བཟའ་འཐོར་མ་བྱས་སྔོན་ལ་དགའ་རོགས་བཙལ་ཆོག་གམ།

1474968399771623.png

གྱོད་དཔེ།

རབ་བརྟན་ནི་བྲག་དཀར་རྫོང་ཉིན་ལུང་སྡེ་བའི་ཧྲུའུ་ཅི་ཡིན་ལ། ཁྱིམ་ཚང་གི་ཆ་རྐྱེན་ཧ་ཅང་བཟང་བ་དང་ལོ་རེར་དབྱར་རྩ་རྒན་འབུ་འཐུ་སྐབས་གཞན་ལ་རྩྭ་ས་གཡར་ཏེ། རྩྭ་སའི་རིན་གོང་ལ་ལོ་རེར་སྒོར་ཁྲི་བརྒྱ་ལྷག་ཡོད་པས་བཟའ་ཚང་གང་བོ་རྫོང་མཁར་དུ་བསྡད་ཡོད་པས་སྡེ་བའི་མི་ཚོགས་ཀུན་གྱིས་ཡིད་སྨོན་བྱེད་ཀྱིན་ཡོད། ཡིན་ནའང་། ན་ནིང་ནས་བཟུང་། ཁོ་རང་རྒྱུན་དུ་ཟི་ལིང་དང་ཆབ་ཆ་ལ་སོགས་པའི་ས་ཁུལ་གཞན་དག་ལ་ཉུལ་རྒྱུ་དགའ་ཞིང་། ཕ་ཡུལ་རེབ་གོང་ནས་ཡིན་ཟེར་བའི་བུ་མོ་ཆུང་ཆུང་ཞིག་ལ་ཁ་འཕྲད་པ་ནས་བཟུང་། ཁོ་བཟའ་ཟླ་གཉིས་བརྩེ་དུང་གི་དར་སྐུད་ཕྲ་མོར་ཆག་གྲུམ་ཤོར་ཏེ་རྒྱུན་དུ་བཟའ་འཁོན་བྱེད་པ་ན་སྐྱིད་པའི་གཡང་ཁྱིམ་གྲུ་བཞི་ཁ་འཛིང་དང་འཁོན་འཛིང་གྱིས་ཁེངས། ཁོ་བཟའ་ཟླ་གཉིས་ལ་བྱིས་པ་གཉིས་ལས་ལོ་ལོན་ཅི་ཡང་གསོ་རྒྱུ་མེད། གོ་ཐོས་ལྟར་ན་རབ་བརྟན་གྱིས་་ཟི་ལིང་ནས་ཁང་བ་གསར་བ་ཞིག་ཉོས་ཏེ་བུ་མོ་ཆུང་ཆུང་དེ་དང་མཉམ་འདུག་བྱས་ཡོད་ཟེར། མི་ལ་ལས་བཤད་ན་བུ་མོ་ཆུང་ཆུང་དེ་ཁོའི་ཆུང་མ་ཡིན་པར་གྲགས་ལ་གཉེན་སྒྲིག་ཡི་གེ་ད་དུང་བླངས་མེད་ཟེར། འོ་ན་ཁྱོ་ཤུག་གཉིས་བཟའ་འཐོར་མ་བྱས་སྔོན་དུ་ཅིག་ཤོས་ཀྱིས་ཕྱི་ནས་དགའ་རོགས་བཙལ་ཆོག་གམ།

ཁྲིམས་བཤད། 

བཟའ་ཚང་གི་འབྲེལ་བ་མ་གཏོར་བའི་སྔོན་དུ། ཕོ་མོ་སུ་ཡིན་རུང་གཞན་ནས་དགའ་རོགས་བཙལ་ན་མི་ཆོག་སྟེ། བཟའ་ཟླ་ཡོད་བཞིན་དུ་ཕྱི་ནས་དགའ་རོགས་བཙལ་བ་ནི། མིའི་རིགས་ཀྱི་བསམ་བློའི་ཀུན་སྤྱོད་དམའ་བ་དང་། གཉེན་སྒྲིག་ཁྲིམས་ལུགས་དང་འགལ་བའི་བྱ་སྤྱོད་ཅིག་རེད། བྱ་སྤྱོད་འདིའི་རིགས་ཀྱིས་ཁྲིམས་མཐུན་གཉེན་སྒྲིག་འབྲེལ་བར་གཏོར་བརླག་བྱས་པར་མ་ཟད། སྤྱི་ཚོགས་ལབ་གླེང་ཁྲོད་དུའང་ཁ་རྡུང་གཏོང་དགོས་པ་ཞིག་ཡིན།

གོང་གི་གྱོད་དོན་འདིར་མཚོན་ན། བཟའ་ཟླ་ཡོད་བཞིན་དུ་མི་གཞན་དང་མཉམ་འདུག་བྱས་པའི་ནག་ཉེས་བསགས་ཡོད་ལ། དེ་ལ་ཆུང་མ་གཉིས་པ་གསོ་བ་ཡང་ཟེར། ཆུང་མ་གཉིས་པ་གསོ་བ་ཞེས་པ་ནི་བཟའ་ཟླ་ཡོད་པའི་སྐྱེས་པས་རྒྱུ་ནོར་ཁེ་བཟང་ལ་བརྟེན་ནས་དུས་ཡུན་རིང་བོར་བུད་མེད་གཞན་དང་ཕོ་མོའི་འབྲེལ་བ་འཛིན་པའི་བྱ་སྤྱོད་ཅིག་སྟེ། གཙོ་བོར་གཤམ་གསལ་གྱི་རྣམ་པ་འགའ་ཡོད། གཅིག ཁང་བ་དང་རླངས་འཁོར། འཚོ་བའི་མཁོ་ཆས་སོགས་སྤྲད་ནས་ཕྱི་རོལ་ཏུ་ཆུང་མ་གཉིས་པ་གསོ་བ་དང་། གཉིས། ལ་ལས་སྨད་འཚོང་མ་ལྐོག་གསོ་བྱེད་པ། གསུམ། ལ་ལས་དྲུང་ཡིག་དང་། ཁྱིམ་ལས་མཁན། མིང་སྲིང་སོགས་ཡིན་པར་ཁ་གཡར་ཏེ་དུས་ཡུན་རིང་བོར་ལོག་གཡེམ་འབྲེལ་བ་འཛིན་པ། བཞི། ལ་ལ་མངོན་སུམ་སུ་ཆེན་ཆུན་གྱི་རྣམ་པའི་ཐོག་ནས་མཉམ་གཅིག་ཏུ་འཚོ་བ་རོལ་བ་སོགས་ཡིན། 《གཉེན་སྒྲིག་བཅའ་ཁྲིམས》གསར་བའི་ནང་ཆུང་མ་གཉིས་པ་གསོ་བ་ཞེས་པ་ནི་རྙོག་འཛིང་ཅན་ཞིག་ཡིན་ཏེ། ལ་ལ་ནི་བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱེད་པ་ཡིན་ལ། ལ་ལ་ཁྲིམས་འགལ་གྱིས་ལྐོག་མཐུན་མཉམ་སྡོད་བྱེད་པ་ཡིན། བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱེད་པ་ལ་ཁྱོ་ཤུག་གི་མིང་ཐོག་ནས་མཉམ་གཅིག་ཏུ་ལྐོག་ཉལ་བྱེད་པའི་ཕྱི་ཚུལ་གྱི་རྣམ་པ་ཡོད་དགོས་ཏེ། དཔེར་ན། ཁྱོ་ཤུག་གི་མིང་ཐོག་ནས་ཐེམ་ཐོ་འགོད་པ་དང་། ཁང་བ་ཉོ་བ། གཉེན་སྟོན་འཚོགས་པ་སོགས་ཡིན། ཕྱི་ལ་ཁྱོ་ཤུག་མིང་མི་འཛིན་པ་ནི་བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱེད་པ་མིན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།