སྨན་ལུམས་ཀྱི་ལོ་རྒྱུས་རགས་བཤད།

མིའི་རིགས་ཀྱིས་རང་བྱུང་ཁམས་ཆེན་པོར་ཡུན་རིང་ལ་རྒྱུས་ལོན་དང་བསྒྱུར་བཅོས་བྱེད་པའི་གོ་རིམ་ཁྲོད། ལུས་སྲོག་བདེ་ཐང་དང་འབྲེལ་བ་ཡོད་པའི་རིག་པ་འདྲ་མིན་མང་པོ་གསར་གཏོད་བྱས་ཡོད་པ་དང་། དུས་མཚུངས་སུ་གསོ་བཅོས་ཀྱི་ཉམས་མྱོང་ཡང་ཤིན་ཏུ་མང་པོ་བསོགས་ཡོད་པ་རེད། བོད་ལུགས་གསོ་བ་རིག་པའི་དཔྱད་བཅོས་ལས་ལུམས་ཀྱི་བཅོས་ཐབས་འདི་ནི་བཅོས་ཚུལ་ཅུང་ཐུན་མོང་མ་ཡིན་པ་ཞིག་ཡིན་པས། ང་ཚོས་རིག་པ་འདིའི་ལོ་རྒྱུས་ལ་བརྟག་དཔྱད་བྱེད་སྐབས། འདིའི་འབྱུང་ཁུངས་ནི་གཡུང་དྲུང་བོན་དང་འབྲེལ་བར་མཐོང་སྟེ། ཇོ་བོ་ལྷུན་གྲུབ་བཀྲ་ཤིས་ཀྱི་གཡུ་ཐོག་ཪྙིང་མའི་རྣམ་ཐར་དུ་རྒྱ་གར་གྱི་སྨན་པའི་དྲིས་ལན་ལ་གཡུ་ཐོག་པས་ལན་གསུངས་པར།རྒྱ་གར་གྱི་ལུགས་ལ་རིག་པ་ཡེ་ཤེས་ཀྱི་རྒྱུད། རྒྱ་ནག་གི་ལུགས་ལ་འཁོར་འདས་རྩིས་ཀྱི་རྒྱུད། བལ་པོའི་ལུགས་ལ་འཁོར་འདས་བཟོའི་རྒྱུད། ཁ་ཆེའི་ལུགས་ལ་རྫས་སྦྱོར་རིན་པོ་ཆེའི་རྒྱུད། སོག་པོའི་ལུགས་ལ་ནད་ཕྱིར་འདྲེན་པ་གཏར་ཁའི་རྒྱུད། གར་ལོག་གི་ལུགས་ལ་ནད་བསྲེག་པ་མིའི་རྒྱུད། ཏ་ཟིག་ལུགས་ལ་ནད་གསོད་པ་དུག་བཅོས་ཀྱི་རྒྱུད།

ཁྲོམ་གྱི་ལུགས་ལ་ཆུ་དཔྱད་ཟླ་བསིལ་གྱི་རྒྱུད། ཟ་ཧོར་གྱི་ལུགས་ལ་ནད་སྡུད་པ་རྔབ་རུའི་རྒྱུད། གེ་སར་གྱི་ལུགས་ལ་ནད་འདེད་པ་སྔགས་ཀྱི་རྒྱུད། ཞང་ཞུང་གི་ལུགས་ལ་ནད་ཐུར་དུ་སྦྱོང་བ་བཤལ་གྱི་རྒྱུད། ཨོ་རྒྱན་གྱི་ལུགས་ལ་ནད་གྱེན་དུ་འདྲེན་པ་སྐྱུགས་ཀྱི་རྒྱུད། བོད་ཀྱི་ལུགས་ལ་ནད་གསོ་བར་བྱེད་པ་གཉེན་པོ་བཞི་ལྡན་གྱི་རྒྱུད། གཡུང་དྲུང་བོན་གྱི་ལུགས་ལ་ནད་ཞི་བར་བྱེད་པ་དུགས་ལུམས་བྱུགས་གསུམ་གྱི་རྒྱུད། ཚངས་པ་ལྷའི་ལུགས་ལ་གསོ་དཔྱད་འབུམ་པའི་རྒྱུད། འཕགས་པ་བྱང་ཆུབ་སེམས་དཔའི་ལུགས་ལ་ཐུགས་རྗེ་རང་གྲོལ་གྱི་རྒྱུད། དྲང་སྲོང་གི་ལུགས་ལ་ཙ་ར་ཀ་སྡེ་བརྒྱད་ཀྱི་རྒྱུད།ཕྱི་པའི་ལུགས་ལ་དབང་ཕྱུག་ཆེན་པོའི་རྒྱུད།ནང་པའི་ལུགས་ལ་རིགས་གསུམ་མགོན་པོའི་རྒྱུད་ཅེས་ལུགས་ཆེན་ཉི་ཤུ་ལུང་འདྲེན་མཛད་པ་འདི་དག་ལོ་རྒྱུས་ཞིབ་འཇུག་པ་དག་ལ་མཚོན་ན་ལམ་སྟོན་གྱི་སྒྲོན་མི་ཞིག་ལ་ཕྲད་པ་དང་གཉིས་སུ་མ་མཆིས་ཏེ། ལུང་འདི་དག་ལས་གཡུང་དྲུང་བོན་གྱི་ལུགས་ལ་ནད་ཞི་བར་བྱེད་པ་དུག་ལུམས་བྱུགས་གསུམ་གྱི་རྒྱུད་ཅེས་འབྱུང་བ་འདིས། ལུམས་བཅོས་རིག་པ་འདི་ཡུལ་དང་རིག་གནས་གང་ཞིག་ལས་མཆེད་པ་གསལ་བཤད་བྱས་ཡོད།

དེས་ན་ལུམས་བཅོས་རིག་པ་འདི་བོན་གྱི་རིག་གནས་ལས་བྱུང་བའི་གསོ་བཅོས་བྱ་ཐབས་ཤིག་ཡིན་ཕྱིར་མ་མཐར་ཡང་ལོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ཡོད་པ་རྗེས་དཔག་བྱ་ཐུབ་སྟེ། ནང་བསྟན་མ་དར་བའི་ཡར་སྔོན་དུ་བོད་ཡུལ་ཐ་གྲུ་ཀུན་ཏུ་བོན་ལུགས་འབའ་ཞིག་དར་ཡོད་པར་གྲགས་ཤིང་། རྗེ་གཉའ་ཁྲི་དང་རྒྱལ་རབས་བརྒྱད་པ་གྲུ་གུམ་བཙན་པོ་དང་དགུ་བ་སྤུ་དེ་གུང་རྒྱལ་སོགས་ཀྱི་སྐབས་སུ་བོན་ལུགས་དར་རྒྱས་ཆེ་བའི་ཕྱིར། ཡང་བོད་ལུགས་གསོ་རིག་གི་གཞུང་ལུགས་ཆེན་པོ་དཔལ་ལྡན་རྒྱུད་བཞིའི་ངོས་ནས་བལྟས་ན། རྒྱུད་བཞི་ཀའི་ཐུན་མོང་གི་ཆོས་སུ་གྱུར་པའི་གླེང་གཞིའི་ལེའུར། དྲང་སྲོང་གི་གནས་སྨན་གྱི་ཁྱེར་ལྟ་ན་སྡུག་ཅེས་པའི་སྐབས་སུ།གྲོང་ཁྱེར་དེའི་ཤར་ལྷོ་ནུབ་བྱང་གི་ཕྱོགས་སམ་ངོས་བཞི་རུ་སྨན་གྱི་བཀོད་པ་བསྟན་པས། ནུབ་ཕྱོགས་ཏེ་ནུབ་ཀྱི་ངོས་ལ་རི་བོ་མ་ལ་ཡ་ཟེར་བ་དང་། གནས་དེར་བཟང་དྲུག་དང་ཅོང་ཞི་རིགས་ལྔ། བྲག་ཞུན་རིགས་ལྔ། སྨན་ཆུ་རིག་ལྔ། ཆུ་ཚན་རིག་ལྔ་དང་ལྡན་པའི་རི་བོ་ཡོད་དོ་ཞེས་གསུངས་ཡོད་པ་འདི་ལས་རང་བྱུང་གི་ཆུ་ཚན་བསྟན་ཅིང་། ལུམས་ལ་རང་བྱུང་དང་བཅོས་མ་རྣམ་པ་གཉིས་ཡོད་པ་ལས་ཆུ་ཚན་ནི་མིས་མ་བཅོས་པའི་རང་བྱུང་ཡིན་ལ།ཆུ་ཚན་ཞེས་པ་དོན་ལ་ཆུ་ཚན་དེ་ཡི་དོན་ཡིན་པས།རི་བོ་མ་ལ་ཡའི་དཀའ་འགྲེལ་དུ། “རླན་གཤེར་ཆུ་ཡི་དངོས་པོ་ལ།། རེག་བྱ་མི་ཡི་རང་བཞིན་ཅན།། དེ་ན་ཆུ་ཚན་ཞེས་བརྗོད་དོ།།”ཞེས་པ་ལྟར་མདོ་དབུས་མཐོ་སྒང་དང་ཡུལ་ཁམས་གཞན་དག་ཏུ་ཡོད་པའི་ཆུ་ཚན་གྱིས་མིའི་ལུས་པོའི་སྲ་རེངས་ཞ་འཁུམས་སོགས་ནད་རིགས་མི་ཉུང་བ་ཞིག་ལ་ཕན་ནུས་འབྱུང་བ་ཡུན་རིང་གི་འཚོ་བའི་བརྒྱུད་རིམ་ནང་ཤེས་རྟོགས་བྱུང་བ་དང་། ཤེས་རྟོགས་དེའི་རྨང་གཞིའི་སྟེང་ནས་སྔར་ལས་ཅུང་གཏིང་ཟབ་པོར་འཕེལ་རྒྱས་བྱུང་ཡོད་དེ། ཆུ་ཚན་གྱི་རྒྱུ་དང་གྲུབ་ཆའི་རིགས་ལ་རང་ལུགས་ཀྱི་འགྲེལ་བཤད་ཅུང་ཆ་ཚང་བསྐྱོན་ཡོད་པར་མ་ཟད། ནད་རིགས་གང་དང་གང་ལ་ཕན་པའི་སྐོར་དང་ནད་རིགས་ཁག་ཅིག་ལ་མི་རུང་བའི་ཁྱད་པར་དེ་དག་ཕལ་ཆེ་བ་དེང་སང་གི་རིག་པ་དང་ངོ་འཕྲོད་པར་སྣང་བའི་ཕྱིར།དེས་ན་ཤེས་བྱ་ཕྲན་ཚེགས་དེ་དག་ནི་རིག་པ་འདི་གྲུབ་པའི་ས་བོན་དུ་གྱུར་ཡོད་ཅིང་།ཆུ་ཚན་གྱིས་ལུས་ཁམས་ལ་བསྐྱེད་པའི་ནུས་པ་རིམ་བཞིན་ངོས་ཟིན་བྱུང་བ་དང་། འཚོ་བའི་ཉམས་མྱོང་དུ་མ་ཡུན་རིང་ལ་བསོགས་པ་ལས་ད་གཟོད་ལུམས་བཅོས་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་རིམ་གྱིས་གྲུབ་པར་འདོད་པ་དང་། ཕྱི་མ་རྒྱུད་ཀྱི་ལེའུ་ཉེར་གསུམ་པ་ལུམས་ཀྱི་ལེའུར།ལུམས་བྱ་བའི་ཐབས་ཀྱི་སྐབས་ཆུ་ལུམས་སྤྱི་མཐུན་ལས་གྲུབ་ཆུ་ཚན་ཞུགས་ཞེས་དང་། དེ་མ་གྲུབ་ན་བདུད་རྩི་རྣམ་ལྔ།། ཞེས་གསུངས་པ་འདིས་ཆུའི་ལུམས་ལ་རང་བྱུང་དང་བཅོས་མ་གཉིས་ཡོད་པ་བསྟན་པ་དང་། དེ་ལས་གཞན་བཅིང་ལུམས་ལ་རྒྱུའི་དབང་གིས་དབྱེ་བ་ཤིན་ཏུ་མང་པོ་བཀར་ཆོག

དེང་གི་དུས་འདིར་ང་ཚོས་ལུམས་བཅོས་རིག་པ་འདི་དམིགས་སུ་བཟུང་ནས་འདིའི་འབྱུང་ཁུངས་དང་དར་ཡུལ། དེའི་འཕེལ་རྒྱས་ཀྱི་གོ་རིམ་སོགས་ཅུང་ཆ་ཚང་བའི་གྲུབ་ཚུལ་བཅས་ལ་ཞིབ་འཇུག་བྱ་བསམས་ཀྱང་གཅིག་ན་འདིའི་སྐོར་གྱི་དཔྱད་ཡིག་ཉུང་བ་དང་། གཉིས་ན་ཆེད་དུ་དུས་ཚོད་བཀོལ་ནས་འབྲེལ་ཡོད་ཡིག་ཚང་གང་མང་ཞིབ་ཏུ་ཀློག་རྒྱུའི་ཆ་རྐྱེན་མེད་པ་དང་།  གསུམ་ན་ཞིབ་འཇུག་པ་རང་སྟེང་གི་ཞིབ་འཇུག་ཆུ་ཚད་ཞན་པ་བཅས་ཀྱི་དབང་གིས་ལུམས་བཅོས་རིག་པའི་ལོ་རྒྱུས་ཀྱི་སྐོར་ས་བཅད་མ་སྟོང་བ་ཙམ་ལས། ཞིབ་རྒྱས་མཐར་ཆགས་སུ་འགོད་པའི་ནུས་པ་ཤིན་ཏུ་ཕྲ་བས།    འདི་ཙམ་གྱིས་འཐུས་པར་མི་བྱེད་ཀ་མེད་དུ་གྱུར། །    

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།