གཅིན་སྙི་ཟ་ཁུའི་ནད་པས་སྐོམ་ཆུ་འདིའི་རིགས་འཐུང་མི་རུང་།

ཚོང་རའི་ནང་དུ་སྐོམ་ཆུའི་རིགས་རྣམ་པ་སྣ་ཚོགས་ཡོད་མོད། འོན་ཀྱང་གཅིན་སྙི་ཟ་ཁུའི་ནད་པས་འཐུང་རུང་མིན་གཉིས་ཀ་ཡོད། གཤམ་དུ་ཆེད་མཁས་པས་དེའི་ཐད་གྲོས་གཞི་བཏོན་ཡོད་པ་སྟེ།

1.ཐཱན་སྐྱུར་སྐོམ་ཆུ། དེའི་ནང་དུ་མངར་ཆ་འདུས་ཚད་མཐོ་བར་མ་ཟད།སོ་རུལ་བའི་ཚད་ཇེ་མགྱོགས་སུ་གཏོང་བ་དང་།གཞན་ད་རུང་རུས་སོབ་ནད་འབྱུང་སླ་བ་རེད། གཅིན་སྙི་ཟ་ཁུའི་ནད་པར་རུས་སོབ་ནད་འབྱུང་བའི་ཉེན་ཁ་ཧ་ཅང་ཆེ་བས།ཐཱན་སྐྱུར་སྐོམ་ཆུ་མ་འཐུང་ན་བཟང་།

2.འོ་ཇ། ཉེ་ཆར་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པས་འོ་ཇའི་རིགས་མང་པོར་བརྟག་དཔྱད་བྱས་པ་ལས་ཤེས་པ་ལྟར་ན། ཧའོ་ཧྲིན750ཅན་གྱི་འོ་ཇ་དཀྱུས་མ་ཕོར་བ་གང་གི་ནང་དུ་མངར་ཆ་ཁེ11ནས99འདུས་པ་དང་། ཚིལ་སྣ་ཁེ58.5འདུས་ལ། ཁའོ་ཧྥེའི་རྒྱུ་ཧའོ་ཁེ334/ཧྲིན་འདུས་པ་དང་། མངར་ཆ་མི་འདུས་པར་བཤད་ཡོད་པའི་འོ་ཇའི་ནང་དུའང་མངར་ཆ་ཁེ2.2ནས7.9འདུས་པས། གཅིན་སྙི་ཟ་ཁུའི་ནད་པས་ཚོང་རའི་ནང་གི་འོ་ཇའི་རིགས་འཐུང་མི་རུང་།

3.ཆང་གི་རིགས། ཆང་བཅུད་ཀྱིས་གནས་སྐབས་སུ་ཁྲག་ཧྭགས་འདུས་ཚད་ཇེ་དམའ་རུ་གཏོང་བ་དང་། དེ་ནས་མྱུར་དུ་ཇེ་མཐོར་འགྲོ་བས།གཅིན་སྙི་ཟ་ཁུའི་ནད་པའི་ལུས་ཕུང་ལ་གནོད་པ་ཧ་ཅང་ཆེ། ཀྲུང་གོའི་གཅིན་སྙི་ཟ་ཁུའི་སྔོན་འགོག་ཕྱོགས་སྟོན(2017ལོའི་པར་གཞི)སྟེང་གསལ་པོར་བསྟན་ཡོད་པ་སྟེ། གཅིན་སྙི་ཟ་ཁུའི་ནད་པས་ཆང་འཐུང་མི་རུང་མོད། འོན་ཀྱང་ངོ་མ་འཐུང་འདོད་བྱུང་ན་ཚོད་འཛིན་བྱེད་དགོས། བུད་མེད་ཀྱིས་ཉིན་གཅིག་གི་ཆང་བཅུད་ཚད་ཁེ15(ཝུ་ཆང་ཧའོ་ཧྲིན350དང་རྒུན་ཆང་ཧའོ་ཧྲིན150།ཆང་དཀར་ཧའོ་ཧྲིན45བཅས་དང་མཚུངས)ལས་མི་བརྒལ་བ་དང་། སྐྱེས་པས་ཁེ25ལས་མི་བརྒལ་བ་དང་གཟའ་འཁོར་རེར་ཐེངས་གཉིས་ཡན་འཐུང་མི་རུང་།

4.གསར་དུ་བཙག་པའི་སིལ་ཁུ། གསར་དུ་བཙག་པའི་སིལ་ཁུའི་ནང་དུ་སིལ་ཏོག་མང་པོའི་མངར་ཆ་འདུས་པས། མང་པོ་འཐུང་ན་ཁྲག་ཧྭགས་ཀྱི་འདུས་ཚད་ཇེ་མཐོར་འགྲོ་སླ། དེ་ལས་ཀྲོ་མ་ཀྲི་དང་ཧོང་ཀྭ།པོ་ཚལ་སོགས་ཀྱི་ནང་དུ་མངར་ཆའི་འདུས་ཚད་ཉུང་བར་མ་ཟད།ཆུའི་འདུས་ཚད་མཐོ་བ་དང་འཚོ་རྒྱུ་མང་པོ་འདུས་པས་ཁུ་བ་བཙག་ནས་འཐུང་ན་ཧ་ཅང་བཟང་།

5.ཁའོ་ཧྥེ། ཁའོ་ཧྥེ་ནང་གི་ཁའོ་ཧྥེའི་རྒྱུ་དང་ཁའོ་ཧྥེ་སྡེབ་ཀྱི་ནང་དུ་ཚིལ་སྐྱུར་མང་པོ་འདུས་པས། ཀླད་སྙིང་ཁྲག་རྩའི་ནད་ལ་མི་ཕན། དེའི་ཕྱིར་ཀླད་སྙིང་ཁྲག་རྩའི་ནད་བྱུང་བའི་ནད་པས་ཁའོ་ཧྥེ་མ་འཐུང་ན་བཟང་།

གཅིན་སྙི་ཟ་ཁུའི་ནད་པས་གཤམ་གྱི་སྐོམ་ཆུ་འདི་དག་འཐུང་ཆོག་པ་སྟེ། འོ་མའི་ནང་དུ་སྲོག་ཆགས་ཀྱི་སྤྲི་དཀར་དང་འོས་འཚམ་གྱི་ཚིལ་སྣ། འཚོ་རྒྱུ་དང་གཏེར་རྒྱུ་སོགས་འདུས་པས།ཉིན་རེར་ཧའོ་ཧྲིན300རེ་མ་ཆད་པར་འཐུང་ན་ཧ་ཅང་བཟང་། སྲན་ཁུའི་ནང་གི་སྲན་ཆེན་ཐུམ་སེར་གྱིས་མངར་ཆ་གསར་བརྗེ་བྱེད་པར་ཧ་ཅང་ཕན་པས། ལུས་པོ་ཅུང་ཚོ་ཞིང་ཁྲག་ཤེད་དང་ཁྲག་ཚིལ་ཅུང་མཐོ་བའི་གཅིན་སྙི་ཟ་ཁུའི་ནད་པས་འཐུང་ན་ལུས་པོར་ཧ་ཅང་ཕན། འཇར་མན་གྱི་ཞིབ་འཇུག་ཞིག་ལས་མངོན་པ་ལྟར་ན། ཉིན་རེར་ཇ་ཕོར་བ4རེ་འཐུང་ན་གཅིན་སྙི་ཟ་ཁུའི་ནད་ཀྱི་ཉེན་ཁ16﹪གིས་ཇེ་དམའ་རུ་འགྲོ་བ་དང་། འཇར་པན་གྱི་ཞིབ་འཇུག་ཅིག་ལས་ཤེས་པ་ལྟར་ན་ཇ་མང་དུ་འཐུང་ན་ཁྲག་ཧྭགས་དོ་མཉམ་ཡོང་བར་ཕན་པ་ཆེན་པོ་ཡོད། ཇ་འཐུང་ན་ཇ་དྭངས་མ་འཐུང་དགོས་པར་མ་ཟད། རང་ཉིད་ཀྱིས་སྦང་ནས་འཐུང་དགོས་པ་ལས།ཚོང་ཁང་ནང་གི་མངར་ཆ་འདུས་པའི་ཇ་འཐུང་མི་རུང་ངོ་།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།