླངས་ཏེ་རྩིས་འཁོར་ངོས་ཀྱི་བརྙན་ཕབ་དེ་གཟུགས་ལམ་དུ་བླངས།

བཅུ་གཉིས།

སྔ་དྲོ་འོ་མ་བཞོས་ཤིང་ནོར་ལུག་ལྷས་ལས་བཏང་རྗེས་ཚེ་སྐྱིད་དུས་ལྟར་ལྷ་སྐྱབས་ཚང་ལ་སླེབས་ཏེ་འོ་ཇ་འཐུང་ཞོར་གཏམ་གྱི་སྒོ་མོ་ཡངས་པོར་ཕྱེས། ལྷ་སྐྱབས་ནི་སའི་གོ་ལའི་ཕར་ངོས་ན་གནས་པ་ཇི་བཞིན་ཚེ་སྐྱིད་ཀྱི་ཉོག་གཏམ་དེ་དག་རྣ་བར་འགྲོ་ཡི་མེད་མོད། འོན་ཀྱང“ཚང་མས་ཁྱོད་ཀྱིས་རང་གི་ཚ་བོར་སྒོར་མོ་ཁྲི་གཅིག་གིས་གླེང་བཀལ་བས་དཀར་འདོན་ལ་སྒོར་མོ་ཁྲི་གཅིག་ཤོར་སོང་ཟེར་གྱིན་འདུག”ཅེས་པའི་ཚིག་དུམ་འདིས་ལྷ་སྐྱབས་ཀྱི་སྙིང་ལ་གཟེར་ཤད་ཅིག་སྦྱིན་པའི་དུས་མཚུངས་སུ་གཡས་ལག་གི་འཁོར་ལོ་བསྐོར་མཚམས་ཆད། གཡོན་ལག་གི་ཕྲེང་བ་འདེད་མཚམས་ཆད། ཁ་ཤ་མུར་མུར་གྱིས་ཁ་ཏོན་འདོན་བཞིན་པ་དེའང་མཚམས་ཆད་དེ་ཁ་ནི་བྲ་ཁུང་ཞིག་དང་འདྲ་བར་ནག་བུག་གེར་གྱུར།

སྐབས་འདིར་དོན་ལྡན་ཁྱིམ་འཛུལ་ཏེ་ཁ་པར་སློག་ཞོར་ཐད་ཀར་ལྷ་སྐྱབས་ཀྱི་གམ་ལ་སོང་ནས“ཨ་ཕ་ཁྱོད་ཀྱིས་ལྟོས་དང་།”ཟེར།

“ཨ་ཧོ། ད་ནི་འགྲིག་མ་སོང་། ཞི་ལི་དེ་མ་གཞི་ནས་ལས་ལམ་ལ་འགྲོ་ཡི་མེད་པའི་ཁར་དེ་འདྲའི་མནའ་ཞིག་ཟོས་པས་ད་ནི་དེ་བས་ཀྱང་ལས་ལམ་ལ་མི་འགྲོོ་བ་ཁོ་ཐག་རེད།”ལྷ་སྐྱབས་སྔར་ལས་ལྕི་བའི་ཁུར་བོ་ཞིག་གིས་མནན་པ་བཞིན་སེམས་སྡུག་ནང་དུ་ལྷུང་ཞིང་། མཚམས་ཤིག་ཡར་ལངས་ཏེ“འགྲོ། འུ་གཉིས་ཀས་དབང་ཕྱུག་ཁྲིད་ནས་དགོན་པར་སོང་སྟེ་མནའ་དེ་གཤགས་ཐབས་ཤིག་ཨེ་ཡོད་ལྟ།”ཟེར།

ལྷ་སྐྱབས་ཕ་བུ་གཉིས་མཐོང་མ་ཐག་དབང་ཕྱུག་གིས་དང་ཐོག“ཅི་རེད། ཁྱོད་གཉིས་ངའི་ཁྱིམ་ལ་རྒྱུགས་ནས་ཡང་ང་ལ་བརྙས་བཅོས་བྱེད་འདོད་པ་ཡིན་ནམ།”ཟེར་ནས་སྔར་བཞིན་ངར་ངར་བྱས།

དབང་ཕྱུག་གིས“ཁྱིམ”དུ་འབོད་པའི་ཁང་མིག་འདི་ནི་ཁ་ཆར་ཙག་རླུང་གཡོལ་ས་ཙམ་ལས་དྲོད་ཁོལ་དང་གསོན་ཉམས་ཅི་ཡང་མེད་པར་གྱོན་པ་རྙིང་ཧྲལ་འགའ་དང་འབྲོག་པ་ཚོས“མི་རྐྱང་ཐུག་པ”རུ་འབོད་པའི་སྟབས་བདེ་ཐུག་པའི་ཤུན་སྐོགས། རིན་གོང་སླ་བའི་ཐ་མག་གི་ཤོག་སྒམ་སྟོང་བ་སོགས་གང་སར་གཡུག་ཡོད་པ་རྣམས་ཀྱང་ཐལ་རྡུལ་གྱིས་མནན་འདུག་པ་སོགས་སྐད་ཅིག་ཙམ་ལའང་ནང་དུ་སྡོད་འདོད་མེད་པ་ཞིག་ཡིན་པས་ལྷ་སྐྱབས་ཕ་བུ་གཉིས་ཀྱི་སེམས་པ་འཁྱག་ཤུར་ཤུར་དུ་གྱུར།

དོན་ལྡན་གྱིས“ཁྱོད་བྲེལ་བ་མ་ལངས། ངེད་གཉིས་ཁྱོད་ཀྱི་ཆེད་དུ་ཡོང་བ་ཡིན། ཐོག་མར་ཁྱོད་ཀྱིས་གཟུགས་ལམ་འདིར་གཅིག་ལྟོས་དང་།”ཟེར་ནས་ཁ་པར་བསྟན་པ་ན་དབང་ཕྱུག་དེ་མ་ཐག་དབུགས་ཤོར་བའི་ལྒང་ལི་བཞིན་དུ་གྱུར་ཅིང་། ཅུང་ཙམ་འགོར་རྗེས“ཤུ——ད་ནི་ཁྱོད་གཉིས་ཀྱིས་ང་གང་ལ་སྤྲད་རྩིས་ཡིན།”ཞེས་དྲིས།

ལྷ་སྐྱབས་ཀྱིས་ཀྱང་དབུགས་རིང་ཞིག་འབྱིན་རྗེས“ད་འུ་ཚོ་དགོན་པར་སོང་སྟེ་མནའ་བཤགས་རིམ་གྲོ་ཅི་ཡོད་དྲིས་ནས་མྱུར་དུ་བསྒྲུབ།”ཟེར་བ་ན་དབང་ཕྱུག་གིས་རིམ་བཞིན་པུས་མོ་ས་ལ་བཙུགས་ཏེ་མིག་མཐའ་རློན་པར་གྱུར།

ལྷ་སྐྱབས་ཕ་བུ་གཉིས་དབང་ཕྱུག་གི་དཔུང་བ་གཡས་གཡོན་ལ་འཇུས་ཏེ་ཡར་སློང་ཞོར་ལྷ་སྐྱབས་ཀྱིས“ཨ་ཁུའི་ལོ་ལོ། དེ་འདྲ་མ་བྱེད་རེམ་པར་ཡར་ལོངས། འུ་ཚོ་ཁྱོད་ཀྱི་ཆུང་མ་དང་ཕྲུ་གུ་ལེན་དུ་འགྲོ། ཁྱོད་ལ་བུ་ལོན་ཅི་ཡོད་དྲང་མོར་ཤོད་དང་འུ་ཚོས་ཐབས་བཀོད་འཐེན།”ཟེར།

དབང་ཕྱུག་སྔར་ལས་སྐྱོ་གདུང་ཆེན་པོས་ངུ་བཞིན“ང་མི་མ་རེད། ང་མི་མ་རེད……”ཟེར་གྱིན་འདུག

ལྷ་སྐྱབས་ཀྱིས་ཀྱང་མིག་མཐར་མཆི་མ་འཁོར་ཏེ“འདི་ཚང་མ་ཨ་ཁུ་ལན་པ་རེད། ཨ་ཁུ་ངས་ཁྱོད་ལ་འགན་མ་ཐེགས་པས་རེད། ད་མ་ངུ་མ་ངུ། སྒའི་སྔ་རིའི་མགོ་ནས་མ་ཟིན་རུང་ཕྱི་རིའི་མགོ་ནས་ཟིན་ན་ཆོག”ཟེར།

མཆན(1):ཨ་མདོའི་ཡུལ་སྐད་དུ་གཞན་གྱི་ཆུང་མ་དང་ལུས་འབྲེལ་བྱས་ན་མོའི་ཁྱོ་ག་ལ་ཞག་བླུད་ཟེར།

                     2017ལོའི་ཟླ་བཅུ་བར་བྲིས།

                                             ——2018ལོའི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དེབ་གཉིས་པར་སྤེལ་ཡོད།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།