ཡོད་ཚད་ད་ལྟ་ནས་འགོ་རྩོམ་པ་དང་རང་ཉིད་ནས་འགོ་རྩོམ་དགོས།

ཡོད་ཚད་ད་ལྟ་ནས་རང་ཉིད་ནས་འགོ་རྩོམ་དགོས།

—《ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་ཐོ་རེངས་ཆུ་ཚོད་བཞི་དང་ཕྱེད་ཀ》ཞེས་པ་བཀླགས་པའི་མྱོང་ཚོར།

WechatIMG120.jpeg

ཉེ་སྔོན་དྲྭ་ལམ་སོགས་སུ《ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་ཆུ་ཚོད་བཞི་དང་ཕྱེད་ཀ》ཞེས་པའི་དཔེ་འཕྲིན་ཞིག་ས་ཁྱབ་རྡོ་ཁྱབ་དུ་འགྲོ་བཞིན་འདུག ཁོ་བོས་རྨ་ལྷོ་ཁུལ་གྱི་མེ་ལོང་དཔེ་ཁང་ནས་དཔེ་ཆ་འདི་ལག་སོན་བྱུང་ལ། ཕ་ཡུལ་དུ་ཡོང་ནས་དབུགས་ཐེངས་གཅིག་གིས་གིས་བཀླགས་ཚར་བར་བྱས། ང་ལ་མཚོན་ན་དཔེ་ཆ་འདི་ཡང་ཕུན་སུམ་ཚོགས་པའི་བསམ་པའི་ལོངས་སྤྱོད་བླ་ན་མེད་པ་ཞིག་ཏུ་ངེས་ཤེས་བྱུང་། དཔེ་ཆ་འདིས་སློབ་གཉེར་བ་རྣམས་ཀྱིས་ནམ་ཡང་ལྟོགས་པས་ཟས་དང་སྐོམ་པས་ཆུ་འདོད་པ་ལྟར་རེ་སྨོན་བྱེད་སའི་ཨ་རིའི་ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་སྐོར་ཁོ་ན་བརྗོད་ཀྱིན་འདུག དཔེ་ཆ་འདིའི་མཚན་བྱང་ནི་དབྱིན་ཇིའི་བརྙན་འཕྲིན་ཁང་ཞིག་ཧ་ཝར་ཊི་གཙུག་ལག་སློབ་ཆེན་དུ་བསྐྱོད་དེ་མིང་ལ《ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་ཐོ་རེངས་ཆུ་ཚོད་བཞི་དང་ཕྱེད་ཀ》ཞེས་པའི་དངོས་བྲིས་ལེ་ཚན་ཞིག་ཕབ་བསྐྲུན་བྱས་པ་ལས་བྱུང་བ་ཡིན་ཞིང་། སྐུ་ཞབས་རུ་མང་ཀླུ་མཁར་རྒྱལ་གྱིས་བོད་ཡིག་ཏུ་བསྒྱུར་ཏེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་གནང་འདུག

ཚང་མས་མཁྱེན་གསལ་ལྟར། ཧ་ཝར་ཊི་གཙུག་ལག་སློབ་ཆེན་ནི་འཛམ་གླིང་དུ་གཞན་དྲིང་མི་འཇོག་པའི་སློབ་ཆེན་རྩེ་གྲས་དེ་རེད། སློབ་གྲྭ་འདི་གསར་དུ་བཙུགས་ནས་བགྲང་བྱ380ལྷག་འགོར་བའི་རིང་། སློབ་ཆེན་འདིས་ཨ་རིའི་སྲིད་འཛིན8དང་། ནའོ་པེར་གཟེངས་རྟགས་བཞེས་མཁན40། ཕུ་ལེ་ཛྷི་གཟེངས་རྟགས་བཞེས་མཁན40། རྒྱལ་ཁོངས་ལས་བརྒལ་བའི་སྤྱི་གཉེར་ཁང་གི་སྤྱི་འདོམས་པ་བཅུ་ཕྲག་ལྷག་བསྐྱངས་པ་རེད། 《ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་ཐོ་རེངས་ཆུ་ཚོད་བཞི་དང་ཕྱེད་ཀ》ཞེས་པའི་དཔེ་ཆ་འདིས་གོང་གི་གྲུབ་འབྲས་འདི་དག་ཇི་ལྟར་བླངས་པ་དང་། ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་སྒྲིག་གཞི་དང་དོ་དམ། ཁོར་ཡུག་སོགས་ཇི་འདྲ་ཡིན་པའི་སྐོར་ང་ཚོར་ངོ་སྤྲོད་ཡག་པོ་གནང་འདུག དཔེ་ཆ་འདིར་བསྡོམས་པས་ལེའུ་བཅུ་རུ་ཕྱེས་འདུག་སྟེ། ལེའུ་དང་པོ། བརྩོན་པ་ཧུར་གྱིས་བསྐྱེད་ན་འཇིག་རྟེན་འདི་ན་དཀའ་བ་མེད། ལེའུ་གཉིས་པ། ང་ཡིས་དོན་འཁྱོངས་པའི་ཡིད་ཆེས་ཡོད། ལེའུ་གསུམ་པ། རྣམ་པར་དག་པའི་ལྷག་བསམ་ནི་ཡར་རྒྱས་ཀྱི་འཕར་རྩ་ཡིན། ལེའུ་བཞི་བ། ལག་ལེན་གསེར་གྱི་ཐིགས་པར་བསྒྱུར་དགོས། ལེའུ་ལྔ་བ། རིག་པའི་རྒྱ་མཚོ་མྱུལ་བའི་བློ་སྤོབས་མཁོ། ལེའུ་དྲུག་པ། བསམ་གཞིག་གི་བཀག་རྒྱ་གཏོར་ནས་གསར་གཏོད་ཀྱི་སྒོ་མོ་དབྱེ་དགོས། ལེའུ་བདུན་པ། དུས་ཚོད་ནི་རླབས་ཆེ་བའི་སློབ་དཔོན་དམ་པ་དེ་ཡིན། ལེའུ་བརྒྱད་པ། བདག་ཉིད་དོ་དམ་དང་སྙིང་རུས་ཀྱི་དོན་འཁྱོངས་པར་བྱེད་དགོས། ལེའུ་དགུ་བ། ཕུགས་བསམ་ཅི་ལྟ་བུ་ཞིག་ཡོད་ན་མི་ཚེ་དེ་ལྟ་བུ་ཞིག་ཡིན། ལེའུ་བཅུ་བ། ཆེས་ལེགས་པའི་གོ་སྐབས་ནི་ནམ་ཡང་ཐེངས་གཅིག་མ་གཏོགས་མེད། བཅས་སོ། དཔེ་ཆ་འདིའི་ནང་གི་རྩོམ་ཡིག་རེ་རེའི་མགོར་ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་ཡར་སྐུལ་གདམས་ངག་རེ་དང་རྩོམ་གྱི་མཇུག་ཏུ་ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་དོན་འཁྱོངས་མན་ངག་རེ་གསུངས་འདུག བལྟོས་ས་བལྟས་འཇོག་གིས་བཤད་ན། དོན་དག་ཆུང་ཆུང་འདི་ཙམ་ཞིག་གིས་ཀྱང་དཔེ་ཆ་འདིའི་རང་སྟེང་གི་དགེ་མཚན་མང་པོ་ཞིག་མངོན་གྱིན་འདུག་སྙམ། ད་དུང་དོན་དག་གལ་ཆེན་རེ་རེ་གསལ་བཤད་བྱེད་སྐབས་གཏམ་རྒྱུད་འཆད་པའི་ལམ་ནས་གོ་བདེར་བཏང་བས་ཀློག་མཁན་རྣམས་ལ་དེ་བས་ཀྱང་བློ་སྐྱེད་ཟབ་མོ་ཞིག་སྟེར་གྱིན་འདུག་ལ། མི་རེ་རེའི་བསམ་གཞིགས་ཀྱི་ནུས་པ་སྐྱེད་བསྲིང་བྱེད་པར་དེ་བས་ཀྱང་ཐབས་ལམ་ཡག་པོ་ཞིག་བསྟན་འདུག དཔེ་ཆ་འདི་བཀླགས་པ་བརྒྱུད་ནས་ཁོ་བོར་བག་ཆགས་ཆེས་ཟབ་མོ་ཞིག་བཞག་པར་གཙོ་བོ་ཕྱོགས་ལྔ་ཡི་ཐད་ནས་རང་གི་མྱོང་ཚོར་གླེང་གི་ཡིན།

དང་པོ། ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱིས་ཐབས་དང་ཤེས་རབ་གཉིས་ལས་ཐབས་གཙོ་བོར་འཛིན་པ།

ང་ཚོས་ནམ་རྒྱུན་ཐབས་ཤེས་ཟུང་འབྲེལ་ཞེས་གླེང་གིན་ཡོད། ཡིན་ནའང་། ཧ་ཝར་ཊི་སློབ་ཆེན་ལ་མཚོན་ན། ཐབས་ཤེས་གཉིས་ལས་ཐབས་གཙོ་བོར་འཛིན་གྱིན་མེད་དམ་སྙམ། “ཧ་ཝར་ཊི་ཡི་སློབ་མ་དག་གིས་དངོས་ཡོད་ཀྱི་བྱ་སྤྱོད་ལ་བརྟེན་ནས“རིག་པ་ནི་བརྩོན་པ་ལས་འབྱུང་བའི”གནས་ལུགས་གསལ་འགྲེལ་བྱས་ཡོད། ང་ཚོས་གསལ་ཐག་ཆོད་དེ་ཤེས་པ་ནི་ལྷན་སྐྱེས་ཀྱི་རིག་པ་ཡིས་རང་ཉིད་སྔར་ལས་ཕུལ་བྱུང་དུ་གཏོང་མི་ནུས། བརྩོན་པ་ཡིས་ད་གཟོད་རང་ཉིད་ལ་ཚད་མེད་པའི་འོད་ཟེར་སྤྲོ་ནུས་པ་ཡིན”ཟེར།(1) རླབས་ཆེན་གྱི་སྒྱུ་རྩལ་པ་རེ་ཎོ་ཡིས་ཀྱང“གལ་ཏེ་ཁྱོད་རང་མི་གཞན་ལས་རིག་རྒོད་མིན་ལ་དམིགས་བསལ་གྱི་ཁྱད་ནུས་གང་ཡང་མེད་ན། འབད་པ་ཡིས་ཁྱོད་ཀྱི་མི་འདང་ས་ཁ་གསབ་བྱེད་ཐུབ། གལ་ཏེ་ཁྱོད་ལ་དམིགས་འབེན་གསལ་བོ་ལྡན་ཞིང་བྱ་བ་བྱེད་པའི་ཐབས་ཤེས་འཛོམས་ན་འབད་པ་ཡིས་ཁྱོད་རང་ལམ་ལྷོངས་འབྱུང་བར་རོགས་རམ་བྱེད་ཐུབ་པ་ཡིན། ”ཞེས་གསུངས།(2) སྐད་ཆ་འདི་དག་གིས་རིག་པ་དང་བརྩོན་འགྲུས་གཉིས་ལས་བརྩོན་འགྲུས་གཙོ་བོར་བསྟན་པ་ཡིན་ཏེ། སྐྱེས་ཐོབ་ཀྱི་ཤེས་རབ་ཅན་དག་གིས་ཀྱང་བརྩོན་པ་མ་བསྐྱེད་ན་མཇུག་མཐར་ཁོ་རང་ཡང་རྨོངས་པར་འགྱུར་པ་ལས་འོས་མེད་ཅེས་བྱ་བ་གང་ཞིག་བསྒྲུབ་ཀྱང་གཙོ་བོ་ནི་བརྩོན་འགྲུས་ཡིན་པ་གསལ་ཁ་བཏོད་ཡོད། བརྩོན་འགྲུས་ནི་ཐབས་ཤེས་གཉིས་ལས་ཐབས་ཀྱི་ཁོངས་སུ་གཏོགས་ལ། མི་ཞིག་ལེགས་འགྲུབ་འབྱུང་དགོས་ན་གཙོ་བོ་ཐབས་ལམ་ཡང་དག་པ་ཞིག་བཙལ་ནས་རྙེད་རྒྱུ་དེ་མི་སྐྱེས་ཀྱི་རིན་ཐང་དང་པོ་ཡིན་ཟེར། ཁྱོད་ལ་ལེགས་འགྲུབ་འབྱུང་དགོས་ན་ནམ་ཡང་སྒྱིད་ལུག་གི་སྒོ་མོ་གཏན་དུ་རྒྱག་དགོས། ཧ་ཝར་ཊིའི་གཙུག་ལག་སློབ་ཆེན་གྱི་ཡར་སྐུལ་གདམས་ངག་ཅིག་ལ། སྒྱིད་ལུག་ནི་ངན་དགུའི་འབྱུང་རྩ་ཡིན། དེས་མི་ཞིག་རྩ་མེད་དུ་གཏོང་སླ་ཞིང་། ཐ་ན་མི་རིགས་ཤིག་ཀྱང་རྨེག་མེད་དུ་གཏོང་ཐུབ་ཟེར། དེ་བས་ལྕགས་དབྱུག་ཁབ་ཏུ་བསྒྱུར་བའི་བརྩོན་པ་བསྐྱེད་དེ། རང་གི་མ་འོངས་པ་རང་གི་བརྩོན་འགྲུས་ལ་བརྟེན་ནས་འོད་ཟེར་གྱི་ལམ་ཆེན་དེ་བཏོད་དགོས། འབད་པ་དང་བརྩོན་འགྲུས་ནི་ཧ་ཝར་ཊི་གཙུག་ལག་སློབ་ཆེན་ལ་མཚོན་ལ་ཆེས་ཐོག་མའི་རྨང་གཞི་ཡིན་འདུག

གཉིས་པ། རང་ཉིད་ལ་ཡིད་ཆེས་དང་རང་རྟོན་གྱི་བསམ་བློ་ཡོད་དགོས།

མི་སུ་ཞིག་ཡིན་རུང་རང་ཉིད་རང་ལ་ཡིད་ཆེས་མེད་པ་དང་རང་རྟོན་གྱི་བསམ་བློ་མེད་པ་ཡིན་ན། མི་དེ་ནི་རང་གཤིས་ཀྱི་ཉམ་ཞན་དང་བྲན་གཡོག་གི་འདུ་ཤེས་ལས་འདའ་མི་ཐུབ། མི་དེ་རིགས་ལ་ནམ་ཡང་ཡར་ཐོན་ཟེར་བ་ཞིག་འབྱུང་དཀའ་ལ། བྱ་བ་གང་ཞིག་བསྒྲུབ་ཀྱང་དེ་འདྲའི་ལེགས་འགྲུབ་ཅིག་འབྱུང་རྒྱུ་ཡང་ཧ་ཅང་དཀའ་བའི་ཚོད་ཡིན། “ཧ་ཝར་ཊི་བ་རྣམས་ཀྱིས“རང་རྟོན་ནི་རང་ཉིད་ངོས་འཛིན་དང་རང་ཉིད་ལ་བཀུར་བསྟི་བྱེད་པའི་རྗེས་དཔག་གི་འཚོ་བའི་རྣམ་འགྱུར་ཞིག་ཡིན། གལ་ཏེ་ན་གཞོན་ཞིག་ལ་རང་རྟོན་གྱི་བསམ་པ་མེད་ཚེ་ཉམ་ང་བའི་སེམས་ཁམས་གནས་སྟངས་ཤིག་འབྱུང་བ་ཡིན།”ཟེར།(3) ད་དུང་ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་དོན་འཁྱོངས་མན་ངག་ཅིག་ལ“མི་ཞིག་ལ་རྒྱལ་ཁ་འཐོབ་པར་འདོད་ན་ངེས་པར་དུ་འཛོམས་དགོས་པའི་གཤིས་ནུས་གང་མང་ལྡན་ཞིང་། དེའི་ཁྲོད་ཆེས་གལ་འགངས་ཆེ་བ་ནི་རང་རྟོན་གྱི་བསམ་པ་ཡིན།”ཞེས་ནན་བཤད་བྱེད། མི་ཞིག་ལ་མཚོན་ན་རང་ཉིད་ལ་ཡིད་ཆེས་མེད་པ་དང་ཡིད་རྟོན་མེད་པ་ནི་མཐར་གཏུགས་ན་རང་ཉིད་ལ་དམིགས་ཡུལ་དང་ཕུགས་བསམ་མེད་པ་ཡིན། སྲིད་པའི་འཇིག་རྟེན་ཁམས་ཆེན་པོ་འདིར་འཚོ་བའི་མི་ཞིག་ཡིན་པའི་ཆ་ནས་རང་ཉིད་ལ་ཡིད་རྟོན་དང་མིག་རྒྱང་རིང་པོ་ཡོད་དགོས་ཏེ། དེ་ལྟ་མིན་ཚེ་དུས་རབས་ནི་མདུན་ནས་མདུན་དུ་སྐྱོད་བཞིན་ཡོད་པས་ཁྱོད་རང་ཀུན་གྱི་རྗེས་སུ་བསྐྱུར་ངེས་རེད། གནས་ཚུལ་ཅི་འདྲ་ཞིག་ལ་འཕྲད་ཀྱང་ཁྱོད་ལ་རང་གི་སྤོབས་པ་དང་སྙིང་སྟོབས་ཡོད་ན་ཁྱོད་ཀྱིས་མི་འགྲུབ་པའི་དམིགས་བསལ་གྱི་བྱ་བ་དཀའ་ཁག་ཅན་ཞིག་ཡོད་མི་སྲིད། ནམ་ཡང་ཁྱོད་ཀྱི་བྱ་བ་མཐའ་དག་དེ་འདྲའི་བདེ་བླག་ཅིག་མིན་པ་ནི། གཙོ་བོ་ཁྱོད་ལ་རང་རྟོན་གྱི་བསམ་བློ་མེད་པས་ལན་པ་རེད།རང་རྟོན་གྱི་བསམ་བློ་མེད་པ་དེ་གཙོ་བོ་ཁྱོད་ཀྱི་རང་དམན་གྱི་འདུ་ཤེས་ལས་བྱུང་བ་ཡིན། འཇིག་རྟེན་འདིའི་མི་ཚང་མ་ཕན་ཚུན་འདྲ་མཉམ་ཡིན་ལ། ཁྱོད་ཀྱིས་འཇོན་པ་དེ་ང་ཡིས་མི་འཇོན་པའི་གནས་ལུགས་ཤིག་བཙལ་དུ་མེད།དེ་བས་ཁྱོད་ལ་འདྲ་མཉམ་གྱི་བསམ་བློ་དང་རང་རྟོན་ཡོད་དགོས་ལ། མ་འོངས་པར་རང་ཉིད་ཅིས་ཀྱང་རྒྱལ་བར་འགྱུར་བའི་སྤོབས་པ་དང་དཔའ་གདེང་ཡོད་དགོས།

གསུམ་པ། ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱིས་དུས་ཚོད་དང་གོ་སྐབས་གཉིས་ཧ་ཅང་དམ་འཛིན་བྱེད་མཁས་པ།

ཁྱོད་ཀྱིས་དུས་ཚོད་ལ་སྒུག་སྲིད་ཀྱང་དུས་ཚོད་ཀྱིས་ཁྱོད་ལ་སྒུག་མི་སྲིད། དེ་བཞིན་དུ་གོ་སྐབས་ཀྱང་དུས་ཚོད་ལ་རག་ལས་ཤིང་། དུས་ཚོད་ནང་གི་དུས་ཚོད་དེ་འཛིན་མ་ཐུབ་ཚེ་གོ་སྐབས་ཀྱང་ཤོར་སོང་བ་ཡིན། “མི་ཤེས་རབ་ཅན་ཞིག་གིས་རང་ཉིད་ཀྱི་སློབ་མར་འདི་སྐད་དུ་དྲིས། “ཁྱོད་ཀྱིས་འཛམ་གླིང་སྟེང་གི་ཆེས་རིང་བ་ནི་ཅི་ཞིག་ཡིན་པ་ཤེས་སམ།”

སློབ་མས་གཏན་ནས་མ་ཤེས་པར་མགོ་བོ་གཡུག་གཡུག་བྱས།

“འོ་ན་འཛམ་གླིང་སྟེང་ཆེས་ཐུང་བ་ནི་ཅི་ཞིག་ཡིན་ནམ།”

སློབ་མས་སྔར་བཞིན་ལན་གདབ་མ་ཐུབ། མི་ཤེས་རབ་ཅན་དེའི་གདོང་ལ་འཛུམ་གྱིས་ཁེངས་ནས་སློབ་མར་བརྗོད་དོན། “འཛམ་གླིང་སྟེང་ཆེས་རིང་བ་དུས་ཚོད་ཡིན། ཆེས་ཐུང་བ་ཡང་དུས་ཚོད་ཡིན། རྒྱུ་མཚན་ནི་དུས་ཚོད་ནི་རིང་པའི་དུས་སུ་མགོ་རྔ་མེད། ཐུང་བའི་དུས་སུ་མིག་རྡེབ་དབང་ཙམ་གྱིས་བཞུད་ནས་འགྲོ”ཟེར།(4) དུས་ཚོད་ནི་དངོས་གནས་དེ་འདྲ་ཞིག་ཡིན་ཏེ། ཁྱོད་རང་ཕར་འཁོར་ཚུར་འཁོར་དང་། མིག་རྡེབ་དབང་ཙམ་གྱི་རིང་ལའང་ཆེས་ལེགས་པའི་གོ་སྐབས་དེ་དག་ཤོར་ནས་བུད་འགྲོ། དེ་བས་ཧ་ཝར་ཊི་བ་རྣམས་ཀྱིས་དུས་ཚོད་ལ་རང་གི་དཔྲལ་བའི་མིག་ལྟར་གཅེས་ཤིང་། དཔེ་མཛོད་ཁང་དང་ཟ་ཁང་སོགས་གང་དུའང་དུས་ཚོད་དམ་འཛིན་གྱིས་དཔེ་ཀློག་དང་ཟིན་བྲིས་འདེབས་པ། བསམ་གཞིག་གཏོང་བ་སོགས་བྲེལ་འཚུབ་ཀྱི་རྣམ་པ་ཞིག་གིས་ཁེངས་འདུག དཔེ་ཆ་འདིའི་ཐོ་རེངས་ཆུ་ཚོད་བཞི་དང་ཕྱེད་ཀ་ཅེས་པའང་གཙོ་བོ་རིན་ཆེན་གསེར་ལས་དཀོན་པའི་དུས་ཚོད་ལ་བཤད་ཀྱིན་ཡོད། ཧ་ཝར་ཊི་སློབ་ཆེན་ནས་དུས་ཚོད་འཕྲོ་བརླག་ཏུ་བཏང་སྟེ་གཉིད་ལྕོག་རྒྱག་པའི་སློབ་མ་ཞིག་མཐོང་མི་ཐུབ། ཁོ་ཚོས་དེ་རིང་གཉིད་ལྕོག་བརྒྱབ་པའི་ཁ་ཆུ་ནི་སང་ཉིན་གྱི་མིག་ཆུ་རུ་འགྱུར་བ་རྟོགས་ཡོད། དོན་དག་ཅི་ཞིག་བསྒྲུབ་ཀྱང་ཁྱོད་ཀྱིས་འཕྱི་སོང་སྙམ་པའི་དུས་དེ་ནི་ཏག་ཏག་འགོ་རྩོམ་ས་ཆེས་ཡག་ཤས་ཡིན་ཏེ། སང་ཉིན་ཁོ་ནར་བསྒུག་བསྡད་ན་ནམ་ཡང་དེ་རིང་ལག་ཏུ་ཆུད་ཐབས་བྲལ་ཞིང་། གལ་ཏེ་དེ་རིང་ལངས་ནས་འགྲོ་མི་འདོད་ན་སང་ཉིན་ཁྱོད་རང་གོག་ནས་འགྲོ་དགོས་རྒྱུ་རེད་ཟེར། ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་དོན་འཁྱོངས་མན་ངག་ཅིག་ལ། འཕྲལ་དུ་ལག་ལེན་དུ་བཏབ་སྟེ་ད་ལྟ་ནས་འགོ་བརྩམས་ན་ཁྱོད་རང་སུ་ཡི་རྗེས་སུའང་ལུས་མི་སྲིད།ཟེར། ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་ཡར་སྐུལ་གདམས་ངག་ཅིག་ལ“དུས་ཚོད་ཆུད་ཟོས་སུ་གཏོང་བ་ནི་གནམ་ལ་མི་ཤོང་བའི་ཉེས་པ་ཆེན་པོ་ཞིག་ཡིན།”ཟེར། ང་ཚོས་དུས་ཚོད་ལ་གཅེས་སྤྲས་བྱེད་པ་ནི་རང་གི་ལུས་པོར་གཅེས་སྐྱོང་བྱེད་པ་དང་འདྲ་ལ།འཇིག་རྟེན་འདིར་ཆེས་དཀོན་པའི་ཐོན་ཁུངས་དེ་ཡང་དུས་ཚོད་ལས་གཞན་ཞིག་མ་ཡིན། “དུས་ཚོད་ཀྱི་དོན་སྙིང་གིས་ང་ཚོའི་ཕུགས་བསམ་གྱི་འདུན་མ་འགྲུབ་པར་བྱེད་ཅིང་། ཧུར་ཐག་གིས་རང་ཉིད་མཐོར་འདེགས་བཏང་ཆོག་པ་དེ་ཡིན། ལྷག་ལུས་ཀྱི་དུས་ཚོད་ཉུང་ནས་ཉུང་དུ་བྲི་དུས་སུ་ཚེ་མཇུག་ལ་སླེབས་པ་ཡིན་ཤས་ཆེ་བས་སྐབས་དེར་འབད་པ་བྱེད་འདོད་ཡོད་ཀྱང་ཡོད་ཚད་འཕྱིས་སོང་བ་རེད།”(5) དེ་བས་ཧ་ཝར་ཊི་བ་རྣམས་ཀྱིས་དུས་ཚོད་ཀྱི་རིན་ཐང་སྔ་མོ་ཞིག་ནས་རྟོགས་ཡོད་ཅིང་། དུས་ཚོད་དང་གོ་སྐབས་དམ་འཛིན་བྱ་རྒྱུ་དེ་ཚེ་སྲོག་གི་རྒྱལ་ཕམ་ཅིག་ལ་ངོས་འཛིན་གནང་འདུག ཁོ་ཚོས་གོ་སྐབས་ནི་རང་ཉིད་ཀྱིས་དམ་འཛིན་བྱེད་དགོས་པ་ཞིག་ཡིན་པ་ཤེས་པར་མ་ཟད། མི་ཚེ་ནི་ཧ་ཅང་ཐུང་ཞིང་གོ་སྐབས་ཀྱང་ཐེངས་གཅིག་གཉིས་རེ་ལ་མ་གཏོགས་ཐོབ་མི་སྲིད་པས་ངེས་པར་དུ་སྐབས་བསྟུན་གྱིས་ཐག་གཅོད་བྱས་ན་མ་གཏོགས་གོ་སྐབས་འཆོར་སྲིད་པའང་མཁྱེན་ངེས་ཡིན་པས། གོ་སྐབས་དམ་འཛིན་བྱེད་རྒྱུ་དེའང་མཐར་གཏུགས་ན་རང་ཉིད་ཀྱི་འཇོན་ཐང་ལ་ཐུག་ཡོད་པ་ཞིག་རེད།

བཞི་བ། གསར་གཏོད་ནི་འཇོན་ཐང་ཅན་ལ་གཏོགས་པའི་མཐའ་མཇུག་གི་རྒྱལ་ཁ་དེ་ཡིན།

གསར་གཏོད་མེད་ན་མདུན་སྐྱོད་ཟེར་བ་ཞིག་ཡོད་མི་སྲིད། སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་རིང་མོ་འདི་གསར་གཏོད་ཀྱིས་བྲིས་པ་རེད། ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་ཡར་སྐུལ་གདམས་ངག་ཅིག་ནི“གསར་གཏོད་ཀྱི་ཤུགས་ནི་ཆེས་གལ་ཆེ་བའི་མི་ཤུགས་ཐོན་ཁུངས་ཤིག་ཡིན་པ་གོར་མ་ཆག གསར་གཏོད་ཀྱི་ནུས་ཤུགས་མེད་ཚེ་ཡར་ཐོན་མེད་པས། ང་ཚོས་ནམ་ཡང་གཅིག་མཚུངས་ཀྱི་དཔེ་རྣམ་ཞིག་བསྐྱར་ཟློས་བྱ་དགོས།”ཟེར།(6) ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱིས་སློབ་མའི་གསར་གཏོད་ཀྱི་འདུ་ཤེས་དང་ལག་ལེན། བེད་སྤྱོད་ཀྱི་ནུས་པ་ཇི་ལྟར་གསོ་སྐྱོང་དང་མཐོ་རུ་གཏོང་ཚུལ་ལ་ཧ་ཅང་གཙིགས་ཆེན་བྱེད་པ་ཡིན་ལ། “འཚོ་བའི་ཁྲོད་དུ་བསམ་གཞིགས་དང་གསར་གཏོད་ལ་མོས་ན་ང་ཚོར་སྔར་བྱུང་མ་མྱོང་བའི་རྒྱལ་ཁ་དང་དགའ་སྤྲོ་འཐོབ་ཐུབ། སྐབས་ལན་རེར། ང་ཚོས་མདུན་དུ་བགྲོད་ལམ་མེད་པར་སྙམ་ཡོང་། དེ་ནི་ལས་སྐལ་གྱིས་ང་ཚོར་བསྩལ་བའི་ལེགས་སྐྱེས་བེད་སྤྱོད་མ་ནུས་པ་ཡིན། ང་ཚོའི་གསར་གཏོད་ཀྱི་རང་བཞིན་སྔོག་འདོན་བྱས་ན་དོན་སྒོ་འཁྱོངས་ཐུབ།”(7)ཟེར། དེ་བཞིན་དུ་རོ་སི་ཧྥུའུ་ཡིས་ཨ་རིའི་སྲིད་འཛིན་གྱི་འགན་དང་པོ་འཁུར་དུས“བདེ་སྐྱིད་ནི་དངུལ་སྒོར་ཐོབ་པ་ཁོ་ན་ཙམ་མ་ཡིན་པར་རྒྱལ་ཁའི་རོ་བཅུད་མྱོང་དུས་ཀྱི་དགའ་སྤྲོ་དང་། གསར་གཏོད་ཀྱི་ནུས་པས་བསྣམས་པའི་འཛད་མེད་ཀྱི་ཟིལ་ཤུགས་དེ་ཤེས་རྟོགས་བྱེད་པ་ཞིག་ཀྱང་ཡིན།”ཞེས་གླེང་། གསར་གཏོད་པ་ཞིག་སྐྱེད་བསྲིང་བྱ་དགོས་ན། ཐོག་མར་བསམ་པའི་འཆར་སྒོ་ཕུན་སུམ་ཚོགས་པའི་འཇོན་མི་ཞིག་སྐྱེད་སྲིང་བྱ་དགོས། འཇོན་མི་འདི་དག་ནི་ཏག་ཏག་ཧ་ཝར་ཊི་གཙུག་ལག་སློབ་ཆེན་ནས་འབྱུང་བཞིན་ཡོད། ཁ་ཇེ་གསལ་དུ་བཏང་ནས་བཤད་ན། ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱིས་ད་གཟོད་འཇོན་མི་འདི་དག་སྐྱེད་སྲིང་བྱེད་བཞིན་ཡོད་ལ། འཇོན་མི་འདི་དག་ལ་ད་གཟོད་གསར་གཏོད་ཀྱི་ནུས་པ་ལྡན་པ་རེད།

ལྔ་བ། མི་གཞི་ནི་རྩ་བ་དང་ཕུགས་བསམ་ནི་གཤོག་ཟུང་ཡིན།

དེང་སྐབས་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་འགྲོས་ཧ་ཅང་མགྱོགས་ཤིང་འཚོ་གནས་ཀྱི་གནོན་ཤུགས་ཀྱང་མུ་མཐུད་དུ་འཕར་བཞིན་ཡོད་པས་ང་ཚོའི་མི་གཞི་ལའང་སེར་ཀ་མང་པོ་གས་ཀྱིན་འདུག དུས་མཚུངས་སུ་ན་གཞོན་མང་པོ་ཞིག་ལ་རང་གི་ཕུགས་བསམ་མེད་པར་སྟེས་དབང་གི“གོ་སྐབས”ལ་སྒུག་པའི་གོམས་སྲོལ་ངན་པ་ཞིག་ཆགས་ཀྱིན་འདུག་ལ། མང་ཚོགས་མང་པོ་ཞིག་གིས་ཀྱང་རང་ཉིད་ཀྱི་ཀླད་པ་དང་ལག་པ་འགུལ་རྒྱུ་མི་བྱེད་པར“སྒུག བརྟེན། སློང་།”གསུམ་གྱི་ནད་ཡམས་གསར་བ་ཞིག་ལ་རེ་བ་བཟུང་འདུག འདི་ནི་སྤྱི་ཚོགས་ཀྱི་གནད་དོན་ཧ་ཅང་ཚབས་ཆེན་ཞིག་ཏུ་མཐོང་ཡོང་། ཡིན་ནའང་། ཧ་ཝར་ཊི་གཙུག་ལག་སློབ་ཆེན་ལ་མཚོན་ན་གནད་དོན་འདི་དག་གནས་ས་ཡེ་ནས་མེད། “ཧ་ཝར་ཊི་ནས་མི་གཞི་སྐྱོང་བ་ནི་སློབ་གསོའི་རྩ་བའི་རྨང་གཞི་དང་འཇོན་ཐང་ཅན་དུ་བསྒྱུར་བ་ནི་སློབ་གསོའི་དམིགས་ཡུལ་ཡིན། ཧ་ཝར་ཊིའི་སློབ་གསོའི་ལྟ་ཚུལ་ནི་མི་ཆོས་ཀྱི་ཁམས་རྩ་བ་བྱས་ཏེ་མི་རབས་རྗེས་མ་གསོ་སྐྱོང་བྱས་ནས་ངེས་དོན་གྱི་འཇོན་མིར་འགྱུར་དུ་འཇུག་རྒྱུ་དེ་ཡིན། དེའི་ཕྱིར“མི་ཆོས་སློབ་གསོ”ནི་ཧ་ཝར་ཊིའི་སྲོལ་རྒྱུན་ཡིན་ལ་ལྟེ་བའི་སློབ་གསོའི་ལྟ་གྲུབ་ཀྱང་ཡིན།”(8) ཧ་ཝར་ཊིའི་སློབ་ཆེན་ཁག་གི་སློབ་གསོ་ནི་གཙོ་བོ་མི་གཞི་སྐྱོང་བ་དེ་ཡིན་ཞིང་། མི་ཞིག་ལ་མི་གཞི་ལེགས་པོ་ཞིག་མེད་ན་རྩ་བ་རུལ་བའི་ལྗོན་པ་དང་འདྲ་བར་ཡར་སྐྱེ་མེད་ལ། ལྗོན་པ་དེར་ཕུན་སུམ་ཚོགས་པའི་འབྲས་བུ་ཐོགས་རྒྱུ་ནི་དེ་བས་ཀྱང་བཤད་ཐབས་བྲལ་བ་ཞིག་རེད། ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་དོན་འཁྱོངས་མན་ངག་ཅིག་ལ“མི་གཞི་བསྐྱངས་རྗེས་འཇོན་མི་བསྐྱང་དགོས།”ཟེར་ལ“འཇོན་ཐང་ཅན་དུ་འགྱུར་ན་ཐོག་མར་མི་གཞི་བསྐྱང་དགོས། གལ་ཏེ་སུ་ཞིག་གིས་རྩ་བ་ནས“མི”ཞེས་པའི་དོན་མི་གོ་ཚེ་ཁོ་རང་སྤྱི་ཚོགས་ལ་མཚོན་ནས་བཤད་ན་ཆེས་བཟང་ཡང“འཁྲབ་སྟོན་པ”ཞིག་ལས་རང་རྟོགས་ཀྱིས་སྤྱི་ཚོགས་ལ་འགན་འཁུར་མི་སྲིད།”དོ།(9) མི་གཞི་ལེགས་པོ་ཞིག་སྐྱོང་བ་ལ་ཐོག་མར་རང་གཅུན་ནས་འགོ་གཟུགས་དགོས། ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་དོན་འཁྱོངས་མན་ངག་ཅིག་ལ“རང་གཅུན་གྱིས་ཁྱོད་རང་མི་འཐུས་ཚང་ཞིག་ཏུ་བསྒྱུར་ཐུབ།”ཟེར། མིའི་རིགས་ཀྱི་ཆེས་ཆེ་བའི་ནོར་འཁྲུལ་ནི་རང་ཆེ་རང་མཐོང་དང་། རང་སྣང་གི་ང་རྒྱལ་དེ་ཡིན་པས། གནད་དོན་འདི་དག་རང་གཅུན་གྱིས་ཐག་གཅོད་བྱེད་དགོས། རང་གཅུན་གྱིས་རང་ཉིད་ཀྱི་མི་གཞི་ལེགས་པོ་ཞིག་གསོ་སྐྱོང་བྱས་རྗེས་ཁྱོད་རང་ངེས་པར་དུ་ཕུགས་བསམ་གྱི་རྒྱལ་ཁམས་འགྲིམ་དགོས་ཏེ། ཕུགས་བསམ་ནི་ཁྱོད་རང་བར་སྣང་མཐོན་པོར་འཕུར་བའི་གཤོག་ཟུང་དེ་ཡིན། འཇིག་རྟེན་འདིའི་ཤེས་བྱ་ནི་མུ་ནས་མཐའ་མེད་པ་ཞིག་ཡིན་ལ། ཁྱོད་ཀྱིས་ཤེས་བྱའི་ནམ་འཕང་གཅོད་ཚེ་ཕུགས་བསམ་གྱི་གཤོག་ཟུང་མེད་ན་ག་ལ་འགྲིག “ཧ་ཝར་ཊི་ནས་རང་གི་ཕུགས་བསམ་མངོན་འགྱུར་བྱ་ཆེད་མི་རེ་རེས་ཐང་ཆད་ཟེར་བ་མི་ཤེས་པར་ཧུར་ཐག་སྒོས་དཔེ་ཀློག་བྱས་ཏེ་མགོ་ཁུངས་མ་ཆད་པའི་ངང་དཔེ་དེབ་ཁྲོད་ཀྱི་འཚོ་བཅུད་བསྡུ་ལེན་བྱེད་བཞིན་ཡོད། ཧ་ཝར་ཊའི་དཔེ་མཛོད་ཁང་གི་གྱང་ངོས་སུ“ད་ལྟའང་ཁྱོད་ཀྱི་འགྲན་ཡས་མཚམས་མེད་དུ་དཔེ་ཆ་ཀློག་བཞིན་ཡོད།”(10)ཅེས་བྲིས་ཡོད་ཟེར། ཧ་ཝར་ཊའི་སློབ་མ་རྣམས་ཀྱིས་རང་རང་གི་མི་གཞི་ལེགས་པོའི་རྨང་གཞིའི་སྟེང་ནས་རང་ཉིད་ཀྱི་ཕུགས་འདུན་བསྣམས་ཏེ་སློབ་གཉེར་བྱེད་བཞིན་ཡོད་ལ། དངོས་ཡོད་ནི་ཚུ་རོལ་དང་ཕུགས་བསམ་ནི་ཕ་རོལ་ཡིན་པའི་གནས་ལུགས་ཀྱང་ཤེས་ནས་ཡོད། ཁོ་ཚོས“ཕུགས་བསམ་གྱི་ཕོ་བྲང་ནི་དངོས་ཡོད་ཀྱི་རྨང་རྡོ་ཡིས་བསྐྲུན་པ་ཡིན་ཞིང་། དངོས་ཡོད་ལ་བློ་ཉེ་ཞིང་དངོས་ཡོད་ལ་གདོང་གཏོད་མཁན་གྱིས་དངོས་ཡོད་ལས་འདས་པའི་བྱ་བ་འགྲུབ་སྲིད་པ་ཡིན།”ཟེར།

དྲུག་པ། གཏམ་ལྷག་མ།

ཧ་ཝར་ཊི་གཙུག་ལག་སློབ་ཆེན་ནི་འཛམ་གླིང་གི་སྣོད་ལྡན་སློབ་མ་རྣམས་ཀྱིས་རེ་ལྟོས་དང་དམིགས་ཡུལ་བཅང་ས་ཉག་ཅིག་ལགས། བལྟོས་བཅས་ཀྱིས་བཤད་ན་རང་ཅག་གི་སྣོད་ལྡན་སློབ་མ་རེ་གཉིས་ལས་སྤྱིའི་ཆ་ནས་ང་རང་ཚོ་སློབ་ཆེན་འདིའི་སྒོ་ཐེམ་ལའང་སྤོས་མྱོང་མེད། ཡིན་ན་འང་། ང་ཚོས་ཀྱང་གངས་རི་ར་བས་བསྐོར་བའི་བོད་ཁམས་སྤྱི་ལ་ཡོད་པའི་མི་གཞི་ལེགས་པོ་དེའི་སྟེང་ནས་རང་གི་ཡང་དག་པའི་ཕུགས་བསམ་གྱི་རྒྱལ་ཁམས་མྱུལ་ཏེ་རང་ལ་གཏོགས་པའི་དཔེ་ཀློག་གི་རྒྱུན་བསྐྱངས་ན་ཅིས་མི་ཆོག དཔེ་ཀློག་གིས་ད་གཟོད་ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་སྒོ་ཐེམ་དུ་སྤོས་ཆོག་པའི་གོ་སྐབས་ཆེས་ཡག་པོ་དེ་བསྩོལ་ངེས། ང་ཚོས་གོ་སྐབས་ཁོ་ནར་སྒུག་པ་མིན་མོད། མ་འོངས་པར་ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་སྒོ་ཐེམ་ལས་གོམ་ཆེན་སྤོས་ཏེ་འགྲོ་བའི་བོད་རིགས་སློབ་མ་མང་པོ་ཞིག་ཆར་རྗེས་ཀྱི་ཤྭ་མོ་ལྟར་བརྡོལ་བ་ལ་ཡིད་ཆེས་རྙེད་ཆོག་ཆོག་ཡིན་ནོ།།

མཆན། (1)p007། (2)p008། (3)p017། (4)p098། (5)p201–202། (6)p164། (7)p168། (8)p231། (9)234། (10)p249–250《ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་ཐེ་རེངས་ཆུ་ཚོད་བཞི་དང་ཕྱེདཀ》ཝེ་ཞུའུ་ཡེའུ་ཡིས་སྒྲིག་རྩོམ་བྱས། རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2019ལོའི་པར་ཐེངས་གཉིས་པ།


     རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

W2echatIMG3.jpg

ཁྱུང་ཐར་རྒྱལ་ལམ་ཀླུ་ཚང་སྨྱུག་རྩེན་ནི་སྤྱི་ལོ1968ལོར་རྩེ་ཁོག་རྫོང་བོན་བརྒྱ་ཞང་ནས་སྐྱེས། སྔ་རྗེས་སུ་བོན་རྒྱ་ཞང་སློབ་ཆུང་དང་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་སོགས་ནས་སློབ་གཉེར་བྱས། ད་ལྟ་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་གསར་འགྱུར་མཐུན་ཚོགས་ཀྱི་ཚོགས་མི། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་འགན་ཁུར་ཡོད།  ད་ལྟ་རྩེ་ཁོག་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་བྱ་བ་བསྒྲུབ་བཞིན་ཡོད།

 སྲིད་གྲོས་རྩེ་ཁོག་རྫོང་སྐབས་དྲུག་པ་དང་བདུན་པ། བརྒྱད་པ། དགུ་བ་བཅས་ཀྱི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་སོགས་ཀྱི་འགན་ཁུར།

བརྩམས་ཆོས་གཙོ་བོར་སྙན་དེབ《ཁ་བ་དཀར་པོ》དང《སེམས་ཀྱི་གྲོང་ཁྱེར》།《བརྩེ་བ་ཀོ་ཤུན་མ》སོགས་དང་། རིག་གཞུང་དཔྱད་རྩོམ《བོད་ཀྱི་ལྷ་སྒྲུང་སྐོར་གླེང་བ》། འབོལ་རྩོམ་དེབ《མེ་ལོང་ནང་གི་སྐད་ཆ》། བསྒྱུར་རྩོམ་དེབ《ཀིར་ཐི་ཡི་སྙན་ངག་གཅེས་བསྡུས》། དཔྱད་རྩོམ་གཅེས་བསྡུས《བོད་རིག་པའི་དཔྱད་གླེང་མུ་ཏིག་དཀར་པོའི་སྒྲོམ་ཆུང》སོགས་ཡོད།

  སྔ་རྗེས་སུ་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་རྩོམ་རིག་གསར་རྩོམ་བྱ་དགའ་དང་ཀན་སུའུ་ཞིང་ཆེན་གྱི་སྐབས་བཞི་བའི《ཟླ་ཟེར》རྩོམ་རིག་བྱ་དགའ་སོགས་ཐོབ་མྱོང་། 

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།