རྒན་པར་གུས་སྐྱོང་མ་བྱས་ན་རྒན་པའི་རྒྱུ་ནོར་རྒྱུན་འཛིན་བྱེད་ཆོག་གམ།

ཀླུ་མོ་སྐྱིད་ཀྱིས་ཁ་པར་བཏང་ནས་འདྲི་རྒྱུར།ང་ལ་ཕུ་བོ་གཉིས་ཡོད།མ་རྒན་ཚེ་ལས་འདས་སྔ་བའི་དབང་གིས།ཕ་རྒན་གྱིས་ཡང་བསྐྱར་གཉེན་མ་བསྒྲིགས་པར་ཁོ་གཅིག་པོས་དཀའ་ཁག་གིས་ངེད་མིང་སྲིང་གསུམ་པོ་སྙོར་སྐྱོང་བྱས་ནས་ནར་སོན།ད་ལྟ་ཕ་རྒན་ལོ་ན་རྒས་ནས་ངལ་རྩོལ་ནུས་པ་མེད་མོད།འོན་ཀྱང་ཁོའི་མིང་ཐོག་ཏུ་སྡོད་ཁང་གཉིས་དང་བསགས་དངུལ་སྒོར་ཁྲི་བཅུ་ཕྲག་འགའ་ཡོད།

ངེད་མིང་སྲིང་གསུམ་པོའི་གནས་ཚུལ་ནི་འདི་ལྟ་སྟེ།མིང་སྲིང་ཆེ་བའི་སེམས་སུ་ཆུང་དུས་ནས་ཕ་རྒན་ཕུ་བོ་གཉིས་པར་འདང་ཆེ་བ་ལས་ཁོར་འདང་མི་ཆེ་བའི་དབང་གིས།ཕུ་བོ་གཉིས་པ་ཕྱི་རྒྱལ་ལ་སློབ་གཉེར་བྱེད་དུ་མངགས་པ་དང་།ཁོ་བོ་མ་མངགས་པར་བསམ་ནས་ཕ་རྒན་ལ་བསམ་འཆར་ཆེན་པོ་བཅངས་ཡོད་པས།སྙོར་སྐྱོང་གི་འགན་ཡང་འཁུར་མ་མྱོང་།ཕུ་བོ་གཉིས་པ་ཕྱི་རྒྱལ་ནས་སློབ་གཉེར་བྱས་རྗེས་ཕྱིར་མ་ཡོང་བར་ཕྱི་རྒྱལ་ནས་གཞི་སྡོད་བྱས་པས།ཕ་རྒན་ལ་ནད་ལྕི་མོ་བྱུང་ནས་ཐེངས་འགར་སྨན་ཁང་ལ་བསྡད་པའི་སྐབས་སུའང་ལྟ་རུ་ཡོང་མྱོང་མེད།དེ་བས་ལོ་ངོ་མང་པོའི་རིང་ཕ་རྒན་ལ་སྙོར་སྐྱོང་བྱེད་པའི་ལས་འགན་ནི་ང་གཅིག་པོའི་ཕྲག་ཏུ་བབས།

འདིར་འདྲི་རྒྱུ་ནི།ཕུ་བོ་གཉིས་ཀས་ད་རག་བར་དུ་ཕལ་ཆེར་ཕ་རྒན་ལ་ཁ་ཡ་གཅིག་ཀྱང་བྱས་མ་མྱོང་བས།ཕ་རྒན་ཚེ་ལས་འདས་ན།ཁོ་གཉིས་ཀྱིས་ཕ་རྒན་གྱི་རྒྱུ་ནོར་རྒྱུན་འཛིན་བྱེད་ཆོག་གམ།

ཁྲིམས་རོགས་པ་ཝང་ཡ་ཆོན་གྱིས་བསྟན་དོན།རྒྱུན་འཛིན་བྱ་ཡུལ་ཚེ་ལས་འདས་རྗེས།བུ་ཕྲུག་ནི་རིམ་པ་དང་པོའི་རྒྱུན་འཛིན་བྱེད་མཁན་ཡིན་པས།འདྲ་མཉམ་གྱི་རྒྱུན་འཛིན་དབང་ཆ་ལོངས་སྤྱོད་བྱེད་ཆོག རྒྱུན་འཛིན་བྱེད་མཁན་མི་དེ་ལ་ནོར་འཁྲུལ་ཆེན་པོ་ཡོད་པ་སྟེ།དཔེར་ན་བསམ་བཞིན་དུ་རྒྱུན་འཛིན་བྱ་ཡུལ་གྱི་མི་དེ་བསད་པའམ་ཡང་ན་འདོར་སྐྱུར་བྱེད་པ་སོགས་ཀྱི་བྱ་སྤྱོད་ཡོད་ན་མ་གཏོགས་དེའི་རྒྱུན་འཛིན་དབང་ཆ་འཕྲོག་མི་ཆོག

རང་རྒྱལ་གྱི《རྒྱུན་འཛིན་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་གསུམ་པའི་ཁོད་ཚན་གསུམ་པ་དང་བཞི་པའི་ནང་གི་གཏན་འཁེལ་ལྟར་ན།རྒྱུན་འཛིན་བྱ་ཡུལ་ལ་སྙོར་སྐྱོང་གི་འོས་འགན་འཁུར་བའམ་ཡང་ན་རྒྱུན་འཛིན་བྱ་ཡུལ་དང་མཉམ་དུ་འཚོ་བ་རོལ་གྱིན་པའི་རྒྱུན་འཛིན་བྱེད་མཁན་གྱིས་ཤུལ་ནོར་བགོ་སྐབས།མང་པོ་བགོ་དགོས་པའི་རེ་བ་བཏོན་ཆོག གུས་སྐྱོང་བྱེད་པའི་ནུས་པ་དང་ཆ་རྐྱེན་ཡོད་བཞིན་དུ་གུས་སྐྱོང་མ་བྱས་པའི་རྒྱུན་འཛིན་མཁན་ལ།ཤུལ་ནོར་བགོ་སྐབས་ཉུང་བགོ་དང་ཡང་ན་མ་བགོས་ནའང་ཆོག

ཀླུ་མོ་སྐྱིད་ཀྱི་ཕུ་བོ་གཉིས་ཀའི་རྒྱུན་འཛིན་དབང་ཆ་དེ་གུས་སྐྱོང་གི་འོས་འགན་མ་འཁུར་བར་བརྟེན་ནས་འཕྲོག་མི་ཆོག་མོད།འོན་ཀྱང་རྒྱུན་འཛིན་བྱེད་སྐབས།ཀླུ་མོ་སྐྱིད་ཀྱིས་རང་ཉིད་ལ་མང་བགོ་དང་།ཕུ་བོ་གཉིས་ཀར་ཉུང་བགོ་བྱེད་དགོས་པའི་རེ་བ་འདོན་ཆོག་གོ །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།