མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱི་ཡིག་ཆ།

མཚོ་སྲིད་གཞུང་ལས་ཐིན〔2018〕ཨང23པ།

 མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱི་སློབ་བསྐྱུར་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་ལ་སྔར་ལས་ཤུགས་བསྣན་ནས་འོས་འགན་སློབ་གསོ་བརྟན་སྲུང་གི་ཆུ་ཚད་ཇེ་མཐོར་གཏོང་བའི་སྐོར་གྱི་བརྡ་སྦྱོར།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

འོས་འགན་སློབ་གསོ་ནི་རྒྱལ་ཁབ་ཀྱིས་གཅིག་གྱུར་སྒོས་ལག་བསྟར་བྱེད་བཞིན་པའི་སློབ་ལོ་རན་པའི་བྱིས་པ་དང་ལོ་ཆུང་གཞོན་ནུས་ངེས་པར་དུ་དང་ལེན་བྱ་དགོས་པའི་སློབ་གསོ་ཞིག་ཡིན་ལ། སློབ་གསོ་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་ཡིན་པ་དང་། རྒྱལ་ཁབ་ཀྱིས་ངེས་པར་དུ་འགན་སྲུང་བྱ་དགོས་པའི་རྨང་གཞིའི་རང་བཞིན་དང་སྤྱི་ཕན་རང་བཞིན་གྱི་ལས་དོན་ཞིག་ཀྱང་ཡིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་འོས་འགན་སློབ་གསོའི་བྱ་བར་གཙིགས་འཛིན་བྱས་ནས། སློབ་གསོ་འདྲ་མཉམ་ཡོང་བར་སྐུལ་འདེད་དང་སློབ་ལོ་རན་པའི་བྱིས་པས་འདྲ་མཉམ་ངང་འོས་འགན་སློབ་གསོ་མྱང་པར་འགན་སྲུང་བྱེད་པའི་ཐད་ནས་བཀོད་སྒྲིག་རབ་དང་རིམ་པ་བྱས་པ་དང་། ཁྱད་པར་དུ་ཉེ་བའི་ལོ་འགའི་རིང་ལ་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་ཡིན་ཞིང་རོང་འབྲོག་ཁུལ་གཙོ་བོ་ཡིན་པའི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་རྐྱེན་སྲོལ་བཙུགས་ནས། གྲོང་ཁྱེར་དང་གྲོང་གསེབ་ཏུ་རིན་མེད་འོས་འགན་སློབ་གསོ་མངོན་འགྱུར་བྱུང་བ་དང་། འོས་འགན་སློབ་གསོའི་ཁྱབ་ཚད་དང་སློབ་ཞུགས་ཀྱི་ཚད། བརྟན་སྲུང་གི་ཚད་བཅས་བསྟུད་མར་ཇེ་མཐོར་སོང་། འོན་ཀྱང་སློབ་སྒྲུབ་ཆ་རྐྱེན་དང་ས་ཁམས་ཁོར་ཡུག ཁྱིམ་ཚང་གི་དཔལ་འབྱོར་གནས་བབ་དང་བསམ་བློའི་འདུ་ཤེས་སོགས་རྒྱུ་རྐྱེན་མང་པོའི་དབང་གིས་རང་ཞིང་གི་ས་ཁུལ་ཁ་ཤས་དང་ལྷག་པར་དུ་མི་རིགས་འདུས་སྡོད་ས་ཁུལ་དུ་སློབ་ཤོར་སློབ་བསྐྱུར་གྱི་གནས་ཚུལ་སྔར་བཞིན་ཚད་མི་འདྲ་བ་བྱུང་དང་འབྱུང་བཞིན་པ་དང་། སློབ་ཆུང་མཐར་ཕྱིན་པའི་ལོ་རིམ་དང་དམའ་འབྲིང་སློབ་མས་སློབ་བསྐྱུར་དང་བྱེས་རྒྱུག གཞིས་སྡོད་བྱིས་པས་སློབ་བསྐྱུར་དང་སློབ་ཤོར་གྱི་གནད་དོན་སྔར་བཞིན་ཅུང་འབུར་དུ་ཐོན་པ་རེད། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་སློབ་བསྐྱུར་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་ལ་སྔར་ལས་ཤུགས་བསྣན་ནས་འོས་འགན་སློབ་གསོ་བརྟན་སྲུང་གི་ཆུ་ཚད་ཇེ་མཐོར་གཏོང་བའི་སྐོར་གྱི་བརྡ་སྦྱོར》(རྒྱལ་གཞུང་སྤེལ〔2017〕ཨང72པ)གྱི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་དུ་བཅོས་བསྒྱུར་དང་གོང་དུ་སྤེལ་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་འགའ》(མཚོ་སྲིད〔2017〕ཨང26པ)ཡི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། འོས་འགན་སློབ་གསོ་མྱོང་བའི་སློབ་མའི་སློབ་ཤོར་སློབ་བསྐྱུར་གྱི་གནད་དོན་དངོས་གནས་ཐག་གཅོད་བྱ་ཆེད། ཞིང་ཆེན་སྲིད་གཞུང་འཐད་པ་བྱུང་བ་བརྒྱུད་དེ། ད་ལྟ་སློབ་བསྐྱུར་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་ལ་སྔར་ལས་ཤུགས་སྣོན་པ་དང་། འོས་འགན་སློབ་གསོ་བརྟན་སྲུང་གི་ཆུ་ཚད་ཇེ་མཐོར་གཏང་བར་གཞིགས་ནས་འབྲེལ་ཡོད་བྱ་བ་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།

གཅིག ཁྲིམས་ལྟར་སློབ་བསྐྱུར་ཚོད་འཛིན་བྱེད་པ་རྒྱུན་འཁྱོངས་དང་། སློབ་བསྐྱུར་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་གི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་དགོས།

1. སྲིད་གཞུང་གི་སློབ་བསྐྱུར་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་གི་ཁྲིམས་བཀོད་འགན་འཁྲི་བསྒྲུབ་དགོས།

ས་གནས་སོ་སོས་འོས་འགན་སློབ་གསོའི་སློབ་བསྐྱུར་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་གི་ཁྲིམས་བཀོད་འགན་འཁྲི་ནན་ཏན་གྱིས་སྒྲུབ་པ་དང་། 《འོས་འགན་སློབ་གསོའི་བཅའ་ཁྲིམས》དང《ནར་མ་སོན་པའི་མི་སྲུང་སྐྱོབ་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་གཟབ་ནན་སྒོས་དོན་འཁྱོལ་བྱས་ནས། སློབ་ལོ་རན་པའི་བྱིས་པ་དང་ལོ་ཆུང་གཞོན་ནུས་འོས་འགན་སློབ་གསོ་མྱོང་བའི་དབང་ཆ་འགན་སྲུང་བྱ་དགོས། ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། རྫོང་རིམ་པ་གཙོར་བྱས་པའི་འོས་འགན་སློབ་གསོའི་དོ་དམ་ལམ་ལུགས་སྒོ་ཀུན་ནས་དོན་འཁྱོལ་བྱ་དགོས།  གྲོང་ཁྱེར(ཁུལ)སོ་སོའི་མི་དམངས་སྲིད་གཞུང་གིས་ས་ཁོངས་ནང་གི་འོས་འགན་སློབ་གསོའི་སློབ་བསྐྱུར་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་བྱ་བར་ཁྱོན་ཡོངས་ནས་འགན་འཁུར་བ་དང་། སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་གཏང་དགོས་ཤིང་། སློབ་བསྐྱུར་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་གི་དམིགས་འབེན་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་བཏང་ཐོག གནད་སའི་ས་ཁུལ་གཙོ་བོར་འཛིན་པ་དང་རིགས་བཀར་ནས་མཛུབ་སྟོན་བྱེད་པར་ཤུགས་བསྣན་པ་དང་། ཆེད་དོན་ལྟ་བཤེར་བྱེད་ཐབས་གཏན་འབེབས་བྱས་ནས་སློབ་ལོ་རན་པའི་བྱིས་པ་ཆོས་སྒོར་ཞུགས་པ་དང་གླ་བྱེད་དུ་འགྲོ་བ། གཉེན་སྔ་སྒྲིག་བྱེད་པ་སོགས་ཀྱི་གནད་དོན་ཁྲིམས་ལྟར་ཐག་གཅོད་བྱ་དགོས། རྫོང(གྲོང་ཁྱེར་དང་ཆུས)སོ་སོས་འོས་འགན་སློབ་གསོའི་བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབ་པར་སྐུལ་འདེད་བཏང་ནས། སློབ་ལོ་རན་པའི་བྱིས་པ་དང་ལོ་ཆུང་གཞོན་ནུས་འོས་འགན་སློབ་གསོ་མྱོང་བའི་དབང་ཆ་དངོས་གནས་འགན་སྲུང་བྱེད་པ་དང་། 2020ལོར་བསླེབས་དུས་ཞིང་ཆེན་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)སོ་སོའི་ལོ་དགུའི་འོས་འགན་སློབ་གསོ་བརྟན་སྲུང་གི་ཚད95%ཡན་ལ་བསླེབ་པའི་དམིགས་འབེན་མངོན་འགྱུར་ཡོང་བར་ཁག་ཐེག་བྱ་དགོས། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་སློབ་བསྐྱུར་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་བྱེད་མཁན་གྱི་འགན་འཁྲི་བསྒྲུབས་ནས། སློབ་ལོ་རན་པའི་བྱིས་པ་དང་ལོ་ཆུང་གཞོན་ནུ་སློབ་གྲྭར་ཞུགས་པར་རྩ་འཛུགས་དང་སྐུལ་སློང་བྱེད་པ་དང་། ཁོ་ཚོར་འོས་འགན་སློབ་གསོ་མྱོང་བའི་དཀའ་ངལ་སེལ་རོགས་བྱས་ཐོག བྱེད་ཐབས་སྤྱད་དེ་སློབ་སྦྱོང་བསྐྱུར་བར་བཀག་འགོག་བྱ་དགོས། རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཧུར་ཐག་གིས་གཞོགས་འདེགས་བྱས་ནས་འོས་འགན་སློབ་གསོའི་སློབ་བསྐྱུར་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་གི་བྱ་བར་ལྟ་སྐུལ་དང་ཁྲིམས་འཛིན་ཞིབ་བཤེར་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས།

2. སྲིད་འཛིན་གྱིས་སློབ་རྒྱུན་སླར་སྐྱོང་ལ་སྐུལ་འདེད་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། 

ས་གནས་སོ་སོས་མངའ་ཁོངས་ནང་གི་སློབ་ལོ་རན་པའི་བྱིས་པ་དང་ལོ་ཆུང་གཞོན་ནུའི་གནས་ཚུལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། དྲིལ་སྒྲོག་སློབ་གསོའི་ཐད་ལ་ཤུགས་སྣོན་པ་དང་།  ཕ་མའམ་ཁྲིམས་བཀོད་ཀྱི་ལྟ་སྐྱོང་པ་གཞན་པས་སློབ་ལོ་རན་པའི་བྱིས་པ་དང་ལོ་ཆུང་གཞོན་ནུ་ཁྲིམས་ལྟར་སློབ་གྲྭར་བསྐྱལ་ཏེ་འོས་འགན་སློབ་གསོ་ཡོངས་སུ་མྱང་དུ་འཇུག་པར་སྐུལ་སློང་བྱ་དགོས། སློབ་གྲྭས་སློབ་བསྐྱུར་སློབ་མར་སློབ་རྒྱུན་སླར་སྐྱོང་བར་ཁ་ཏ་སློབ་གསོ་གཏོང་བ་དང་ཐོ་འགོད་བྱེད་པ། ཡིག་ཐོག་ནས་སྙན་ཞུ་འབུལ་བའི་ལམ་ལུགས་འཐུས་ཚང་དུ་འཛུགས་པ་དང་།    སློབ་བསྐྱུར་སློབ་མའི་ཆ་འཕྲིན་དུས་ཐོག་ཏུ་གྲོང་རྡལ་སྲིད་གཞུང(སྲང་ལམ་དོན་གཅོད་ཁང)ལ་ཞུ་དགོས་ཤིང་། སློབ་གྲྭ་དང་ཁྱིམ་ཚང་བར་འབྲེལ་འདྲིས་བྱེད་ཤུགས་ཇེ་ཆེར་བཏང་ནས། སྲིད་གཞུང་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་སློབ་བསྐྱུར་སློབ་མར་སློབ་རྒྱུན་སླར་སྐྱོང་བར་ཁ་ཏ་སློབ་གསོ་གཏོང་བའི་བྱ་བ་ལེགས་པོར་བསྒྲུབ་དགོས། ཁྱིམ་བདག་གི་འགན་འཁྲི་དོན་འཁྱོལ་བྱས་ཏེ། ཕ་མའམ་ཁྲིམས་བཀོད་ཀྱི་ལྟ་སྐྱོང་བ་གཞན་པས་ཁྲིམས་ལྟར་སློབ་ལོ་རན་པའི་བྱིས་པ་དང་ལོ་ཆུང་གཞོན་ནུ་དུས་ལྟར་སློབ་གྲྭར་བསྐྱལ་ཏེ་འོས་འགན་སློབ་གསོ་ཡོངས་སུ་མྱང་དུ་འཇུག་དགོས་ཤིང་། ལུགས་མཐུན་གྱི་རྒྱུ་མཚན་མེད་པར་སློབ་ལོ་རན་པའི་བྱིས་པ་དང་ལོ་ཆུང་གཞོན་ནུ་སློབ་གྲྭར་འོས་འགན་སློབ་གསོ་མྱང་དུ་མ་བསྐྱལ་པའམ་སློབ་བསྐྱུར་བྱེད་དུ་བཅུག་པ་ལ། ས་གནས་དེ་གའི་ཤང་དང་གྲོང་རྡལ(སྲང་ལམ་དོན་གཅོད་ཁང)མི་དམངས་སྲིད་གཞུང་ངམ་རྫོང་རིམ་པའི་སློབ་གསོ་སྡེ་ཁག་གིས་སྐྱོན་བརྗོད་དང་སློབ་གསོ་གཏོང་བ་མ་ཟད། དུས་བཅད་ནང་ཡོ་བསྲང་བྱ་དགོས་པའི་འགན་དཀྲི་དགོས།  དུས་བཅད་ལས་བརྒལ་ཡང་ཡོ་བསྲང་མ་བྱས་པ་ལ། ཁྲིམས་འཛིན་སྡེ་ཁག་གིས་ཁྲིམས་ལྟར་འབྲེལ་ཡོད་ཀྱི་ཁྲིམས་འཛིན་ཡིག་ཆ་སྤྲད་ནས། དེར་སློབ་བསྐྱུར་སློབ་མས་གང་མགྱོགས་ཀྱིས་སློབ་རྒྱུན་སླར་སྐྱོང་བར་ཁག་ཐེག་བྱེད་པར་སྐུལ་ལྕག་གཏང་དགོས། གནས་ཚུལ་ཚབས་ཆེ་བའམ་ནག་ཉེས་སུ་གྲུབ་པར་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་རྩད་ཞིབ་བྱ་དགོས།

3.འོས་འགན་སློབ་གསོའི་སློབ་གྲྭར་ཞུགས་པར་མཉམ་འབྲེལ་གྱིས་ཚོད་འཛིན་དང་འགན་སྲུང་བྱ་བའི་རྐྱེན་སྲོལ་འཛུགས་དགོས། 

རིམ་པ་སོ་སོའི་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ལྷན་གྱི་སློབ་ར་དང་དེའི་མཐའ་འཁོར་གྱི་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཆེད་དོན་ཚན་སྐོར་དང་བཟོ་ཚོང(ཚོང་ར་དོ་དམ) ། སྤྱི་བདེ་སོགས་སྡེ་ཁག་གིས་རིག་གནས་ཚོང་རར་དོ་དམ་དང་སློབ་རའི་མཐའ་འཁོར་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་ཤུགས་བསྣན་ནས། སློབ་གྲྭའི་མཐའ་འཁོར་དུ་བྱིས་པ་དང་ལོ་ཆུང་གཞོན་ནུའི་ལུས་སེམས་བདེ་ཐང་ལ་གནོད་པའི་རོལ་རྩེད་བྱེད་སྒོ་སྤེལ་གནས་འཛུགས་གཉེར་བྱེད་པར་གཏན་འགོག་དང་། ལས་གཉེར་རང་བཞིན་གྱི་གླུ་གར་ཁང་དང་གློག་རྡུལ་རྩེད་འཇོ་ཁང་། དྲ་ཁང་སོགས་སུ་ནར་མ་སོན་པའི་ན་ཆུང་སློབ་མ་སྣེ་ལེན་བྱེད་པར་གཏན་འགོག་བྱ་དགོས།  ཁྲིམས་འཛིན་སྡེ་ཁག་གིས་སློབ་བསྐྱུར་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་གི་འབྲེལ་ཡོད་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་གཏོང་བ་དང་བཅའ་ཁྲིམས་ཐད་ནས་རོགས་སྐྱོར་བྱ་བ་ལེགས་པོར་བསྒྲུབ་དགོས། དམངས་སྲིད་སྡེ་ཁག་གིས་ཆ་རྐྱེན་དང་འཚམ་པའི་ཁྱིམ་ཚང་དཀའ་ངལ་ཅན་གྱི་སློབ་མ་སྤྱི་ཚོགས་ཀྱིས་རོགས་སྐྱོབ་བྱེད་པའི་སྲིད་ཇུས་ཀྱི་འགན་སྲུང་ཁྱབ་ཁོངས་སུ་འཇུག་དགོས། མི་བཀོལ་མཁན་སྡེ་ཚན་གྱིས་ལོ16མ་སོན་པའི་ན་ཆུང་ཁྲིམས་འགལ་གྱིས་བསྡུ་སྤྱོད་བྱ་མི་ཆོག མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་དང་བཟོ་ཚོང(ཚོང་ར་དོ་དམ)སྡེ་ཁག་གིས་ནར་མ་སོན་པའི་ན་ཆུང་ཁྲིམས་འགལ་གྱིས་བསྡུ་སྤྱོད་བྱེད་མཁན་སྡེ་ཚན་ནམ་མི་སྒེར་ལ་ཞིབ་གཅོད་བྱེད་ཤུགས་ཇེ་ཆེར་བཏང་ནས་གནས་ཚུལ་ཚབས་ཆེ་བ་ལ། བཟོ་ཚོང(ཚོང་ར་དོ་དམ)སྡེ་ཁག་གིས་འབྲེལ་ཡོད་སྡེ་ཚན་ནམ་མི་སྒེར་གྱི་ཚོང་གཉེར་ལག་ཁྱེར་རྩིས་མེད་དུ་གཏང་དགོས། ཆོས་ལུགས་ལས་དོན་སྡེ་ཁག་གིས་ཁྲིམས་ལྟར་ཆོས་ལུགས་བྱེད་སྒོ་སྤེལ་གནས་དང་ཆོས་ལུགས་ལས་བྱེད་མི་སྣར་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས།  བྱིས་མོ་ཚོར་སློབ་མཚམས་འཇོག་དགོས་ཚུལ་སྒྲོག་བཤད་དང་འོས་འགན་སློབ་གསོའི་སློབ་ལོ་རན་པའི་བྱིས་པ་དང་ལོ་ཆུང་གཞོན་ནུར་གཉེན་སྒྲིག་གི་ཆོས་ལུགས་ཆོ་ག་བསྒྲུབས་པའི་ཆོས་ལུགས་མི་སྣར་ཁྲིམས་ལྟར་ཆད་པ་གཅོད་དགོས། དགོན་པས་ལོ་དགུའི་འོས་འགན་སློབ་གསོའི་དུས་རིམ་གྱི་བྱིས་པ་དང་ལོ་ཆུང་གཞོན་ནུ་དག་ཆོས་ལུགས་མི་སྣར་བསྡུ་ལེན་བྱེད་པ་གཏན་འགོག་བྱ་དགོས་ལ། གནས་ཚུལ་དམིགས་བསལ་ཅན་གྱི་དབང་གིས་བསྡུ་ལེན་བྱ་དགོས་ཚེ་གཟབ་ནན་གྱིས་ཞིབ་མཆན་འགོད་དགོས། དགོན་པ་སོགས་ཆོས་ལུགས་རྩ་འཛུགས་རིགས་སྣ་ཚོགས་ཀྱིས་ལོ་དགུའི་འོས་འགན་སློབ་གསོའི་དུས་རིམ་གྱི་བྱིས་པ་དང་ལོ་ཆུང་གཞོན་ནུ་རྩ་འཛུགས་བྱས་ནས་སློབ་སྦྱོང་འཛིན་གྲྭ་སོགས་བཙུགས་ཏེ་ཆོས་ལུགས་ཀྱི་སློབ་གསོ་གཏོང་བར་གཏན་འགོག་བྱ་དགོས། སྤྱི་ཚོགས་རྩ་འཛུགས་དང་མི་སྒེར་གྱིས་སློབ་བསྐྱུར་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་བྱ་བའི་ཁྲོད་དུ་རང་རང་གི་བྱེད་ནུས་འདོན་སྤེལ་བྱས་ཏེ། སློབ་ལོ་རན་པའི་བྱིས་པ་དང་ལོ་ཆུང་གཞོན་ནུར་འོས་འགན་སློབ་གསོ་མྱོང་བའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས། ཐེར་འདོན་དང་ལྟ་སྐུལ་རྐྱེན་སྲོལ་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། 《འོས་འགན་སློབ་གསོའི་བཅའ་ཁྲིམས》དང་འགལ་ནས་སློབ་མར་སློབ་སྦྱོང་བསྐྱུར་དུ་བཅུག་པར། སྤྱི་ཚོགས་རྩ་འཛུགས་སམ་མི་སྒེར་ལ་འབྲེལ་ཡོད་རྒྱལ་ཁབ་ཀྱི་ལས་ཁུངས་ལ་ཉེས་སྐྱོན་ཐེར་འདོན་ནམ་ཞུ་གཏུག་བྱེད་པའི་དབང་ཆ་ཡོད།

གཉིས། སློབ་བསྐྱུར་ཚོད་འཛིན་གྱི་སྤུས་ཚད་ཇེ་མཐོར་བཏང་ནས། སློབ་སྦྱོང་ལ་དཀའ་ངལ་ཡོད་པའམ་སློབ་སྦྱོང་བྱེད་མ་འདོད་པའི་དབང་གིས་སློབ་སྦྱོང་བསྐྱུར་པར་སྔོན་འགོག་བྱ་དགོས།

4.རོང་འབྲོག་ཁུལ་གྱི་སློབ་གྲྭའི་སློབ་གསོའི་སྤུས་ཚད་ཇེ་མཐོར་གཏང་དགོས། 

འོས་འགན་སློབ་གསོའི་སློབ་གྲྭའི་དོ་དམ་ཚད་གཞི་དོན་འཁྱོལ་བྱས་ཏེ། རོང་འབྲོག་ཁུལ་གྱི་སློབ་གྲྭའི་དོ་དམ་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏང་དགོས་ལ། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་བསླབ་ཚན་ཡོངས་རྫོགས་ཆ་ཚང་བར་བཀོད་སྒྲིག་བྱེད་པ་དང་། སློབ་མས་སློབ་གྲྭ་རུ་སློབ་སྦྱོང་གི་དུས་ཚོད་དང་ལུས་རྩལ་སྦྱོང་བརྡར་གྱི་དུས་ཚོད། སློབ་གྲྭར་བྱ་འགུལ་ལ་ཞུགས་པའི་ནང་དོན། ཁྱིམ་གྱི་ལས་བྱ་སོགས་ལུགས་མཐུན་གྱིས་བཀོད་སྒྲིག་བྱ་དགོས་ཤིང་། སློབ་མའི་ལུས་རྩལ་སྦྱོང་བརྡར་གྱི་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཉིན་རེར་དུས་ཚོད་གཅིག་གི་སློབ་རའི་ལུས་རྩལ་བྱ་འགུལ་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱ་དགོས་ལ། གང་འདོད་ཀྱིས་བསླབ་ཚན་གྱི་དཀའ་ཚད་ཇེ་ཟབ་དང་སློབ་ཐུན་ཇེ་མང་དུ་གཏོང་བ། སློབ་ཁྲིད་ཇེ་མགྱོགས་སུ་གཏོང་བའམ་བསླབ་ཚན་སྔ་མོ་ནས་མཇུག་སྒྲིལ་བ་སོགས་བྱ་མི་ཆོག་པ་དང་། ལས་བྱ་ཕན་ཡོད་སྒོས་བཀོད་སྒྲིག་བྱེད་པ་དང་ལས་བྱའི་མང་ཉུང་ཚོད་འཛིན་ནན་མོ་བྱ་དགོས། གུང་གཞོན་ཚོགས་པ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་རྩ་འཛུགས་ནུས་པ་འདོན་སྤེལ་བྱས་ཏེ། རིག་རྩལ་བྱ་འགུལ་དང་སྤྱི་ཚོགས་ལག་ལེན་བྱ་འགུལ་ཧུར་ཐག་སྒོས་སྤེལ་ནས་སློབ་རའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས། སློབ་ཁྲིད་ཞིབ་འཇུག་སྡེ་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རོང་འབྲོག་ཁུལ་གྱི་སློབ་གྲྭའི་སློབ་གསོ་སློབ་ཁྲིད་བྱ་བར་ཞིབ་འཇུག་དང་མཛུབ་སྟོན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཞིབ་འཇུག་པ་གནས་སྡོད་སོགས་ཀྱི་རྣམ་པས་ཞིང་སྡེའི་སློབ་གྲྭའི་སློབ་ཁྲིད་སྤུས་ཚད་ཇེ་མཐོར་གཏོང་རོགས་བྱེད་པར་སྐུལ་བསྟོད་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭའི་བར་ཆ་བསྒྲིགས་ནས་རོགས་སྐྱོར་བྱེད་པར་སྐུལ་འདེད་དང་། སློབ་ཁུལ་གྱི་ཐུན་མོང་གིས་སློབ་ཁྲིད་ཞིབ་འཇུག་དང་སློབ་ཁྲིད་གྲ་སྒྲིག་བྱེད་པའི་ལམ་ལུགས་འཛུགས་དགོས། ཁྱད་ཆོས་དང་སྤུས་ཚད་གཉིས་ལྡན་གྱི་གྲོང་གསེབ་ཀྱི་གཞི་རྒྱ་ཆུང་བའི་སློབ་གྲྭ(སློབ་ཁྲིད་བྱེད་གནས་འདུས་ཡོད། གཤམ་དུ་འདི་དང་འདྲ)མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་པ་དང་། ལྟེ་གནས་སློབ་གྲྭ་དང་གྲོང་གསེབ་ཀྱི་གཞི་རྒྱ་ཆུང་བའི་སློབ་གྲྭའི་གཞི་གཅིག་ཅན་གྱི་སློབ་སྒྲུབ་ཀྱི་དཔྱད་འཇོག་ཚད་གཞི་དང་དཔྱད་ཞིབ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ལྟེ་གནས་སློབ་གྲྭས་སྡེ་བའི་སློབ་གྲྭ་དང་སློབ་ཁྲིད་བྱེད་གནས་ལ་མཛུབ་སྟོན་དོ་དམ་བྱེད་ཤུགས་ཇེ་ཆེར་གཏང་དགོས། གྲོང་གསེབ་ཀྱི་གཞི་རྒྱ་ཆུང་བའི་སློབ་གྲྭའི་འཛིན་གྲྭ་ཆུང་བ་ཅན་གྱི་སློབ་ཁྲིད་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཤིང་། བློ་སྒོ་འབྱེད་པའི་རྣམ་པ་དང་ཟབ་ཞུགས་ཀྱི་རྣམ་པའི་སློབ་ཁྲིད་ཧུར་ཐག་གིས་སྤེལ་བ་དང་། ཆ་འཕྲིན་ཅན་གྱི་བྱེད་ཐབས་བཀོལ་སྤྱོད་གང་ལེགས་བྱེད་པ་དང་། དྲ་ལམ་གྱི་སློབ་ཁང་སོགས་ཆ་འཕྲིན་ལག་རྩལ་བེད་སྤྱད་ནས། སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་དང་། འོས་འགན་སློབ་གསོའི་སྤུས་ཚད་དང་ཡིད་འགུག་ནུས་པ་ཇེ་མཐོ་ཇེ་ཆེར་བཏང་ནས། བྱིས་པ་ཚོ་ཆུང་དུས་ནས་སློབ་གྲྭར་འགྲོ་འདོད་པར་བྱ་དགོས། གྲོང་གསེབ་དགེ་རྒན་ལ་རྒྱབ་སྐྱོར་གྱི་འཆར་གཞི་དོན་འཁྱོལ་བྱས་ཏེ། གྲོང་གསེབ་དགེ་རྒན་གྱི་འཚོ་བར་རོགས་དངུལ་སྟེར་བའི་སྲིད་ཇུས་ལག་བསྟར་བཟང་པོ་བྱེད་ཅིང་། སློབ་གཙོ་དང་དགེ་རྒན་གྱི་ལས་གནས་བརྗེ་རེས་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། སྒྲིག་ཁོངས་ཀྱི་དགེ་རྒན་ཐོན་ཁུངས་གཅིག་གྱུར་འཆར་འགོད་ཀྱིས་བཀོད་སྒྲིག་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་བར་གྱི་དགེ་རྒན་བརྗེ་རེས་བྱེད་པར་སྐུལ་འདེད་བྱས་ཏེ། འཆར་གཞི་ལྡན་པའི་སྒོ་ནས་ཟི་ལིང་དང་མཚོ་ཤར་སོགས་ས་ཁུལ་གྱི་དགེ་རྒན་ཕུལ་བྱུང་ཅན་བདམས་ནས་མཚོ་སྔོན་ལྷོ་རྒྱུད་ཀྱི་མཐའ་འཁོབ་ས་ཁུལ་དུ་སློབ་གསོར་རོགས་སྐྱོར་བྱེད་པར་མངག་དགོས། གྲོང་གསེབ་ཀྱི་དགེ་རྒན་གསོ་སྦྱོང་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་རྒྱལ་ཁབ་རིམ་པའི་གསོ་སྦྱོང་འཆར་གཞི་དང་ཞིང་ཆེན་རིམ་པའི་གསོ་སྦྱོང་འཆར་གཞི་དེས་ཐོག་མར་དཀའ་སྡུག་ཆེ་བའི་རྒྱང་རིང་མཐའ་འཁོབ་ས་ཁུལ་གྱི་གྲོང་གསེབ་དགེ་རྒན་གསོ་སྦྱོང་ལ་རྒྱབ་སྐྱོར་བྱ་དགོས། མི་རིགས་ས་ཁུལ་དུ་ཚན་རིག་དང་མཐུན་ཞིང་བརྟན་བརླིང་གི་སྒོ་ནས་སྐད་གཉིས་སློབ་གསོར་སྐུལ་འདེད་གཏང་དགོས་ལ། སྐད་གཉིས་སློབ་གསོར་ལྟ་སྐུལ་དཔྱད་དཔོག་དང་སྤུས་ཚད་ཞིབ་བཤེར་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། མི་རིགས་ས་ཁུལ་གྱི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏང་དགོས།  ནོར་སྲིད་ཀྱིས་སློབ་གསོའི་ཐད་གཏོང་བའི་འགྲོ་སྒོ་གཅིག་གྱུར་ཀྱིས་འཆར་འགོད་དང་། དམིགས་བསལ་སློབ་གསོར་གཟིགས་སྐྱོང་སྒོས་རྒྱབ་སྐྱོར་བྱས་ཏེ། དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་ཁྱོན་ཡོངས་ནས་ཇེ་ལེགས་སུ་གཏོང་བ་དང་ཆེད་ལས་དགེ་རྒན་བཀོད་སྒྲིག་བྱེད་པ་མ་ཟད། དམིགས་བསལ་སློབ་གསོའི་ཐོན་ཁུངས་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། སློབ་གྲྭ་དཀྱུས་མའི་འཛིན་གྲྭར་ཞུགས་ནས་སློབ་སྦྱོང་གི་སྤུས་ཚད་ཇེ་མཐོར་གཏང་དགོས། སློབ་གྲྭར་སློབ་སྦྱོང་དུ་འགྲོ་མི་ཐུབ་པའི་དབང་བོར་སྐྱོན་ཚབས་ཆེན་བཟོས་པའི་བྱིས་པར་ཁྱིམ་ལ་སློབ་ཁྲིད་དུ་འགྲོ་བའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། དབང་བོ་སྐྱོན་ཅན་གྱི་བྱིས་པ་དང་ལོ་ཆུང་གཞོན་ནུ་རེར་འཚམ་པའི་སློབ་གསོ་འདོན་སྤྲོད་བྱ་དགོས།

5.ཡུལ་བབ་དང་བསྟུན་ནས་རོང་འབྲོག་ཁུལ་གྱི་དམའ་འབྲིང་དཀྱུས་མའི་ལས་རིགས་སློབ་གསོའི་མཉམ་འདྲེས་ལ་སྐུལ་འདེད་གཏང་དགོས།

 ས་གནས་སོ་སོས་ས་ཁོངས་ནང་ཁུལ་གྱི་སློབ་གསོ་དང་རོང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་དུ་སྦྲེལ་ཏེ། དཀྱུས་མའི་སློབ་གསོ་དང་ལས་རིགས་སློབ་གསོར་གཅིག་གྱུར་གྱིས་འཆར་འགོད་བྱ་བར་ཤུགས་བསྣན་པ་དང་། དམའ་འབྲིང་དཀྱུས་མ་རུ་ལས་རིགས་ལག་རྩལ་གྱི་བསླབ་ཚན་བཀོད་སྒྲིག་དང་དམའ་འབྲིང་དཀྱུས་མའི་སློབ་མ་རྩ་འཛུགས་བྱས་ཏེ་ས་གནས་དེ་གའི་འབྲིང་རིམ་ལས་རིགས་སློབ་གྲྭ་རུ(ལག་རྩལ་བཟོ་པའི་སློབ་གྲྭ་འདུ)ལས་རིགས་སློབ་གསོའི་ཆེད་ལས་བསླབ་ཚན་འདེམས་སྦྱོང་བྱེད་པ་སོགས་བྱེད་ཐབས་སྣ་མང་བརྒྱུད་དེ། རོང་འབྲོག་ཁུལ་གྱི་དམའ་འབྲིང་དཀྱུས་མའི་ལས་རིགས་སློབ་གསོ་མཉམ་འདྲེས་ལ་ཧུར་ཐག་སྒོས་སྐུལ་འདེད་བཏང་ནས། དམའ་འབྲིང་སློབ་མས་འོས་འགན་སློབ་གསོ་ཡོངས་སུ་མྱང་བར་ཁག་ཐེག་བྱེད་པ་དང་། འབྲིང་རིམ་ལས་རིགས་སློབ་གྲྭས་སློབ་མ་བསྡུ་བར་རྨང་གཞི་འདིང་བ་དང་། འཇོན་མིར་འགྱུར་བའི་ཐབས་ལམ་སྣ་མང་འདོན་སྤྲོད་བྱས་ནས། ཁོ་ཚོར་སློབ་འཕར་ལ་རྨང་གཞི་ཡོད་པ་དང་ལས་ཞུགས་ལ་ནུས་པ་ཡོད་པར་བྱེད་པ་དང་། དམིགས་གཏད་རང་བཞིན་གྱིས་དམའ་འབྲིང་སློབ་མས་སློབ་སྦྱོང་བསྐྱུར་བར་སྔོན་འགོག་བྱ་དགོས། ཡུལ་བབ་དང་བསྟུན་ནས་ཞིང་སྡེའི་དམའ་འབྲིང་དཀྱུས་མ་རུ་ཆེད་གཉེར་དང་ཞོར་གཉེར་གྱི་ལས་རིགས་ལག་རྩལ་དགེ་རྒན་གང་མང་བཀོད་སྒྲིག་བྱེད་པར་སྐུལ་མ་གཏང་དགོས།

6. སློབ་སྦྱོང་ལ་དཀའ་ངལ་ཡོད་པའི་སློབ་མར་རོགས་སྐྱོར་གྱི་ལམ་ལུགས་འཐུས་ཚང་བར་འཛུགས་དགོས། 

ས་གནས་སོ་སོའི་སློབ་གྲྭ་སོ་སོས་སློབ་སྦྱོང་ལ་དཀའ་ངལ་ཡོད་པའི་སློབ་མར་རོགས་སྐྱོར་བྱ་རྒྱུ་དེ་སློབ་བསྐྱུར་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་གི་ལས་འགན་གཙོ་བོར་བཟུང་སྟེ། སློབ་སྦྱོང་ལ་རོགས་སྐྱོར་ལམ་ལུགས་འཐུས་ཚང་དུ་འཛུགས་པ་དང་། སློབ་སྦྱོང་ལ་དཀའ་ངལ་ཡོད་པའམ་སློབ་སྦྱོང་བྱེད་མ་འདོད་པའི་དབང་གིས་སློབ་བསྐྱུར་བྱེད་པའི་སྣང་ཚུལ་ཤུགས་ཆེན་པོས་མེད་པར་གཏང་དགོས། སྣོད་བསྟུན་སློབ་ཁྲིད་ཀྱི་རྩ་དོན་གཞིར་བཟུང་སྟེ། སློབ་སྦྱོང་ལ་དཀའ་ངལ་ཡོད་པའི་སློབ་མའི་སློབ་སྦྱོང་གི་ནུས་པ་དང་སློབ་སྦྱོང་བྱེད་ཐབས། ཁྱིམ་ཚང་གི་གནས་ཚུལ། བསམ་བློ་དང་སེམས་ཁམས་བཅས་ཀྱི་གནས་ཚུལ་ལ་ཁ་གཏད་དེ། རོགས་སྐྱོར་བྱེད་ཤུགས་དངོས་གནས་ཇེ་ཆེར་བཏང་ནས་ཁོ་ཚོའི་སློབ་སྦྱོང་གི་སྤྲོ་སྣང་ཇེ་ཆེ་དང་སློབ་སྦྱོང་བྱེད་ཐབས་ཇེ་ལེགས་སུ་གཏོང་དུ་འཇུག་པ་དང་། སློབ་སྦྱོང་གི་གོམས་གཤིས་ལེགས་པོར་ཆགས་སུ་བཅུག་ཐོག སློབ་སྦྱོང་གི་ནུས་པ་དང་སློབ་སྦྱོང་གི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་བཏང་སྟེ་སློབ་སྦྱོང་གི་རང་བློ་རང་འཁེལ་གྱི་བསམ་པ་དང་ཕན་ཡོད་རང་བཞིན། ཐོབ་སྣང་བཅས་དངོས་གནས་ཇེ་དྲག་ཏུ་གཏང་དགོས། རྒྱུགས་བླངས་ནས་སློབ་མ་བསྡུ་བའི་ལམ་ལུགས་བཅོས་སྒྱུར་བྱ་བར་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། སློབ་མའི་ཡར་རྒྱས་རང་བཞིན་ལ་དཔྱད་འཇོག་དང་སྣ་མང་པོར་དཔྱད་འཇོག་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། སློབ་མ་ཕྱོགས་ཡོངས་ནས་ཡར་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས་ཤིང་། སློབ་སྦྱོང་ལ་དཀའ་ངལ་ཡོད་པའི་སློབ་མའི་ཡར་རྒྱས་རང་བཞིན་ལ་དཔྱད་འཇོག་བྱ་བ་དེ་སློབ་གྲྭའི་སློབ་གསོ་བྱ་བ་དང་དགེ་རྒན་གྱི་སློབ་གསོ་སློབ་ཁྲིད་བྱ་བའི་གྲུབ་འབྲས་ལ་དཔྱད་དཔོག་གི་ནང་དོན་གལ་ཆེན་ཏུ་འཛིན་དགོས།

གསུམ། དབུལ་སྐྱོར་གྱིས་སློབ་བསྐྱུར་ཚོད་འཛིན་བྱ་བ་དོན་འཁྱོལ་བྱས་ཏེ། དབུལ་ཕོངས་ཀྱི་དབང་གིས་སློབ་ཤོར་སློབ་བསྐྱུར་འབྱུང་བར་སྔོན་འགོག་བྱ་དགོས།

7. སློབ་གསོའི་དབུལ་སྐྱོར་བྱ་ཡུལ་གནད་འཁེལ་གྱིས་གཏན་འཁེལ་བྱ་དགོས། 

ས་གནས་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སློབ་བསྐྱུར་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་གི་བྱ་བ་དེ་དབུལ་སྒྲོལ་འགག་གཏོར་བྱེད་སྐབས་ཅིས་ཀྱང་བསྒྲུབ་དགོས་པའི་ལས་འགན་དུ་བརྩིས་ནས་བྱ་བའི་འགན་འཁྲི་ནན་དཀྲི་བྱ་དགོས། དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མི་གྲངས་ལ་དམིགས་ཏེ། ཡིག་ཚགས་དང་ཐོ་བྱང་བཟོས་པ་སོགས་དཔལ་འབྱོར་ཐད་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ(ཡིག་ཚགས་དང་ཐོ་བྱང་བཟོས་མེད་པའི་དཔལ་འབྱོར་ཐད་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་དབང་བོ་སྐྱོན་ཅན་གྱི་སློབ་མ་དང་ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་ཁྱིམ་ཚང་གི་སློབ་མ། རོང་འབྲོག་ཁུལ་གྱི་དམིགས་བསལ་ཅན་གྱི་རོགས་སྐྱོར་གསོ་སྐྱོང་བྱ་ཡུལ་སློབ་མ་དབུལ་བོ་བཅས་འདུ། གཤམ་དུ་འདི་དང་འདྲ)དབུལ་སྒྲོལ་འགག་གཏོར་བྱ་ཡུལ་གཙོ་བོར་འཛིན་པ་དང་། ཁྱད་པར་དུ་དབང་བོ་སྐྱོན་ཅན་གྱི་བྱིས་པ་དང་དབང་བོ་སྐྱོན་ཅན་གྱི་བུ་དང་བུ་མོ། ཁྲིམས་ཆད་འཁུར་མཁན་གྱི་ནར་མ་སོན་པའི་བུ་དང་བུ་མོ། མཉམ་དུ་གནས་སྤོས་པའི་བུ་དང་བུ་མོ། གཞིས་སྡོད་བྱིས་པ་བཅས་གལ་ཆེན་ནང་གི་འགངས་ཆེན་དུ་བཟུང་སྟེ། དམིགས་བསལ་གྱིས་སྔོན་ལ་རོགས་སྐྱོར་དང་གནད་ཁེལ་དབུར་སྐྱོར་བྱེད་པ་རྒྱུན་འཁྱོངས་བྱས་ནས། དབུལ་སྐྱོར་གྱི་གྲུབ་འབྲས་དངོས་སུ་ཇེ་མཐོར་གཏོང་བ་དང་། 2020ལོར་བསླེབས་དུས“སློབ་གསོ་གོང་འཕེལ་དུ་བཏང་སྟེ་ཁག་ཅིག་དབུལ་ཕོངས་ལས་བསྒྲལ་པའི”ལས་འགན་ཁྱོན་ཡོངས་ནས་འགྲུབ་པར་བྱས་ཏེ། མི་རབས་བར་དུ་དབུལ་ཕོངས་རྒྱུད་པར་བཀག་འགོག་བྱ་དགོས། ས་གནས་སོ་སོའི་སློབ་གསོ་སྡེ་ཁག་གིས་ནོར་སྲིད་དང་དབུལ་སྐྱོར། དམངས་སྲིད་སོགས་སྡེ་ཁག་དང་སློབ་གསོའི་རོགས་སྐྱོར་བཀོད་སྒྲིག་སྡེ་ཁག དབང་བོ་སྐྱོན་ཅན་མཉམ་འབྲེལ་རྩ་འཛུགས་བཅས་དང་མཉམ་དུ་བརྟག་སེལ་ལ་ཤུགས་སྣོན་དང་གནས་ཚུལ་རྒྱུས་ལོན་གསལ་བོར་བྱས་ཏེ། དཔལ་འབྱོར་ཐད་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མར་དམིགས་ནས “ཁྱིམ་རེར་ཡིག་ཚགས་རེ་དང་། སློབ་མ་རེར་ཡིག་ཚགས་རེ”ལྟར་དབུལ་སྐྱོར་འཆར་གཞི་བཟོས་ཏེ། དབུལ་སྐྱོར་དང་དམངས་ཕན་སྲིད་ཇུས་སྣ་ཚོགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། ཁྱིམ་ཚང་གི་དཔལ་འབྱོར་ཐད་ལ་དཀའ་ངལ་ཡོད་པའི་དབང་གིས་བྱིས་པ་སློབ་ཤོར་སློབ་བསྐྱུར་མི་བྱེད་པ་ཁག་ཐེག་བྱ་དགོས། ལོ་རེའི་སློབ་མགོ་ཚུགས་པའི་དུས་སུ། རྫོང་རིམ་པའི་སྲིད་གཞུང་གིས་སློབ་གསོ་སྡེ་ཁག་དང་དབུལ་སྐྱོར་སྡེ་ཁག ཤང་དང་གྲོང་རྡལ་སྲིད་གཞུང(སྲང་ལམ་དོན་གཅོད་ཁང)བཅས་རྩ་འཛུགས་བྱས་ཏེ་གྲོང་གསེབ་ཀྱི་ལས་གནས་དང་པོ་རུ་སོང་སྟེ། སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་པའི་གནས་ཚུལ་ལ་ཡུལ་དངོས་ནས་བརྟག་དཔྱད་དང་གཞི་གྲངས་དཔྱད་བཤེར་སྦྲེལ་མཐུད་བྱས་ནས། ཡིག་ཚགས་དང་ཐོ་བྱང་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་བུ་དང་བུ་མོ་གཅིག་ཀྱང་མ་ལུས་པར་སློབ་གྲྭར་འགྲོ་བ་ཁག་ཐེག་བྱ་དགོས།

8. སློབ་གསོའི་དབུལ་སྐྱོར་དང་རྒྱུ་དངོས་ཀྱིས་རོགས་རམ་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས། 

ས་གནས་སོ་སོས་འོས་འགན་སློབ་གསོའི་དབུལ་སྐྱོར་སློབ་རོགས་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། འོས་འགན་སློབ་གསོའི“གཉིས་འདོར་གཅིག་གསབ”དང་རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་གཞི་དང་། ཁྱིམ་ཚང་དབུལ་བོའི་བུ་བུ་མོས་ལོ15ཡི་རིང་ལ་རིན་མེད་སློབ་གསོ་མྱོང་བ་སོགས་དམངས་ཕན་སྲིད་ཇུས་ནན་ཏན་སྒོས་དོན་འཁྱོལ་བྱ་དགོས། དབང་བོ་སྐྱོན་ཅན་གྱི་སློབ་མ་སློབ་གྲྭར་ཞུགས་པར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ་རོགས་སྐྱོར་སྲིད་ཇུས་དང་འཚམ་པའི་དབང་བོ་སྐྱོན་ཅན་གྱི་སློབ་མ་དང་དབང་བོ་སྐྱོན་ཅན་གྱི་བུ་དང་བུ་མོར་དམིགས་བསལ་གྱིས་སྔོན་ལ་རོགས་སྐྱོར་བྱེད་པ་དང་། དབང་བོ་སྐྱོན་ཅན་གྱི་སློབ་མའི་དམིགས་བསལ་གྱི་སློབ་སྦྱོང་ཡོ་བྱད་དང་སློབ་གསོ་སྦྱོང་བརྡར། འགྲིམ་འགྲུལ་གྲོན་དངུལ་སོགས་ཀྱི་རོགས་དངུལ་སྟེར་བའི་སྲིད་ཇུས་འཐུས་ཚང་དུ་འཛུགས་དགོས། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མར་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། གཞུང་གཉེར་མཐོ་འབྲིང་དཀྱུས་མ་སློབ་གྲྭར་ཞུགས་པའི་ཡིག་ཚགས་དང་ཐོ་བྱང་བཟོས་པའི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མའི་སློབ་ཡོན་རྩག་རྩིག་མེད་པར་གཏོང་བ་དང་། མཐོ་རིམ་སློབ་གྲྭས་རོང་འབྲོག་ཁུལ་དང་དབུལ་ཕོངས་ས་ཁུལ་དུ་ཕྱོགས་ངེས་སློབ་བསྡུའི་ཆེད་དོན་འཆར་གཞི་མུ་མཐུད་དུ་ལག་བསྟར་བྱས་ཐོག དབུལ་སྐྱོར་དང་བོད་ཁུལ། སྐྱེ་ཁམས་སྲུང་སྐྱོང་བཅས་ཆེད་དམིགས་སློབ་མ་བསྡུ་བའི་འཆར་གཞི་འཚོལ་ཞིབ་བྱས་ནས་འཛུགས་པ་དང་། སློབ་རིམ་སྤར་བའི་ལྗང་མདོག་ཐབས་ལམ་ཡངས་པོར་ཕྱེས་ཏེ། དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོའི་སློབ་མའི་སློབ་འཕར་གྱི་ཡིད་ཆེས་ཇེ་ཆེར་གཏང་དགོས།

བཞི། སློབ་བསྐྱུར་ཚོད་འཛིན་འགན་སྲུང་བྱེད་ཤུགས་ཇེ་ཆེར་བཏང་ནས། སློབ་གྲྭར་ལམ་ཐག་རིང་ཞིང་འགྲོ་དཀའ་བའི་དབང་གིས་སློབ་སྦྱོང་བསྐྱུར་བ་གཏན་འགོག་བྱ་དགོས།

9. གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་གྲྭ་ཁྱབ་ཚུལ་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས། 

རྫོང་གཙོ་བྱས་ནས་འོས་འགན་སློབ་གསོའི་སློབ་གྲྭའི་ཁྱབ་ཚུལ་འཆར་འགོད་དང་ལེགས་སྒྲིག་བྱེད་པ་དང་། ས་ཁོངས་ནང་གི་སློབ་གསོ་གོང་དུ་སྤེལ་བར་འཆར་འགོད་བྱེད་ཤུགས་ཇེ་དྲག་ཏུ་བཏང་ཐོག མཁར་གྲོང་འཛུགས་སྐྲུན་འཆར་འགོད་དང་མཁར་རྙིང་ཁུལ་སྒྱུར་བཀོད་གཞིར་བཟུང་ཞིང་། མི་གྲངས་དང་ས་ཁམས། འགྲིམ་འགྲུལ་སོགས་དངོས་ཡོད་གནས་ཚུལ་དང་ཟུང་དུ་སྦྲེལ་ཏེ། ཁྱིམ་ཐོའི་ལམ་ལུགས་བཅོས་སྒྱུར་དང་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ལེགས་སྒྲིག མི་གྲངས་དང་སློབ་མའི་བྱེས་རྒྱུག་སོགས་རྒྱུ་རྐྱེན་ལ་བསམ་གཞིགས་གང་ལེགས་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་གྲྭའི་ཁྱབ་ཚུལ་ལུགས་མཐུན་སྒོས་འཆར་འགོད་བྱ་དགོས། རོང་འབྲོག་ཁུལ་གྱི་སློབ་གྲྭ་འཛུགས་སྐྲུན་འཆར་འགོད་གཙིགས་སུ་འཛིན་པ་དང་། དགོས་ངེས་ཀྱི་སློབ་ཁྲིད་བྱེད་གནས་སོར་འཇོག་བྱས་ཁར་ལེགས་པོར་བསྒྲུབས་ནས། སློབ་མ་ཐག་ཉེ་ས་ནས་སློབ་གྲྭར་འགྲོ་བའི་དགོས་མཁོ་བསྐང་རྒྱུ་དངོས་གནས་འགན་སྲུང་བྱ་དགོས། རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་འགན་སྲུང་རྐྱེན་སྲོལ་དང་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། གཞིས་སྡོད་བྱིས་པའི་ཞག་སྡོད་དགོས་མཁོ་དམིགས་བསལ་གྱིས་སྔོན་ལ་བསྐང་དགོས།

སློབ་མའི་ལོ་ཚད་ཁྱད་ཆོས་དང་ས་གནས་སོ་སོའི་དངོས་ཡོད་གཞིར་བཟུང་སྟེ། ཐག་ཉེ་ས་ནས་སློབ་གྲྭར་འགྲོ་བ་གཙོ་བོ་དང་ལུགས་མཐུན་སྒོས་ཕྱོགས་བསྡུས་བཅའ་སྡོད་ཀྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། བོད་ཁུལ་གྱི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་གྲུབ་འབྲས་སྲ་བརྟན་དང་ཤར་ཁུལ་ཞིང་ལས་ཁུལ་གྱི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་གཞི་རྒྱ་ཤུགས་ཆེན་པོས་ཆེ་རུ་གཏང་དགོས། སློབ་མའི་ལོ་ཚད་ཀྱི་ཁྱད་ཆོས་དང་ས་གནས་སོ་སོའི་དངོས་ཡོད་གནས་ཚུལ་གཞིར་བཟུང་སྟེ། ཐག་ཉེ་ས་ནས་སློབ་གྲྭར་འགྲོ་བ་རྒྱུན་འཁྱོངས་བྱེད་པ་གཙོ་བོ་དང་ལུགས་མཐུན་སྒོས་གཅིག་བསྡུས་བཅའ་སྡོད་བྱེད་པའི་འབྲེལ་བ་དངོས་གནས་ཐག་གཅོད་ལེགས་པོ་བྱ་དགོས། བོད་ཁུལ་གྱི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་གྲུབ་འབྲས་བརྟན་སྲུང་དང་། ཤར་རྒྱུད་ཞིང་ལས་ས་ཁུལ་གྱི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་གཞི་ཁྱོན་ཤུགས་ཡོད་རྒུས་རྒྱ་བསྐྱེད་དགོས། སློབ་གྲྭ་གཏོར་བ་དང་ཟླ་སྒྲིལ་བྱེད་པའི་འགྲོ་ལུགས་གཟབ་ནན་གྱིས་ཚད་ལྡན་དུ་བཏང་ཐོག མང་ཚོགས་ཀྱི་བསམ་འཆར་ལ་ལེགས་པར་ཉན་ནས། སློབ་གྲྭའི་ཁྱབ་ཚུལ་ལུགས་མཐུན་མིན་པ་དང་སློབ་མ་སློབ་གྲྭར་འགྲོ་འོང་གི་འགྲིམ་འགྲུལ་སྟབས་མི་བདེ་བའི་དབང་གིས་སློབ་ཤོར་དང་སློབ་བསྐྱུར་གྱི་གནས་ཚུལ་འབྱུང་བར་སྔོན་འགོག་བྱ་དགོས། ཡུལ་བབ་དང་བསྟུན་ནས་བཅའ་སྡོད་ཀྱི་ཉལ་ཁྲི་ཇེ་མང་ དང་སྤྱི་སྤྱོད་འགྲིམ་འགྲུལ་གྱི་ལམ་ཐིག་དང་ས་ཚིགས་ཇེ་མང་དུ་གཏོང་བ་དང་།  སློབ་གྲྭའི་རླངས་འཁོར་གྱིས་ཞབས་ཕྱི་འདོན་སྤྲོད་བྱེད་པ་སོགས་ཐབས་སྣ་མང་སྤྱད་ནས་རོང་འབྲོག་ཁུལ་གྱི་སློབ་མ་སློབ་གྲྭར་ལམ་ཐག་རིང་བ་དང་བཅའ་སྡོད་སློབ་མ་ཁྱིམ་དང་སློབ་གྲྭའི་བར་འགྲོ་འོང་གི་འགྲིམ་འགྲུལ་གནད་དོན་འོས་མཐུན་གྱིས་ཐག་གཅོད་བྱ་དགོས། མཁར་གྲོང་དུ་སློབ་གྲྭ་གསར་འཛུགས་དང་སྒྱུར་སྐྲུན་རྒྱས་སྐྲུན་བྱས་པ་བརྒྱུད་དེ། མཁར་གྲོང་དུ་སློབ་གྲྭ་ཆགས་གནས་འདོན་སྤྲོད་བྱེད་ཚད་སྒྲིག་ཡོད་སྒོས་རྒྱ་བསྐྱེད་དགོས་ཤིང་། སྡོད་དཔང་གཞིར་འཛིན་ས་གཙོ་བོ་ཡིན་པའི་མཉམ་དུ་གནས་སྤོས་པའི་བུ་བུ་མོ་སློབ་གྲྭར་ཞུགས་པའི་སྲིད་ཇུས་ཁྱོན་ཡོངས་ནས་བཙུགས་ཏེ། མཉམ་དུ་གནས་སྤོས་པའི་བུ་བུ་མོར་འདྲ་མཉམ་གྱིས་འོས་འགན་སློབ་གསོ་མྱོང་བའི་ཆ་རྐྱེན་འདོན་སྤྲོད་བྱ་དགོས།

10.  གྲོང་གསེབ་ཀྱི་སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་ལེགས་སྒྱུར་བྱ་དགོས། 

ས་གནས་སྲིད་གཞུང་གི་འགན་འཁྲི་ཤུགས་དྲག་ཏུ་གཏོང་བ་དང་། ནོར་སྲིད་ཀྱི་འགྲོ་སྒོའི་སྒྲིག་གཞི་ལེགས་སྒྱུར་བྱས་ཏེ། འོས་འགན་སློབ་གསོ་དམིགས་བསལ་གྱིས་སྔོན་ལ་གོང་དུ་སྤེལ་དགོས། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་སློབ་གསོའི་འགྲོ་སྒོའི་སྒྲིག་གཞི་སྙོམ་སྒྲིག་དང་ལེགས་སྒྱུར་བྱེད་པ་དང་། ཀྲུང་དབྱང་གི་མ་དངུལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། གཟིགས་སྐྱོང་དང་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས་འོས་འགན་སློབ་གསོར་གཙོ་ཆེར་བཟུང་ནས་འགན་སྲུང་བྱ་དགོས། ས་གནས་སོ་སོས་གྲོང་ཁྱེར(ཁུལ)རིམ་པའི་གཅིག་གྱུར་འཆར་འགོད་ལ་ཤུགས་བསྣན་པ་དང་། རྫོང་རིམ་པའི་བྱེད་པོའི་འགན་འཁྲི་དངོས་འབེབ་བྱས་ནས། ཤང་དང་གྲོང་རྡལ་གྱི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་དང་གྲོང་གསེབ་ཀྱི་གཞི་རྒྱ་ཆུང་བའི་སློབ་གྲྭའི་སློབ་སྒྲུབ་ཚད་གཞི་འཐུས་ཚང་དུ་གཏོང་བ་དང་། ཆ་འགྲིག་གི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས་སློབ་གྲྭ་ཚད་ལྡན་ཅན་དུ་འཛུགས་པར་ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་གཏང་དགོས།  གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་དང་རོང་འབྲོག་ཁུལ་གཙོ་གནད་ཡིན་པའི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་རྐྱེན་སྲོལ་དོན་འཁྱོལ་བྱས་ཏེ། བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་དང་གཞི་རྒྱ་ཆུང་བའི་སློབ་གྲྭ བྱང་ཕྱོགས་དྲོད་ལེན་ས་ཁུལ་གྱི་སློབ་གྲྭར་སྤྱི་སྤྱོད་གྲོན་དངུལ་གྱི་རོགས་སྐྱོར་ཁ་གསབ་སྟེར་པའི་ཆུ་ཚད་འོས་འཚམ་སྒོས་ཇེ་མཐོར་བཏང་སྟེ་སློབ་གྲྭ་རྒྱུན་ལྡན་ངང་འཁོར་སྐྱོད་བྱ་བར་འགན་སྲུང་བྱ་དགོས། སློབ་མའི་གཞི་རྒྱ་མི་གྲངས100མི་ལོངས་པའི་སྡེ་བའི་སློབ་ཆུང་དང་སློབ་ཁྲིད་བྱེད་གནས་ལ་མི100ལྟར་སྤྱི་སྤྱོད་གྲོན་དངུལ་ཞིབ་བཤེར་གཏན་འབེབས་བྱེད་པའི་སྲིད་ཇུས་གཟབ་ནན་གྱིས་དོན་འཁྱོལ་བྱས་ཏེ། གྲོན་དངུལ་དེ་སློབ་གྲྭ(སློབ་ཁྲིད་བྱེད་གནས)ལ་དོན་འཁྱོལ་འབྱུང་བར་ཁག་ཐེག་བྱ་དགོས། སློབ་གསོའི་བཤེར་རྩིས་དང་འགན་འཁྲི་འདྲི་རྩད་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། སྡེ་བའི་སློབ་ཆུང་དང་སློབ་ཁྲིད་བྱེད་གནས་ཀྱི་སྤྱི་སྤྱོད་གྲོན་དངུལ་གཞན་སྤྱོད་དང་བཙན་སྤྱོད་བྱས་པའི་སྡེ་ཚན་དང་མི་སྒེར་ལ་འདྲི་རྩད་ནན་མོ་བྱ་དགོས། “ཤར་གཏོང་གསུམ་དང་སྟེགས་བུ་གཉིས”(“ཐགས་ཡངས་དྲ་རྒྱ་སློབ་གྲྭ་སོ་སོར་ཤར་གཏོང་དང་། སྤུས་ལེགས་ཐོན་ཁུངས་འཛིན་གྲྭ་སོ་སོར་ཤར་གཏོང་། དྲ་རྒྱའི་སློབ་སྦྱོང་གི་བར་སྟོང་མི་རེ་རེར་ཤར་གཏོང” བྱེད་པ་དང་། སློབ་གསོའི་ཐོན་ཁུངས་ཀྱི་སྤྱི་པའི་ཞབས་ཕྱིའི་སྟེགས་བུ་དང་སློབ་གསོའི་དོ་དམ་གྱི་སྤྱི་པའི་ཞབས་ཕྱིའི་སྟེགས་བུ)མྱུར་བར་འཛུགས་སྐྲུན་དང་བཀོལ་སྤྱོད་བྱས་ནས། ཞིང་ཆེན་རིམ་པའི་སློབ་གསོའི་ཆ་འཕྲིན་ལས་སྟེགས་ཀྱི་ཞབས་ཕྱིའི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། རོང་འབྲོག་ཁུལ་གྱི་སློབ་གྲྭས་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏང་དགོས།

11.  སློབ་བསྐྱུར་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་གྱི་རྐྱེན་སྲོལ་འཛུགས་དགོས། 

ས་གནས་སོ་སོའི་སློབ་གྲྭ་སོ་སོས་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་སློབ་ཁོངས་ཆ་འཕྲིན་དོ་དམ་མ་ལག(གཤམ་དུ་བསྡུས་ནས་སློབ་ཁོངས་མ་ལག་ཟེར་རྒྱུ)བེད་སྤྱད་དེ་སློབ་བསྐྱུར་སློབ་མར་རྟགས་འགོད་ཐོ་འགོད་བྱ་བ་ལེགས་པོར་བསྒྲུབ་པ་དང་། སློབ་མ་དང་སློབ་ཁོངས་སོ་སོར་གནས་པ་ལ་རེ་རེ་བཞིན་དུ་ཞིབ་དཔྱད་བྱས་ནས།  སློབ་ཁོངས་མ་ལག་གི་ཆ་འཕྲིན་དང་དོན་དངོས་གཅིག་མཐུན་ཡོང་བར་ཁག་ཐེག་བྱ་དགོས། རིམ་པ་སོ་སོའི་སྲིད་གཞུང་དང་སློབ་གསོ་སྡེ་ཁག སློབ་གྲྭ་བཅས་ཀྱིས་སློབ་མའི་སློབ་བསྐྱུར་སློབ་ཤོར་གྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་བསྣན་ནས། རོང་འབྲོག་དང་མཐའ་འཁོབ། དབུལ་ཕོངས། མི་རིགས་བཅས་ཀྱི་ས་ཁུལ་དང་བྱེས་རྒྱུག་མི་གྲངས་ལྟོས་བཅས་ཀྱིས་གཅིག་བསྡུས་ཡིན་པའི་ས་ཁུལ་སོགས་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་ས་ཁུལ་གཙོ་བོར་འཛིན་པ་དང་། སློབ་ཆུང་མཐར་ཕྱིན་གྱི་ལོ་རིམ་དང་དམའ་འབྲིང་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་སློབ་རིམ་གཙོ་བོར་འཛིན་པ། བྱེས་རྒྱུག་དང་གཞིས་སྡོད། དབང་བོ་སྐྱོན་ཅན། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་བཅས་ཀྱི་སློབ་ལོ་རན་པའི་བྱིས་པ་དང་ལོ་ཆུང་གཞོན་ནུ་དང་ཁྲིམས་ཆད་འཁུར་མཁན་གྱི་ནར་མ་སོན་པའི་བུ་དང་བུ་མོ་ལྟ་ཞིབ་ཚད་ལེན་གྱི་ཚོགས་པ་གཙོ་བོར་འཛིན་དགོས། བརྟག་སེལ་བྱས་ཏེ་སློབ་སྦྱོང་བསྐྱུར་བའམ་བསྐྱུར་བར་དོགས་ཡོད་ཀྱི་སློབ་མ་ཐོ་རུ་འགོད་དགོས་པར་མ་ཟད། སློབ་རྒྱུན་སླར་སྐྱོང་བར་ཁ་ཏ་སློབ་གསོའི་བྱ་བ་རང་འགུལ་སྒོས་སྤེལ་དགོས་པ་དང་། སློབ་རྒྱུན་སླར་སྐྱོང་བར་ཁ་ཏ་སློབ་གསོ་བཏང་བར་འབྲས་བུ་མེད་ཚེ། དུས་ཐོག་ཏུ་སྲིད་འཛིན་གྱི་སློབ་རྒྱུན་སླར་སྐྱོང་གི་རྐྱེན་སྲོལ་བཀོལ་ཏེ་སློབ་བསྐྱུར་སློབ་མ་ཕྱིར་སློབ་གྲྭར་ལོག་པར་ཁ་ཏ་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱ་དགོས། རིམ་པ་སོ་སོའི་སློབ་གསོ་དང་སྤྱི་བདེ། འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས། དམངས་སྲིད། དབུལ་སྐྱོར། དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཁག་གིས་སློབ་ཁོངས་མ་ལག་དང་རྨང་གཞིའི་ཆ་འཕྲིན་མཛོད་གཞན་པ་དང་ཞིབ་བསྡུར་དཔྱད་བཤེར་རྐྱེན་སྲོལ་བཙུགས་ནས། གཞི་གྲངས་མཛོད་ཆེན་མོའི་ཆ་འཕྲིན་མཛོད་སྣ་ཚོགས་ཀྱི་བྱེད་ནུས་འདོན་སྤེལ་ལེགས་པོར་བྱས་ནས་གཞི་གྲངས་ལ་དབྱེ་ཞིབ་བྱས་ཏེ། སློབ་ལོ་རན་པའི་ལོ་ཆུང་བྱིས་པ་སློབ་གྲྭར་ཞུགས་མེད་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱ་དགོས། རིམ་པ་སོ་སོའི་སློབ་གསོ་སྡེ་ཁག་དང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས། བདེ་བཀོད་རོགས་འཁྲིད་ལས་ཁུངས་བཅས་ཀྱིས་མཉམ་དུ་སློབ་ལོ་རན་པའི་དབང་བོ་སྐྱོན་ཅན་གྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་། ཁྲིམས་ཆད་འཁུར་མཁན་གྱི་ནར་མ་སོན་པའི་བུ་དང་བུ་མོ་སློབ་གྲྭར་ཞུགས་མེད་པའི་གཞི་གྲངས་ལ་དཔྱད་བཤེར་བྱས་ནས། ཁོ་ཚོར་འོས་འཚམ་གྱི་རྣམ་པའི་སྟེང་ནས་འོས་འགན་སློབ་གསོ་མྱོང་དུ་འཇུག་དགོས་པར་མ་ཟད་སློབ་ཁོངས་དོ་དམ་བྱ་ཡུལ་དུ་འཇུག་པ་དང་ཆབས་ཅིག སློབ་ཁོངས་སྟོང་བར་བསྐྱུར་བ་དང་བར་སྐབས་ནས་སློབ་སྦྱོང་བསྐྱུར་བར་སྔོན་འགོག་བྱ་དགོས། སློབ་མའི་སློབ་ཁོངས་མཉམ་འབྲེལ་གྱིས་བཤེར་ཞིབ་ལམ་ལུགས་བཙུགས་ཏེ། སློབ་མའི་འགྲོ་ཕྱོགས་ལ་བརྟག་དཔྱད་བདེན་དཔང་དང་ཡོངས་བསྒྲགས་བྱ་དགོས། སློབ་ཁོངས་གཟབ་ནན་གྱིས་དོ་དམ་བྱས་ཏེ་སློབ་ཁོངས་ཆ་འཕྲིན་དུས་ཐོག་ཏུ་ནང་འཇུག་དང་བསྒྱུར་བཅོས་བྱེད་པ་དང་། ཁ་ཏ་བྱས་ནས་སློབ་རྒྱུན་སླར་སྐྱོང་བའི་སློབ་མའི་སློབ་ཁོངས་ཆ་འཕྲིན་དུས་ཐོག་ཏུ་ཁ་གསབ་དང་ཐོ་འགོད་བྱ་དགོས་ཤིང་། སློབ་ཁོངས་ཆ་འཕྲིན་ལས་བྱེད་མི་སྣར་གསོ་སྦྱོང་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་དཔུང་ཁག་བརྟན་པོར་བཟོ་དགོས།

ལྔ། མགོ་ཁྲིད་རྩ་འཛུགས་ཐད་ལ་ཤུགས་བསྣན་ནས། བྱ་བ་དོན་འཁྱོལ་བྱ་རྒྱུ་ནན་མོར་འཛིན་དགོས།

12. རྩ་འཛུགས་ལག་བསྟར་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། 

རིམ་པ་སོ་སོའི་སྲིད་གཞུང་གིས་སློབ་བསྐྱུར་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་བྱ་བ་གཙིགས་སུ་བཟུང་སྟེ། “སྲིད་གཞུང་གིས་འགན་འཁུར་བ་དང་རིམ་པ་བཀར་ནས་དོ་དམ་བྱེད་པ། རྫོང་གཙོ་བོར་བྱེད་པའི”སྒྲིག་སྲོལ་རྒྱུན་འཁྱོངས་དང་། རིམ་པ་བཞིན་དུ་སྲིད་གཞུང་གི་མགོ་ཁྲིད་གཙོ་བོ་ཚན་གཙོ་དང་། འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དག་སློབ་བསྐྱུར་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་མགོ་ཁྲིད་ཚན་སྐོར་གྱི་ཁོངས་མི་བྱས་ཏེ་སློབ་བསྐྱུར་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་བྱ་བའི་སྤྱིའི་འགན་འཁུར་དགོས། “སྒྲུབ་རིམ་གཉིས”ཀྱི་དམིགས་འབེན་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཏེ། རྫོང(གྲོང་ཁྱེར་དང་ཆུས)སྲིད་གཞུང་དང་ཤང་ངམ་གྲོང་རྡལ་སྲིད་གཞུང(སྲང་ལམ་དོན་གཅོད་ཁང)དང་། ཤང་ངམ་གྲོང་རྡལ་སྲིད་གཞུང(སྲང་ལམ་དོན་གཅོད་ཁང)དང་སྡེ་བ(སྡེ་ཁུལ)དང་། སྡེ་བ(སྡེ་ཁུལ)དང་སྡེ་དམངས(སྡོད་དམངས)བཅས་སྒྲུབ་རིམ་གཅིག་བྱས་ནས་སྲིད་འཛིན་གྱི་སློབ་བསྐྱུར་ཚོད་འཛིན་གྱི་འགན་འཁྲི་ལག་བསྟར་བྱེད་པ་དང་། རྫོང་རིམ་པའི་སློབ་གསོའི་སྡེ་ཁག་དང་སློབ་གྲྭ། སློབ་གྲྭ་དང་དགེ་རྒན། དགེ་རྒན་དང་ཁྱིམ་བདག་སྒྲུབ་རིམ་གཞན་ཞིག་བྱས་ནས་སློབ་རྒྱུན་སླར་སྐྱོང་བར་ཁ་ཏ་སློབ་གསོ་དང་ཐོ་འགོད། ཡིག་ཐོག་ནས་སྙན་ཞུ་འབུལ་བའི་འགན་འཁྲི་ལག་བསྟར་བྱ་དགོས། གྲོང་ཁྱེར(ཁུལ)སྲིད་གཞུང་གི་ལྟ་སྐུལ་ཞིབ་བཤེར་གྱི་འགན་འཁྲི་དང་རྫོང(ཆུས)སྲིད་གཞུང་གི་བྱེད་པོའི་འགན་འཁྲི། ཤང་ངམ་གྲོང་རྡལ་སྲིད་གཞུང(སྲང་ལམ་དོན་གཅོད་ཁང)གི་བྱེ་བྲག་གི་འགན་འཁྲི་བཅས་གཟབ་ནན་སྒོས་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། སློབ་བསྐྱུར་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་གི་ལྟ་སྐུལ་རྐྱེན་སྲོལ་དང་དཔྱད་ཞིབ་འདྲི་རྩད་རྐྱེན་སྲོལ་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང་སྟེ། འོས་འགན་སློབ་གསོའི་སློབ་བསྐྱུར་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་གི་བྱ་བ་དེ་གྲོང་ཁྱེར(ཁུལ)དང་ རྫོང(གྲོང་ཁྱེར་དང་ཆུས)། ཤང་ངམ་གྲོང་རྡལ་སྲིད་གཞུང(སྲང་ལམ་དོན་གཅོད་ཁང)གི་དམིགས་འབེན་འགན་འཁྲི་དཔྱད་ཞིབ་མ་ལག་ཏུ་བཅུག་སྟེ། ས་གནས་སྲིད་གཞུང་དང་དེའི་མགོ་ཁྲིད་གཙོ་བོར་དཔྱད་ཞིབ་ཀྱི་དམིགས་ཚད་གལ་ཆེན་ཏུ་བཟུང་ནས་དཔྱད་ཞིབ་ཀྱི་ཚད་གཞི་ཇེ་མཐོར་གཏང་དགོས། སྟོན་དཔྱིད་དུས་ཚིགས་གཉིས་སུ་སློབ་མགོ་རྩོམ་དུས། རིམ་པ་སོ་སོའི་སློབ་གསོའི་ལྟ་སྐུལ་སྡེ་ཁག་གིས་འོས་འགན་སློབ་གསོའི་སློབ་བསྐྱུར་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་བྱ་བ་དང་བརྟན་སྲུང་གི་ཆུ་ཚད་ལ་ཆེད་དོན་ལྟ་སྐུལ་བྱས་ནས། སློབ་བསྐྱུར་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་དེ་སློབ་གྲྭར་ལྟ་སྐུལ་བྱེད་པའི་འགན་འཁུར་པའི་ནམ་རྒྱུན་གྱི་ལྟ་སྐུལ་བྱ་བའི་ནང་དོན་གལ་ཆེན་དུ་བརྩིས་ནས། འོས་འགན་སློབ་གསོའི་སྐབས་སློབ་བསྐྱུར་གྱི་ཚད་མཐོ་ཞིང་ལོ་གཅིག་གི་སློབ་བསྐྱུར་གྱི་ཚད་ཚོད་འཛིན་ཚད་གཞི་ལས་བརྒལ་བའི་རྫོང(གྲོང་ཁྱེར་དང་ཆུས)དེ་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་གོང་སྤེལ་གཞི་རྩའི་དོ་མཉམ་རྫོང་དུ་དཔྱད་དཔོག་གཏན་ཁེལ་བྱ་མི་ཆོག དཔྱད་དཔོག་གཏན་ཁེལ་བྱས་ཟིན་པར་ལྟ་བཤེར་བསྐྱར་ཞིབ་ཀྱི་དམིགས་ཚད་དུ་བཞག་སྟེ་འགུལ་རྣམ་དོ་དམ་བྱ་དགོས། སློབ་བསྐྱུར་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་བྱ་བར་མཛུབ་སྟོན་བྱེད་ཤུགས་དངོས་གནས་ཇེ་དྲག་ཏུ་བཏང་སྟེ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་སློབ་མའི་སློབ་བསྐྱུར་གནས་ཚུལ་ལ་སྔར་ལས་ལྷག་པར་རྒྱུས་ལོན་དང་སློབ་བསྐྱུར་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་གི་བྱ་བའི་འཆར་གཞི་གཏན་ལ་འབེབས་པར་སྐུལ་འདེད་བཏང་ནས། ས་གནས་དང་ཁྱིམ་ཚང་། མི་བཅས་ལ་བསྟུན་ནས་སྲིད་ཇུས་ལག་བསྟར་བྱེད་པ་དང་། སྲིད་ཇུས་བྱེད་ཐབས་ཀྱི་སྟོང་ཆ་དང་བྱ་བའི་རྨོངས་གནས་བརྟག་སེལ་བྱས་ཏེ། སློབ་བསྐྱུར་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་གི་བྱ་བ་གཏིང་ཇེ་ཟབ་དང་ཚགས་ཇེ་ཞིབ་ཏུ་ཏན་ཏན་ཏིག་ཏིག་གིས་བསྒྲུབ་དགོས། སློབ་བསྐྱུར་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་གི་སྐོང་འདྲི་ལམ་ལུགས་དང་ཁྱབ་བསྒྲགས་ལམ་ལུགས་བཙུགས་ཏེ། སློབ་བསྐྱུར་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་ལ་སྐུལ་ཁྲིད་ཞིབ་བཤེར་བྱས་འབྲས་སྤྱི་བསྒྲགས་དང་དུས་བཅད་ནང་དག་ཐེར་དང་ཡོ་བསྲང་།   འགན་འཁྲི་རྩད་ཞིབ་བཅས་ཀྱི་ལམ་ལུགས་ལག་བསྟར་བྱ་དགོས།

13. དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་གཏང་དགོས།

 ས་གནས་སོ་སོས་བྱེད་ཐབས་སྣ་མང་སྤྱད་ནས《འོས་འགན་སློབ་གསོའི་བཅས་ཁྲིམས》དང《ནར་མ་སོན་པའི་མི་སྲུང་སྐྱོབ་བཅའ་ཁྲིམས》དང་རང་ཞིང་གི་འོས་འགན་སློབ་གསོའི་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་དང་ནར་མ་སོན་པའི་མི་སྲུང་སྐྱོབ་སྲོལ་ཡིག་སོགས་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། སློབ་བསྐྱུར་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་གི་དཔེ་མཚོན་ཉམས་མྱོང་དང་ནུས་ལྡན་གྱི་བྱེད་ཐབས་རྒྱ་ཆེར་དྲིལ་སྒྲོག་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་འོས་འགན་སློབ་གསོའི་སློབ་བསྐྱུར་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་བྱ་བའི་གལ་ཆེན་རང་བཞིན་ལ་ངོས་ཟིན་ཚད་མུ་མཐུད་དུ་ཇེ་མཐོར་གཏང་དགོས། སྤྱི་ཚོགས་དང་སློབ་གྲྭའི་བརྩོན་སེམས་སྐུལ་སློང་གང་ལེགས་བྱེད་པ་དང་། བརྩོན་པའི་རྒྱུན་མ་ལྷོད་པར་ཡུན་རིང་དུ་བྱས་རྗེས་བཞག་སྟེ་སློབ་བསྐྱུར་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་གི་སྲིད་ཇུས་ངེས་པ་དོན་གྱིས་ཁྱིམ་ཚང་རེ་རེ་དང་སློབ་མ་རེ་རེར་དོན་འཁྱོལ་བྱ་དགོས། རྫོང་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཁག་དང་སློབ་གྲྭས་འོས་འགན་སློབ་གསོའི་སློབ་ཞུགས་བརྡ་ཡིག་ལམ་ལུགས་འཐུས་ཚང་དུ་བཏང་ནས། བརྡ་ཡིག་གི་ནང་དུ་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་ཕབ་དང་ཁྲིམས་འགལ་རྩད་ཞིབ་གསལ་བཤད་སྐོར་བསྣན་ནས། ཁྱིམ་བདག་དང་སློབ་ལོ་རན་པའི་བྱིས་པ་དང་ལོ་ཆུང་གཞོན་ནུའི་བཅའ་ཁྲིམས་འདུ་ཤེས་དངོས་གནས་ཇེ་དྲག་ཏུ་གཏོང་བ་དང་། སློབ་ལོ་རན་པའི་བྱིས་པ་དང་ལོ་ཆུང་གཞོན་ནུས་ཁྲིམས་ལྟར་འོས་འགན་སློབ་གསོ་མྱོང་བའི་སྣང་ཚུལ་ལེགས་པོ་ཞིག་བསྐྲུན་དགོས།

བརྡ་སྦྱོར་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་ནས།

2018ལོའི་ཟླ2པའི་ཚེས27ཉིན།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།