ངེད་ཚང་གི་ཚོང་ཁང་འདི་སུ་ལ་དབང་བ་ཡིན།

1523953346870703.png

གྱོད་དཔེ།

ང་ས་ཆ་གཞན་ཞིག་ལ་ཞོར་ལས་སུ་སོང་ནས་མིང་ལ་མཁའ་རྩེ་ཟེར་བའི་སྐྱེས་པ་ཞིག་ངོ་ཤེས་ལ། རྗེས་སུ་ངེད་གཉིས་ཀྱི་བར་དུ་བརྩེ་དུངས་ཟབ་མོ་ཆགས་པར་མ་ཟད། ཉིས་སྟོང་དྲུག་ལོའི་ཟླ་གསུམ་པ་ནས་མཉམ་གཅིག་ཏུ་བསྡད་དེ་འཚོ་བ་རོལ་མགོ་བརྩམས་མོད། སྐབས་དེར་གཉེན་སྒྲིག་ཐོ་འགོད་ཀྱི་འགྲོ་ལུགས་མ་བསྒྲུབས། དེ་ནས་ཟླ་འགའ་འགོར་རྗེས་ང་རང་མཁའ་རྩེ་དང་འགྲོགས་ནས་ཁོའི་ཁྱིམ་དུ་སོང་ལ། ཁོའི་ཕ་མ་གཉིས་ཀྱིས་ཕྱེས་པའི་ཚོང་ཁང་བདག་གཉེར་དང་ཚོང་རྒྱག་རོགས་སོགས་བྱེད་བཞིན་ཕ་མ་གཉིས་དང་མཉམ་དུ་འཚོ་བ་རོལ་ནས་བསྡད་པ་ཡིན། བར་སྐབས་དེར་ངས་ཁོའི་ཕ་མ་གཉིས་ཀྱི་ལག་ནས་གླ་ཕོགས་སོགས་སྐར་གཅིག་ཀྱང་བླངས་མ་མྱོང་། ད་ལོའི་ཟླ་བཅུ་བར། རྒྱུ་རྐྱེན་གང་མང་ཞིག་གི་དབང་གིས་ང་དང་མཁའ་རྩེ་གཉིས་ཀྱི་བར་ལ་འགལ་བ་མང་པོ་ཞིག་བྱུང་སྟེ་རིམ་བཞིན་ཕན་ཚུན་གྱི་བརྩེ་དུངས་ལའང་ཆག་གྲུམ་ཆེན་པོ་ཐེབས་པས་རང་རང་སར་མི་འགྲོ་ཐབས་མེད་བྱུང་།

ཁྲིམས་བཤད། 

ཁྱོད་དང་མཁའ་རྩེ་གཉིས་ཀྱིས་དུས་རྒྱུན་ཁོའི་ཕ་མས་ཕྱེས་པའི་ཚོང་ཁང་དུ་རོགས་བྱས་པར་གླ་ཕོགས་སོགས་ངལ་རྩོལ་གླ་ཡོན་མ་བླངས་པར་མ་ཟད། ཚོང་གི་ཁེ་སྤོགས་ཀྱང་ཆ་སྙོམས་ཀྱིས་བགོ་བཤའ་མ་བྱས། ཁྱོད་ཡོད་དུས་ཚོང་ཁང་ལ་ཐོབ་པའི་ཁེ་སྤོགས་ནི་མཁའ་རྩེ་ཕ་མ་གཉིས་དང་ཁྱོད། མཁའ་རྩེ་བཅས་ཀྱི་སྤྱིའི་རྒྱུ་ནོར་ཡིན། ཁྱོད་དང་མཁའ་རྩེ་གཉིས་ལ་ཐོབ་འོས་པའི་ཆ་ཤས་དེ་ནི་གཞི་གཅིག་ཏུ་སྡོད་པའི་སྐབས་ཀྱི་སྤྱིའི་རྒྱུ་ནོར་དུ་བརྩི་དགོས་པས། དེ་དག་བགོ་བཤའ་བྱེད་པར་རེ་བ་བཏོན་ཆོག་མོད། འོན་ཀྱང་ཚོང་ཁང་བགོ་བཤའ་བྱེད་པར་རེ་བ་བཏོན་མི་ཆོག  《ཆེས་མཐོ་མི་དམངས་ཁྲིམས་ཁང་གི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས〉ཀྱི་གནད་དོན་འགའི་འགྲེལ་བཤད》ཀྱི་དོན་ཚན་ལྔ་བའི་གཏན་ཁེལ་ལྟར་ན། 《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་བརྒྱད་པའི་གཏན་ཁེལ་བྱས་པ་ལྟར། གཉེན་སྒྲིག་ཐོ་འགོད་མ་བྱས་པར་ཁྱོ་ཤུག་གི་མིང་ཐོག་ནས་གཞི་གཅིག་ཏུ་འཚོ་བ་རོལ་བའི་ཕོ་མོས་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཏེ་བཟའ་འཐོར་བྱེད་པར་རེ་བ་བཏོན་ཚེ། གཉེན་སྒྲིག་ཐོ་འགོད་བྱས་པའི་ཁྲིམས་མཐུན་ཁྱོ་ཤུག་དང་ཁྱད་པར་ཡོད་དགོས། གོ་བཞི་ལོའི་ཟླ་གཉིས་པའི་ཚེས་གཅིག་ཉིན《གཉེན་སྒྲིག་ཐོ་འགོད་དོ་དམ་སྲོལ་ཡིག》ལག་བསྟར་བྱས་རྗེས། ཕོ་མོ་གཉིས་ཀྱིས་གཉེན་སྒྲིག་ཐོ་འགོད་བྱས་མེད་ན་གཞི་གཅིག་ཏུ་སྡོད་པའི་འབྲེལ་བ་མེད་པར་བཟོ་བར་ཐག་གཅོད་དགོས། ཁྱོད་དང་མཁའ་རྩེ་གཉིས་ཉིས་སྟོང་དྲུག་ལོའི་ཟླགསུམ་པར་གཞི་གཅིག་ཏུ་བསྡད་དེ་འཚོ་བ་རོལ་མགོ་བརྩམས་མོད། དེ་དུས་ཁྱོད་གཉིས་ཀྱིས་གཉེན་སྒྲིག་འགྲོ་ལུགས་བསྒྲུབས་མེད་པས། ཁྱོད་དང་མཁའ་རྩེ་གཉིས་ནི་གཞི་གཅིག་ཏུ་སྡོད་པའི་འབྲེལ་བ་ཙམ་ཡིན། དེའི་རྐྱེན་གྱིས《གཉེན་སྒྲིག་བཅའ་ཁྲིམས》ཁྲོད་ཁྱོ་ཤུག་བར་གྱི་རྒྱུ་ནོར་ཐག་གཅོད་ཀྱི་གཏན་ཁེལ་བཀོལ་མི་འོས། སྤྱིར་བཏང་དུ་བཤད་ན། གཞི་གཅིག་ཏུ་སྡོད་པའི་སྐབས་ཀྱི་རྒྱུ་ནོར་གྱི་བགོ་བཤའ་ནི་སྤྱིའི་རྒྱུ་ནོར་ལྟར་ཐག་བཅད་དེ་ཆ་སྙོམས་ཀྱིས་བགོ་བཤའ་བྱེད་དགོས། ཁྱོད་དང་མཁའ་རྩེ་གཞི་གཅིག་ཏུ་སྡོད་པའི་སྐབས་ཁོའི་ཕ་མ་གཉིས་ཀྱི་ཚོང་ཁང་དུ་ལས་ཀ་གཉེར་ནས་བསྡད་མོད་གླ་ཡོན་ཅི་ཡང་མ་བླངས། ཐོབ་འོས་པའི་ཡོང་སྒོ་ཚོང་ཁང་གི་ཚོང་གཉེར་དུ་བཀོལ་ཟིན་ལ། ཁྱོད་མཁའ་རྩེ་ཡི་ཕ་མའི་ཚོང་ཁང་གི་བདག་གཉེར་ཁྲོད་ཞུགས་ཤིང་བདག་གཉེར་བྱ་འགུལ་ལ་ཞུགས་པས་ཚོང་ཁང་གི་ཁེ་སྤོགས་ཐོབ་ཏུ་འཇུག་དགོས། ཁེ་སྤོགས་དེ་ནི་ཁྱོད་དང་མཁའ་རྩེ། ཁོའི་ཕ་མ་བཅས་ཀྱི་སྤྱིའི་རྒྱུ་ནོར་ཡིན། བགོ་བཤའ་བྱེད་པའི་རྒྱུ་ནོར་ནི་ཁྱོད་ཚོ་གཞི་གཅིག་ཏུ་སྡོད་པའི་སྐབས་ཀྱི་སྤྱིའི་ཡོང་སྒོ་ཡིན་པས་ཁྱོད་ལ་དེ་བགོ་བཤའ་བྱེད་པར་རེ་བ་འདོན་པའི་དབང་ཆ་ཡོད། འོན་ཀྱང་ཁེ་སྤོགས་དེ་དག་ཚོང་ཁང་གི་འཕེལ་རྒྱས་ཕྱོགས་སུ་བཏང་མེད་ཚེ་ཚོང་ཁང་ནི་སྔར་བཞིན་མཁའ་རྩེའི་ཕ་མ་གཉིས་ཀྱི་རྒྱུ་ནོར་ཡིན། དེའི་རྐྱེན་གྱིས་ཁྱོད་ཀྱིས་ཚོང་ཁང་བགོ་བཤའ་བྱེད་པའི་རེ་བཏོན་མི་ཆོག

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།