ཆམ་རིམས་འགོག་པའི་ཐབས་བཟང་བརྒྱད།

1.ཞོ་མང་ཙམ་བཏུང་བ།

རྒྱུ་མ་ནི་མིའི་ལུས་ཕུང་གི་འཇུ་བྱེད་དང་སྡུད་ལེན་གྱི་དབང་བོ་གལ་ཆེན་ཞིག་ཡིན་ལ། རིམས་འགོག་དབང་བོ་ཆེས་ཆེན་པོ་དེའང་ཡིན། རིམས་འགོག་ནི་གཙོ་བོ་བདེ་ཐང་དང་གསོན་ཤུགས་ཆེ་བའི་རྒྱུ་མ་ལ་བརྟེན་ཡོད། དེར་བརྟེན། ཆམ་རིམས་འབྱུང་ཚད་མཐོ་བའི་སྐབས་སུ། ལྷག་ཏུ་ཕན་ལྡན་ཕྲ་ཕུང་ཁ་གསབ་བྱ་འོས་ལ། དེ་ནི་ཞོ་དང་ཕྱུར་བ་སོགས་ཟས་རིགས་མང་ཙམ་བཏུང་བ་བརྒྱུད་དེ་སྡུད་ལེན་བྱ་ཆོག དེ་ལྟར་བྱས་ན་རྒྱུ་མའི་ཕྲ་ཕུང་གི་ཚོགས་སྙོམ་སྒྲིག་བྱེད་པར་དགེ་མཚན་ལྡན་པ་དང་། དེ་ཡིས་གཉན་ཚད་གཅོག་པ་དང་ཆམ་རིམས་འགོ་བ་སྔོན་འགོག་བྱེད་ཐུབ།

2.སྣ་ཁུང་གཙང་འཁྲུད་བྱེད་པ།

ཁུང་ནི་མིའི་ལུས་ཕུང་གི་དབུགས་ལམ་སྡེ་ཁོངས་ཀྱི་ཚག་ཆས་དང་པོ་ཡིན་པས། ཉིན་རེ་བཞིན་ཚྭ་ཆུས་སྣ་ཁུང་གཙང་འཁྲུད་བྱས་ན། སྣ་ཁུང་དང་ཁ་ནས་མི་གཙང་བའི་དངོས་པོ་མིའི་ལུས་ཕུང་ནང་འཛུལ་ནས་ཆམ་པ་འབྱུང་དུ་འཇུག་པ་གཡོལ་ཐུབ།

3.གློག་སྐས་ནང་ཉུང་འདུག་བྱེད་པ།

གློག་སྐས་ཀྱི་འཐེབ་ནོན་ནི་སྨན་ཁང་དང་། གཞུང་ལས་ཁང་སོགས་སུ་ནད་འབུ་སྣ་ཚོགས་འདུས་པའི་ལྟེ་བ་ཡིན། དེ་བས་གློག་སྐས་ལ་འདུག་པ་དེ་ཐེམ་སྐས་ལ་འཛེག་པར་བསྒྱུར་ན་བཟང་ཞིང་། ལུས་པོར་སྦྱོང་རྡར་ཡང་བྱེད་ཐུབ།

4.སེན་མོ་རིང་བོ་མི་འཇོག་པ།

སེན་མོའི་རིང་ཚད་དེ་མཛུབ་རྩེ་ལས་ཧའོ་མུས3ལས་བརྒལ་ན། སེན་བར་གྱི་ཕྲ་ཕུང་གི་མང་ཚད་སེན་མོ་ཐུང་བ་ལས་ཕལ་ཆེར་ལྡབ 5ཡིས་འཕར་ཤས་ཆེ་ལ། དེའི་ནང་དུ་འགོས་ནད་ཀྱི་རིམས་ཁུངས་འདུས་ཡོད་དེ། དཔེར་ན། ཆམ་རིམས་ནད་དུག་ལྟ་བུའོ། དེར་བརྟེན། སེན་མོ་བྲེགས་ནས་མཛུབ་རྩེ་དང་མཉམ་པ་བཟོ་བ་དང་། ལག་པ་བཀྲུ་དུས་སེན་བར་གཙང་འཁྲུད་བྱ་རྒྱུ་ནི་གལ་ཤིན་ཏུ་ཆེ།

5.བཟའ་བཏུང་དུ་ཏི་ཚ་གསབ་པ།

ཏི་ཚ་གསབ་ན་རིམས་འགོག་ནུས་པ་མཐོ་རུ་སོང་ནས། ཆམ་པ་འགོག་པ་དང་ནད་ཚབས་ཡང་དུ་གཏོང་བ། ན་ཡུན་ཐུང་དུ་གཏོང་བ་བཅས་ལ་རོགས་རམ་བྱེད་ཐུབ། ཏི་ཚ་ཕུན་སུམ་ཚོགས་པའི་ཟས་རིགས་ལ་འགྲོན་བུའི་རིགས་དང་ཆུ་འབུ་གློ་ཉ། ཤ་དམར་པོའི་རིགས། ནང་ཁྲོལ། ཤུན་པ་སྲ་བའི་ཤིང་ཏོག་སོགས་འདུ།

6.མགྱོགས་འགྲོ་རྒྱུན་འཁྱོངས་བྱེད་པ།

གཟའ་འཁོར་རེར་ཐེངས5དང་། ཐེངས་རེར་སྐར་མ30ཡི་མགྱོགས་འགྲོའི་གོམ་བགྲོད་བྱས་ན་ནུས་ལྡན་སྒོས་ཆམ་པ་སྔོན་འགོག་བྱེད་ཐུབ། ཡིན་ན་ཡང་སྦྱོང་རྡར་གྱི་ཤུགས་ཚད་མི་དྲགས་པར་མཉམ་འཇོག་བྱ་དགོས། ཞིབ་འཇུག་ལས་ཤེས་གསལ་ལྟར་ན། རྒྱང་རྒྱུག་འགྲན་སྡུར་སོགས་ཡུན་རིང་ཤུགས་ཆེའི་བཟོད་ཤུགས་སྦྱོང་རྡར་བྱས་ན་དབུགས་ལམ་ལ་རིམས་ནད་འགོ་ཚད་ལྡབ2ནས6བར་འཕར་སྲིད།

7.གཉིད་སྐྱིད་པོ་ཉལ་བ།

དགོང་རེའི་གཉིད་ཡུན་ཆུ་ཚོད 7ལས་ཉུང་བའི་མི་ལ་ཆམ་པ་ཕོག་ཚད་ཕལ་ཆེར་ལྡབ3གྱིས་མཐོ་བ་དང་། གཉིད་ཉལ་བ་བཟང་བའི་མི་ལ་ཆམ་པ་ཕོག་ཚད་ནི་གཉིད་ཉལ་བ་མི་བཟང་བའི་མི་ཡི1/5ཡིན། གཞན་ཡང། ནམ་གུང་གི་ཆུ་ཚོད3ནས་ཞོགས་པའི་དུས་ཚོད7གྱི་བར་གཉིད་ཉལ་བ་མི་བཟང་བའི་མིའི་རིམས་འགོག་ཕྲ་ཕུང་གི་གསོན་ཤུགས23%མར་འགྲིབ་ཀྱིན་ཡོད་པས། ཉིན་རེར་ཆུ་ཚོད7ནས8བར་དུ་གཉིད་ཡག་པོ་ཉལ་ཐུབ་པ་ཁག་ཐེག་བྱ་དགོས།

8.གད་སྙིགས་ཟས་རིགས་མི་བཟའ་བ།

མགྱོགས་ཟས་དང་སྣུམ་མང་མངར་ཆེའི་ཟས་རིགས་ཀྱིས་མི་ལུས་ཀྱི་རིམས་འགོག་ནུས་པ་ཉམས་པར་བྱེད། དེ་ལས་ལྡོག་སྟེ་དབྱང་འགོག་འགྱུར་རྩིས་ཕྱུག་པ་དང་། ལུས་སྟོབས་བསྐྱེད་ལ་རིམས་འགོག་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་ཟས་རིགས་ཏེ། དཔེར་ན། སྔོ་ཚོད་དང་ཤིང་ཏོག་ལ་ཆམ་རིམས་དང་ནད་དུག་འགོག་སྲུང་བྱེད་པའི་ནུས་པ་ལྡན།།                                                             

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།