ཕོ་མོ་གཉེན་སྒྲིག་མ་བྱས་པར་མཉམ་གཅིག་ཏུ་བསྡད་ན་ཁྲིམས་མཐུན་ཡིན་ནམ།

[གྱོད་དོན]

  ང་ནི་སློབ་ཆེན་འགྲིམ་པའི་སློབ་བུ་ཕལ་བ་ཞིག་ཡིན་ལ། ང་ལ་གྲོགས་མོ་ཅིག་ཡོད་པར་ཁོ་མོའི་འདོད་བློ་དང་འཚམ་ལ་ཕན་ཚུན་བརྩེ་དུང་ཡང་ཟབ་པའི་མཛའ་གྲོགས་ཤིག་ཡོད། ཡིན་ནའང་ཁོ་མོའི་ཕ་མ་གཉིས་སྐྱེས་པ་དེ་རང་ཚང་གི་མག་པར་གྱུར་བར་གཏན་ནས་མ་འཐད་པར་མ་ཟད། གཞན་ནས་སྐྱེས་པ་ཞིག་མོའི་མཛའ་གྲོགས་ལ་བཙལ་བ་རེད། ངའི་སློབ་གྲོགས་དོན་དེར་གཏན་ནས་འཐད་པ་མ་བྱུང་། མོ་ད་ལོ་ལོ19ཡིན་པས་ཁྲིམས་བཀོད་གཉེན་སྒྲིག་ལོ་ཚད་ལ་ཐོན་མེད། རང་ཉིད་ཀྱི་གཉེན་སྒྲིག་རང་དབང་ལ་ཕ་མས་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་ཆེད། ཁོ་མོ་དང་སྐྱེས་པ་དེ་གཉིས་གཞི་གཅིག་ཏུ་བསྡད་ནས་བཟའ་ཟླ་ལྟ་བུའི་འཚོ་བ་རོལ་མགོ་བརྩམས། དེ་བས། ཁོ་གཉིས་ཀྱི་བྱ་སྤྱོད་དེ་ཁྲིམས་མཐུན་ཡིན་མིན་ཐད་དྲང་འདེན་གྱི་ལམ་ཞིག་བསྐྱོན་རོགས།

[གྱོད་དོན་དབྱེ་ཞིབ]

  ཁྱོད་ཀྱིས་བཤད་པའི་གནད་དོན་འདི་ཧ་ཅང་གལ་ཆེན་ཞིག་རེད། དོན་དེ《གཉེན་སྒྲིག་བཅའ་ཁྲིམས》ཇི་ལྟར་ཡང་དག་སྒོས་ལག་ལེན་མཐར་ཕྱིན་བྱེད་པར་ཐུག་ཡོད། རང་རྒྱལ《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན4པའི་གཏན་ཁེལ་ལྟར་ན། གཉེན་སྒྲིག་བྱེད་ན་ངེས་པར་དུ་ཕོ་མོ་ཕྱོགས་གཉིས་རང་འདོད་ཡིན་དགོས་ལ། གཞན་གྱིས་བཙན་ཤེད་དང་ཐེ་གཏོགས་བྱས་མི་ཆོག ཁྱོད་ཀྱི་སློབ་གྲོགས་དེའི་ཕ་མས་གཉེན་སྒྲིག་བཅའ་ཁྲིམས་ཀྱི་གཏན་ཁེལ་ལ་བསམ་བློ་མི་གཏོང་བར་བཙན་ཤེད་ཀྱིས་བུ་མོའི་གཉེན་དོན་ལ་ཐེ་གཏོགས་བྱས་པའི་བྱ་སྤྱོད་དེ་ནོར་འཁྲུལ་ཡིན་ལ། ཁྲིམས་འགལ་ཡང་ཡིན། གཉེན་སྒྲིག་རང་དབང་གི་ཁེ་དབང་ལག་བསྟར་ལ་ཁག་ཐེག་བྱེད་ཆེད་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ཤ་ཉེ་རྣམས་ལ་རེ་འདུན་ཞུས་ཏེ་མོའི་ཕ་མ་གཉིས་ལ་ཁ་ཏ་སློབ་གསོ་བྱེད་དུ་བཅུག་ཆོག་ལ། ཐད་ཀར་དུ་ས་གནས་དེའི་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཆོག ཡིན་ནའང་ཕ་མར་ངོ་རྒོལ་བྱེད་ཆེད་གཉེན་སྒྲིག་ཐོ་འགོད་འགྲོ་ལུགས་མ་བསྒྲུབས་པར་མཉམ་གཅིག་ཏུ་འཚོ་བ་རོལ་མི་ཆོག བྱ་སྤྱོད་དེ་ནོར་འཁྲུལ་ཡིན་ལ་ཁྲིམས་འགལ་ཡང་ཡིན། རང་རྒྱལ྇《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན5པའི་གཏན་ཁེལ་ལྟར་ན། གཉེན་སྒྲིག་ལོ་ཚད་ནི་ངེས་པར་དུ་ཕོ་ལོ22ཡན་ཡིན་དགོས་ལ། མོ་ལོ20ཡན་ཡིན་དགོས། ཁྱོད་ཀྱི་གྲོགས་མོ་ལོ19ཡིན་པས་ཁྲིམས་བཀོད་གཉེན་སྒྲིག་ལོ་ཚད་ལ་ཐོན་མེད་པས་གཉེན་སྒྲིག་ཆ་རྐྱེན་མི་ཚང་། དེ་བས་མགྱོགས་མྱུར་ངང་མཉམ་གཅིག་ཏུ་འཚོ་བ་རོལ་བའི་འབྲེལ་བ་མེད་པར་བཟོས་ཏེ། གཉེན་སྒྲིག་ལོ་ཚད་ལ་ཐོན་རྗེས་ད་གཟོད་གཉེན་སྒྲིག་འགྲོ་ལུགས་བསྒྲུབས་ཏེ་ཁྲིམས་མཐུན་གྱི་ཁྱོ་ཤུག་འབྲེལ་བ་འཛིན་འོས།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།