ཡིད་མུག་པའི་ནད་ཀྱི་འབྱུང་རྐྱེན།

ཉེ་འགྲམ་གྱི་མི་ཞིག་ལ་ཡིད་མུག་པའི་ནད་བྱུང་བ་མཐོང་དུས།ང་ཚོས་རྒྱུན་དུ་དེའི་གཤིས་རྒྱུད་དང་སེམས་ཁམས་ལ་འབྲེལ་བ་ཡོད་པའམ་ཡང་ན་རྒྱུད་དེད་པ་ལས་བྱུང་བ་ཡིན་པར་འདོད་ཀྱིན་ཡོད་མོད།འོན་ཀྱང་ཡིད་མུག་པའི་ནད་ཀྱི་འབྱུང་རྐྱེན་ནི་ཧ་ཅང་རྙོག་འཛིང་ལྡན་པ་ཞིག་རེད།དེ་ནི་རྒྱུད་འདེད་པ་དང་གཤིས་རྒྱུད།ཁྱིམ་ཚང་།སྤྱི་ཚོགས་ཁོར་ཡུག་སོགས་རྒྱུ་རྐྱེན་མང་པོར་འབྲེལ་བ་ཡོད་པས།རྒྱུ་རྐྱེན་དེ་དག་ལ་རྒྱུས་ལོན་གསལ་པོ་བྱས་ན།ཡིད་མུག་པའི་ནད་སྔོན་འགོག་བྱེད་ཐུབ་པ་གདོན་མི་ཟའོ།

ཞིབ་འཇུག་ལས་མངོན་པ་ལྟར་ན།ཡིད་མུག་པའི་ནད་ནི་རྒྱུད་འདེད་པའི་ནད་ཀྱི་ཁོངས་སུ་མི་གཏོགས་མོད།འོན་ཀྱང་དེའི་འབྱུང་ཚད་ནི་རྒྱུད་འདེད་པར་འབྲེལ་བ་དམ་པོ་ཡོད།40﹪ནས70﹪ཡི་ཡིད་མུག་པའི་ནད་པ་ནི་རྒྱུད་དེད་པ་ལས་བྱུང་བ་རེད།ཡིད་མུག་པའི་ནད་པའི་ཉེ་མི་དང་ནང་སྒོས་སུ་རིམ་པ་དང་པོའི་ཉེ་མི་སྟེ།དཔེར་ན་ཡིད་མུག་ནད་པའི་བུ་ཕྲུག་ལ་ཡིད་མུག་པའི་ནད་འབྱུང་བའི་ཉེན་ཁ་སྤྱིར་བཏང་གི་མི་ལས་ལྡབ2ནས4ཡིས་མཐོ་བ་དང་།ཕ་མ་གཉིས་ཀྱི་གཅིག་ལ་ཡིད་མུག་པའི་ནད་བྱུང་ཡོད་ན།དེའི་བུ་ཕྲུག་ལ་ཡིད་མུག་པའི་ནད་འབྱུང་བའི་ཉེན་ཁ10﹪ནས13﹪གྱིས་མཐོ་བ་དང་།ཕ་རྒྱུད་གཅེན་གཅུང་ལ་ཡིད་མུག་པའི་ནད་འབྱུང་བའི་ཉེན་ཁ2.5﹪ཡིས་མཐོ་བ་རེད།དེ་བས་ཡིད་མུག་པའི་ནད་ནི་གཞུང་ལུགས་ཀྱི་སྟེང་ནས་བཤད་ན་རྒྱུད་འདེད་ཀྱིན་ཡོད་པས།འདིས་ཡིད་མུག་པའི་ནད་པ་དང་ནད་པའི་ཁྱིམ་བདག་ལ་དྲན་སྐུལ་བྱས་ཡོད་པ་སྟེ།ཡིད་མུག་པའི་ནད་པ་དང་ཤ་ཁྲག་གི་འབྲེལ་བ་དམ་པོ་ཡོད་པའི་མིས་དོ་སྣང་བྱེད་དགོས་ལ། གཉིད་མི་ཁུག་པའམ་ཡང་ན་སློབ་སྦྱོང་དང་བྱ་བའི་ནུས་པ་ཇེ་ཞན་དུ་འགྲོ་བ་སོགས་ཀྱི་སྔ་དུས་ཀྱི་ནད་རྟགས་འབྱུང་སྐབས་དོ་སྣང་ལེགས་པོ་བྱས་ཏེ།སྔ་མོ་ནས་ཤེས་ཤིང་སྔ་མོ་ནས་གསོ་བཅོས་བྱེད་དགོས།

ཡིད་མུག་པའི་ནད་བྱུང་བའི་ནད་པའི་དུས་རྒྱུན་གྱི་གཤིས་རྒྱུད་དང་ནད་རིགས་བར་གྱི་འབྲེལ་བའང་ཧ་ཅང་རྙོག་འཛིང་ལྡན་པ་ཞིག་རེད།གཤིས་རྒྱུད་ཁ་ཤས་ཤིག་གིས་ཡིད་མུག་པའི་ནད་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་སྲིད་དེ།དཔེར་ན་སྒྱིད་ལུག་ཅན་གྱི་མི་གཤིས་དང་དོགས་པ་ཅན་གྱི་མི་གཤིས་ཡིན།སྒྱིད་ལུག་ཅན་གྱི་མི་གཤིས་ཞེས་པ་ནི་བྱ་བ་གང་ཞིག་ཡིན་རུང་ངན་སར་བསམ་བློ་གཏོང་བ་དང་།བྱ་བ་དེའི་མི་ལེགས་པའི་ཕྱོགས་ལ་དོ་སྣང་བྱེད་དྲགས་པ་ལ་གོ་ཞིང་།དོགས་པ་ཅན་གྱི་མི་གཤིས་ཞེས་པ་ནི་ཚོར་བ་རྐྱེན་དྲགས་པས།སེམས་ཁྲལ་བྱེད་རྒྱུར་དགའ་བ་ལ་གོ།མི་གཤིས་འདི་གཉིས་ཀྱི་ནད་པ་ནི་སྤྱི་ཚོགས་ཁོར་ཡུག་དང་འཕྲོད་མཐུན་ཡོང་བའི་ནུས་པ་ཞན་ཞིང་།དེའི་གནོན་ཤུགས་ལ་ཁ་གཏོད་པའི་ནུས་པ་ཧ་ཅང་ཞན་པ་རེད།དེ་བས་མི་གཤིས་འདི་གཉིས་ཀྱི་ནད་པས་རང་འགུལ་གྱིས་རང་ཉིད་ལ་འགྱུར་ལྡོག་གཏོང་དགོས་པ་དང་།རང་ཉིད་ཀྱི་གཤིས་རྒྱུད་དང་མི་མཐུན་པའི་མི་དང་གྲོགས་པོ་བསྒྲིགས་ནས།ཅིག་ཤོས་ཀྱི་སྤྲོ་སྣང་གིས་ཁེངས་པའི་མི་ཚེའི་རྣམ་འགྱུར་ལ་སློབ་སྦྱོང་བྱེད་དགོས་ལ།དགོས་ངེས་ཀྱི་སྐབས་སུ་སེམས་ཁམས་ཐད་ཀྱི་ཆེད་ལས་མི་སྣའི་རོགས་རམ་ལ་བརྟེན་དགོས།

ཡིད་མུག་པའི་ནད་བྱུང་བའི་ནད་པ་མང་པོ་ཞིག་གིས་ཡིད་མུག་པའི་ནད་བྱུང་བའི་ཐད་ཀའི་རྒྱུ་རྐྱེན་ཅི་ཞིག་ཡིན་པ་མི་ཤེས་མོད།འོན་ཀྱང་ཞིབ་ཏུ་བརྟག་ན་ནད་དེ་བསླང་བར་བྱེད་པའི་དོན་རྐྱེན་ཞིག་ཡོད་ཁོ་ཐག་ཡིན།ཞིབ་འཇུག་ལས་མངོན་པ་ལྟར་ན།ཡིད་མུག་པའི་ནད་བྱུང་བའི་བུད་མེད་ནད་པར་ནད་མ་བྱུང་བའི་སྔོན་གྱི་ལོ་གཅིག་གི་ནང་འཚོ་བའི་དོན་རྐྱེན་ཚབས་ཆེན་བྱུང་བའི་ཚད་ནི་སྤྱིར་བཏང་གི་མི་ལས་ལྡབ3གྱིས་མཐོ་བ་དང་།ཡང་ཞིབ་འཇུག་གཞན་པ་ཞིག་ལས་མངོན་པ་ལྟར་ན།མི་ཞིག་ཚེ་སྲོག་ལ་ཉེན་ཁ་ཡོད་པའི་འཚོ་བའི་དོན་རྐྱེན་ཚབས་ཆེན་ཞིག་བརྒྱུད་རྗེས་ཀྱི་ཟླ6གི་ནང་།ཡིད་མུག་པའི་ནད་འབྱུང་བའི་ཚད་ལྡབ6གིས་ཇེ་མཐོར་འགྲོ་བ་རེད།དེ་བས་འཚོ་བའི་དོན་རྐྱེན་གྱིས་ཡིད་མུག་པའི་ནད་འབྱུང་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་ཀྱིན་ཡོད་པ་སྟེ།དཔེར་ན་བཟའ་ཟླ་ཚེ་ལས་འདས་པའམ་ཡང་ན་གཉེན་འཐོར་བ།བཟའ་ཟླ་འགྲིག་མཐུན་མིན་པ།ལས་ཀ་ཤོར་བ།ལུས་པོར་ནད་ལྕི་མོ་ཕོག་པ།ཁྱིམ་མི་ལ་ནད་ལྕི་མོ་ཕོག་པའམ་ཡང་ན་གློ་བུར་དུ་ཚེ་ལས་འདས་པ་སོགས་ནི་ཡིད་མུག་པའི་ནད་འབྱུང་བའི་རྒྱུ་རྐྱེན་དུ་འགྱུར་ངེས་རེད།དེ་བས་འཚོ་བའི་ཁྲོད་དོན་རྐྱེན་ཚབས་ཆེན་འདིའི་རིགས་བྱུང་བའི་སྐབས་སུ།ངེས་པར་སྤྱི་ཚོགས་ཀྱི་རོགས་རམ་ཡོང་རོགས་ཞུས་ཏེ།རང་ཉིད་དཀའ་ཁག་དེ་ལས་བརྒལ་བ་དང་ཡིད་མུག་པའི་ནད་འབྱུང་བར་གཡོལ་དགོས།

ཡིད་མུག་པའི་ནད་ཀྱི་འབྱུང་རྐྱེན་ལ་སྐྱེ་དངོས་རིག་པ་དང་སེམས་ཁམས་སྟེང་གི་རྒྱུ་རྐྱེན་མང་པོ་ཡོད་པས།ངོ་མས་བཤད་ན།ཡིད་མུག་པའི་ནད་འབྱུང་བ་ནི་ལག་གཅུ་བརྒྱག་པ་དང་ཀུན་ནས་མཚུངས་ཏེ།ནང་སེམས་ལ་ནུས་པ་དྲག་པོ་ཞིག་ལྡན་པར་མ་ཟད་ཕ་རོལ་པའི་ནུས་པ་རང་ཉིད་ལས་ཞན་ན།རྒྱལ་ཁ་ལོན་ཁོ་ཐག་ཡིན།ནང་སེམས་ཀྱི་ནུས་པ་དེ་ནི་རྒྱུད་འདེད་དང་གཤིས་རྒྱུད་སོགས་ཀྱི་རྒྱུ་རྐྱེན་ཡིན་པ་དང་།ཕྱི་རོལ་ཡུལ་གྱི་རྡུང་རྡེག་ནི་ཕ་རོལ་བ་དེ་དང་མཚུངས་བ་རེད།དེའི་ཕྱིར་ཡིད་མུག་པའི་ནད་སྔོན་འགོག་བྱེད་དགོས་ན།ངེས་པར་རང་ཉིད་ཀྱི་སྙིང་སྟོབས་ཇེ་ཆེར་གཏོང་བ་དང་མཉམ་དུ་ད་རུང་ཕྱི་རོལ་ཡུལ་གྱི་རྡུང་རྡེག་ལ་གཡོལ་དགོས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།