རྩིས་རིག་རྨང་གཞི་བྱས་ཏེ་རྩིས་ཚན་གྱི་གལ་ཆེན་རང་བཞིན་གླེང་བ།

[གནད་བཏུས] དཔྱད་རྩོམ་འདིར་རྩིས་རིག་ལ་སློབ་སྦྱོང་བྱེད་དགོས་པའི་གལ་ཆེན་རང་བཞིན་དང་། རྩིས་རིག་དང་རིག་ཚན་གཞན་དག་བར་གྱི་འབྲེལ་བ་དང་། དམའ་འབྲིང་གི་རྩིས་རིག་ཇི་ལྟར་སློབ་ཚུལ་བཤད་པ་བཅས་ཀྱི་གནད་དོན་ཐད་ལ་ཞིབ་འཇུག་གྲོས་སྡུར་དང་བསམ་གཞིག་རགས་ཙམ་བྱས་ཡོད །

[གནད་ཚིག] རྩིས་རིག རང་བྱུང་ཚན་རིག སྤྱི་ཚོགས་ཚན་རིག གལ་ཆེན་རང་བཞིན།

རྩིས་རིག་གི་བཀོལ་སྤྱོད་ཤིན་ཏུ་རྒྱ་ཆེ་བ་རེད། དེ་ནི་རྨང་གཞིའི་ཚན་རིག་གལ་ཆེན་ཞིག་ཡིན་པ་དང་ཚན་རིག་གི་སྒོ་ཆེན་འབྱེད་པའི་ལྡེ་མིག་ཅིག་ཀྱང་ཡིན། རྩིས་རིག་ནི་ཚན་རིག་ཅིག་ཡིན་པ་དང་། སྐད་བརྡ་ཞིག་དང་། སྒྱུ་རྩལ་ཞིག་དང་། བསམ་གཞིག་བྱེད་སྟངས་ཤིག་ཀྱང་ཡིན། དེ་ནི་རང་བྱུང་དང་། སྒྱུ་རྩལ་དང། རོལ་དབྱངས་དང་། འཛུགས་སྐྲུན་དང་། ལོ་རྒྱུས་དང་། ཚན་རིག་དང་། རྩོམ་རིག་ལ་སོགས་པའི་ནང་དུ་མངོན་ཡོད། ཀ་ལི་ལེས་འདི་ལྟར་བཤད་མྱོང་སྟེ། རང་བྱུང་ཁམས་ཆེན་པོ་ནི་དཔེ་ཆ་ཞིག་ཡིན་ན། དཔེ་ཆ་འདི་ནི་རྩིས་རིག་གིས་བྲིས་པ་རེད་གསུངས། དེ་བས་རྩིས་རིག་མ་ཤེས་ན་རང་བྱུང་ཁམས་ཆེན་པོ་དངོས་གནས་ངོས་འཛིན་བྱེད་དཀའ་བ་དང་། ཆུང་བ་རྡུལ་ཕྲ་རབས་དང་། རགས་པ་འཇིག་རྟེན་དང་། མགྱོགས་པ་འོད་དང་། སའི་གོ་ལའི་འགྱུར་ལྡོག་དང་། སྐྱེ་དངོས་ཀྱི་གསང་བ་དང། འཁོར་བའི་འཚོ་བ་སོགས་གང་ས་གང་དུ་རྩིས་རིག་དང་ཁ་འབྲལ་ཐབས་མེད། དེང་རབས་སུ། རྩིས་འཕྲུལ་ལག་རྩལ་གྱི་ཟུང་འབྲེལ་ལ་བརྟེན་ནས་ཚན་རིག་ལག་རྩལ་གྱི་མཐོ་རླབས་འཕྱུར་བའི་སྤྱི་ཚོགས་སུ་མི་དམངས་ཀྱི་འཚོ་བ་དང་། སློབ་སྦྱོང་དང་། བྱ་བ་དང་། ཐ་ན་རོལ་རྩེད་བཅས་སུ་རྩིས་རིག་གི་བེད་སྤྱོད་ཉིན་རེ་བཞིན་ཇེ་མང་དང་ཇེ་རྒྱས་སུ་འགྲོ་བཞིན་ཡོད་པ་རེད། དེ་བས་རྩིས་རིག་ནི་གནའ་རབས་ནས་དེང་རབས་སྤྱི་ཚོགས་སུ་འགྲོ་བ་མིའི་འཚོ་བའི་ཁྲོད་དུ་མེད་མི་རུང་བའི་བསླབ་གཞི་ཞིག་ཡིན།

དང་པོ། རྩིས་རིག་སློབ་སྦྱོང་བྱ་དགོས་པའི་གལ་ཆེན་རང་བཞིན།

ཉིན་རྒྱུན་འཚོ་བའི་ཁྲོད་དུ་རྩིས་རིག་འཁྲིད་པ་དང་སྦྱོང་བའི་བརྒྱུད་རིམ་དང་། ཐ་ན་མཐོ་རྒྱུགས་ཀྱི་བརྒྱུད་རིམ་དུ་རྩིས་རིག་ནི་ཤིན་ཏུ་དཀའ་ཞིང་སྐར་མ་འཐོབ་དཀའ་བར་བསམས་དང་སེམས་བཞིན་ཡོད་པ་རེད། ང་རང་ལའང་དེ་ལྟ་བུའི་ལྟ་ཚུལ་དང་དྲན་ཚུལ་སྐྱེས་མྱོང་མོད། ཡིན་ནའང་ལོ་ངོ་ཉི་ཤུའི་ལྷག་གི་རྩིས་ཚན་སློབ་ཁྲིད་ཀྱི་གོ་རིམ་ཁྲོད་དུ་ངོས་འཛིན་དང་རྒྱུས་ལོན་བྱུང་བ་འདི་ལྟ་སྟེ།

༡. མིའི་འཚོ་བ་དང་། བྱ་བའི་ཁྲོད་གྲངས་ཀ་བརྩི་བ་དང་། རྩིས་རྒྱག་པའི་རེ་བ་སྐོང་ཐུབ་པའི་དགོས་པ།

སྤྱི་ཚོགས་འཚོ་བའི་ཁྲོད་དུ་རྩིས་ཚན་ལ་ཁ་འབྲལ་ཐབས་མེད་དེ། བྱ་དངོས་ཀྱི་རྩིས་རྒྱག་དང་། གྲངས་ཚད་སོ་སོའི་བར་གྱི་རྩིས་རྒྱག འབྲེལ་ཡོད་གྲངས་ཚད་བར་གྱི་གཤིབ་སྡུར་བཅས་ཚང་མར་རྩིས་རིག་གི་ཤེས་བྱ་དང་བསམ་གཞིག་ཐབས་ཤེས་དགོས། ཡིན་ནའང་སྤྱིར་བཏང་གི་འཚོ་བའི་ཁྲོད་ཀྱི་རྩིས་རིག་གི་ཤེས་བྱ་ནི་ཅུང་སླ་ཞིང་སློབ་བདེ་བས་ང་ཚོས་ཉེར་སྤྱོད་རྩིས་རིག་ཡིན་པར་ཡིད་འཇོག་བྱེད་ཀྱིན་མེད།

ང་ཚོ་མི་སུ་དང་སུ་ཡིན་ནའང་འཇིག་རྟེན་དུ་སྐྱེས་མ་ཐག་ལུས་ཕུང་གི་ལྗིད་ལ་རྒྱ་མ་ལྔ་ནས་བརྒྱད་དང་། རིང་ཚད་ལ་ལི་སྨི་སོ་གཉིས་གཡས་གཡོན་དང་། དེ་ནས་ལྷམ་གྱི་ཨང་གྲངས་བཅུ་གསུམ་ནས་བཅོ་ལྔ་དང། ལྭ་བའི་ཨང་གྲངས་དགུ་བཅུ་ཅན་དགོས་པ་ཤེས། ཉི་མ་རེར་འོ་མ་ཐེངས་གསུམ་རེ་འཐུང་བ་དང་། ཐེངས་རེར་འོ་མ་ཧོ་ཧྲིན༡༥༠འཐུང་བ། སྒོར་མོ་ནི་ཀུན་དགའ་དོན་འགྲུབ་ཡིན་པ་ཤེས་པ། སློབ་གྲྭར་ཞུགས་རྗེས། གྲངས་ཀ་ངོས་འཛིན་དང་གྲངས་བརྩི་ཤེས་པ། སྒྱུར་བགོ་སྣོན་འཕྲི་ཤེས་པ། རྒྱ་ཁྱོན་དང་བོངས་ཚད་བརྩི་ཤེས་པ། ཆ་བསགས་དང་ཆ་ཕྲན་བརྩི་ཤེས་པ། བཟོ་སྐྲུན་རྩིས་རིག་ཤེས་པ་ལྟ་བུའོ། །

༢. བསམ་གཞིག་གི་ཆུ་ཚད་དང་སྤུས་ཀ་སྦྱོང་བརྡར་བྱེད་པའི་དགོས་པ།

དཔེར་ན་རྩིས་རྒྱག་ནུས་པ་དང་། གཏན་ཚིགས་བསམ་གཞིག་ནུས་པ་དང་། བར་སྟོང་འཆར་རྟོགས་ཀྱི་ནུས་པ་བཅས་ལྟ་བུ། རྩིས་རིག་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་དུ་བསམ་གཞིག་གི་ནུས་པ་སྦྱོང་བརྡར་བྱེད་ཐུབ་པ་དང་། བྱ་བ་དང་དོན་དག་སྒྲུབ་སྐབས་རིག་པ་མྱུར་ཞིང་བློ་རིག་གསལ་བ་དང་། ཚན་རིག་གི་ཆོས་ཉིད་ལྟར་དོན་དག་ཐག་གཅོད་བྱེད་ཐུབ་པ་དང་། ཤེས་ཟིན་པའི་བྱ་དངོས་དང་མ་ཤེས་པའི་བྱ་དངོས་བར་གྱི་འབྲེལ་བ་གཞིར་བཟུང་ནས་བྱ་དངོས་ཀྱི་འཕེལ་ཕྱོགས་དང་འབྱུང་སྲིད་པའི་འབྲས་བུ་རིགས་འདེད་བྱེད་པའི་ནུས་པ་གསོ་སྐྱོང་བྱེད་ཐུབ། རྒྱལ་ཁབ་ཕྱི་ནང་གི་སྙན་གྲགས་ཅན་གྱི་སློབ་གྲྭ་ཆེན་མོས་སློབ་མ་སྡུད་སྐབས། རྩིས་རིག་གི་རྒྱུགས་སྐར་ལ་མཐོང་ཆེན་བྱེད་པའང་དེའི་དོན་ཡིན། དེ་བས་ལུས་སྦྱོང་གིས་ལུས་ཕུང་ལ་ནུས་པ་ཅི་ཞིག་འདོན་པ་དེ་བཞིན་དུ་རྩིས་རིག་སློབ་སྦྱོང་གིས་ཀྱང་ཀླད་ཆེན་ལ་ནུས་པ་དེ་འདྲ་འདོན་ཐུབ།

༣. རྩིས་རིག་སློབ་སྦྱོང་ལ་བརྟེན་ནས་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་སློབ་སྦྱོང་གི་ནུས་པར་ནུས་ཤུགས་མཁོ་སྤྲོད་བྱེད་ཐུབ་པའི་དགོས་པ།

རྩིས་རིག་ནི་འཇིག་རྟེན་ངོས་འཛིན་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ཚན་རིག་ཅིག་ཡིན་པ་དང། དེ་ནི་རྩིས་འཁོར་གྱི་མ་ལག་ཇི་བཞིན་དུ་བསམ་བློ་དང་ལག་རྩལ་སྟེང་རྒྱུས་ལོན་དང་མྱོང་བ་གཏིང་ཟབ་མོ་ཡོད་པ་ལོ་རིམ་འཕེལ་བ་དང་བསྟུན་ནས་གཏིང་ཇེ་ཟབ་ཏུ་འགྲོ་བ་རེད། དཔེར་ན་གློག་སྡུད་གཞུང་ལུགས་ཀྱི་ཡབ་ཆེན་མ་ཁི་སི་ཝེལ་གྱིས་གློག་སྡུད་རླབས་ཡོད་སྲིད་པ་ལུང་བསྟན་པ་ད་ལྟ་མངོན་སུམ་དུ་གྱུར་ཡོད་པ་ལྟ་བུ། ཉིའུ་ཏུན་གྱི་རྩིས་རིག་དང་ཁེ་ཕུ་ལེའི་གཏན་སྲོལ་ལ་བརྟེན་ནས་སྙན་གྲགས་ཅན་གྱི་ཀུན་ཡོད་འགུག་ཤུགས་རིགས་འདེད་བྱུང་བ་ལྟ་བུ།

༤. རྩིས་རིག་སློབ་སྦྱོང་ལ་བརྟེན་ནས་བྱ་བ་སྒྲུབ་མཁན་གྱི་སྤྱོད་ལམ་དུ་མངོན་པའི་ཚན་རིག་རང་བཞིན་གྱི་དགོས་པ།

རྩིས་རིག་སློབ་སྦྱོང་བྱེད་པ་དང་མཉམ་དུ་འགྲོ་འདུག་ཟས་སྤྱོད་དང་བྱ་བ་སྒྲུབ་སྟངས་ཐད་ནས་ཚན་རིག་གི་ཀུན་སྤྱོད་དང་བྱ་བ་བྱེད་སྟངས་ནན་ཏན་དུ་སོང་སྟེ། རང་སྟེང་གི་ཚན་རིག་གི་སྤུས་ཀ་ཇེ་མཐོར་འགྲོ་བ་རེད། ལོ་རྒྱུས་སྟེང་དུ་རྩིས་རིག་གི་ཐད་དུ་བྱས་རྗེས་ཚད་མེད་འཇོག་མཁན་ནི་རྩིས་རིག་གི་ཆེད་མཁས་པ་མང་པོ་ཡིན་པ་དང་། དེ་དག་གིས་གཉིད་ཆག་ཟས་བརྗེད་ཀྱི་སྒོ་ནས་ཧུར་བརྩོན་བྱས་པ་དང་། གསར་གཏོད་དང་བྱས་རྗེས་རླབས་ཆེན་བཞག་ཡོད་པ་རེད། རྩིས་རིག་ནི་འགྲོ་བ་མིས་འཇིག་རྟེན་ངོས་འཛིན་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ཚན་རིག་ཅིག་ཡིན་ཞིང་། ལྷག་པར་དུ་དེང་རབས་མཐོ་གསར་ལག་རྩལ་འཕེལ་རྒྱས་ཀྱི་གོ་རིམ་དུ་མི་རེ་རེས་སློབ་སྦྱོང་བྱ་དགོས་པ་དང་བྱ་རུང་བ་ཞིག་ཡིན་པས་བོད་ཕྲུག་གཞོན་ནུ་རྣམས་ཀྱི་བློ་ཁ་རྩིས་ཕྱོགས་སུ་བསྒྱུར་དགོས་པ་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་རེད། གཞན་ཡང་རྩིས་ཚན་ལེགས་པོ་ཞིག་སྦྱངས་ན། སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་སླ་བ་དང་། བྱ་བ་རྙེད་སླ་བ་ད་ལྟའི་དོན་དངོས་ཀྱི་གནས་ཚུལ་ལས་མཐོང་བ་རེད།

གཉིས་པ། རྩིས་རིག་དང་རིག་ཚན་གཞན་དག་གི་འབྲེལ་བ།

༡. རྩིས་རིག་དང་མཛེས་རྩལ་རིག་པ།
རྩིས་རིག་གི་མཛེས་རྩལ་དེ་ཐོག་མར་རྩིས་རིག་གི་གཅིག་གྱུར་ངོ་བོའི་སྟེང་ནས་མངོན་པ་སྟེ། དཔེར་ན་དྲང་ཟུར་ཟུར་གསུམ་ཡོད་ཚད་ཀྱིས་དཔངས་འཕྲེད་གཏན་སྲོལ་བརྩི་སྲུང་བྱེད་པ་དང་། ཚབ་རྩིས་དང་དབྱིབས་རྩིས་གཉིས་ཁྱབ་ཁོངས་མི་འདྲ་བ་གཉིས་ཡིན་ནའང་། དྲང་ཟུར་གནས་ཚད་མ་ལག་བཙུགས་པ་ལ་བརྟེན་ནས་ཚབ་གྲངས་ཐབས་ཤེས་ཀྱིས་དབྱིབས་རྩིས་ཀྱི་གནད་དོན་འདྲི་གཞི་ཐག་གཅོད་བྱེད་པ་ལྟ་བུས་གནད་དོན་དེ་རྩ་བ་ནས་སེལ་ཞིང་། དབྱིབས་རྩིས་དང་ཚབ་གྲངས་ཀྱི་གཅིག་གྱུར་མངོན་འགྱུར་བྱུང་། ད་དུང་ཆ་འགྲིག་དང་། སྡུར་ཕྲེང་དང་། སླ་བསྡུས་གཙང་གཤིས་ཀྱི་འབྲེལ་བའི་སྟེང་དུའང་རྩིས་རིག་དང་མཛེས་རིག་པའི་འབྲེལ་བ་མངོན་འགྱུར་བྱུང་ཡོད། ལྷག་པར་དུ་ཐོག་ཁང་འཛུགས་སྐྲུན་དང་ཟམ་པ་འཛུགས་སྐྲུན་གྱི་སྟེང་དུ་དེ་དག་གི་འབྲེལ་བ་མངོན་འགྱུར་བྱུང་བ་གསལ་པོ་ཡིན།

༢. རྩིས་རིག་དང་དཔལ་འབྱོར།

སྤྱི་ཁྱབ་ཀྱི་དོན་སྙིང་ཡོད་པའི་དཔལ་འབྱོར་ཁྱབ་ཁོངས་ནང་དུ་ང་ཚོས་རྩིས་རིག་སྤྱོད་པ་རྒྱུགས་ཆེ་ཞིང། དམིགས་བསལ་རང་བཞིན་གྱི་ཁྱབ་ཁོངས་ཁ་ཤས་སུ་རྩིས་རིག་གི་སྤྱི་འགྲོས་ཐད་ཀར་བེད་སྤྱོད་མི་བྱེད་པར་གཟབ་ནན་གྱི་སྒོ་ནས་དེ་དག་གི་དབྱེ་བ་འབྱེད་དགོས། དེ་ལས་ང་ཚོས་མཐོང་བ་སྟེ། ད་བར་དུ་རྩིས་རིག་དང་དཔལ་འབྱོར་བར་གྱི་འབྲེལ་བ་རྩ་བ་ནས་གསལ་སྟོན་བྱས་མེད་ཀྱང་། དེ་དག་གཅིག་ལ་གཅིག་བརྟེན་ཡིན་ཞིང་གཅིག་གིས་གཅིག་གཏན་ཁེལ་ཁས་ལེན་མི་བྱེད་ཀ་མེད་ཡིན།

༣. རྩིས་རིག་དང་རྩིས་འཁོར་རིག་པ།

རྩིས་འཁོར་གྱི་སྐད་ཆ་ནི་རྩིས་རིག་གི་སྐད་ཆ་ཡིན་ཏེ། ཨང་ཀིའི་བྱ་རིམ་ལ་བརྟེན་པ་དང་། རྩིས་རིག་སོགས་རྩིས་ཚན་གྱི་བསམ་གཞིག་བྱེད་སྟངས་དང་རིས་ཁྲ། སྒྲོམ་གཞི་སྒྲིག་གཞི་སོགས་རྩིས་རིག་ལ་འབྲེལ་བ་ཡོད་པའི་སྐད་བརྡ་ལ་བརྟེན་ནས་ཞིབ་འབྲི་དང་མཚོན་སྟོན་བྱེད་པ་ཡིན། རྩིས་རིག་གི་མཁས་པ་ཚང་མ་མཚན་ཉིད་རིག་པ་བ་ཡིན་པས་མཚན་ཉིད་རིག་པའི་སྟེང་དུའང་བྱས་རྗེས་བླ་མེད་བཞག་ཡོད།  མདོར་ན། སྤྱི་ཚོགས་སྟེང་གི་ཁྱབ་ཁོངས་སོ་སོའི་ནང་དུ་རྩིས་རིག་གིས་བསམ་ཡུལ་ལས་འདས་པའི་ནུས་པ་ཐོན་ཡོད་པས་ང་ཚོས་རང་རྟོགས་ཀྱིས་རྩིས་རིག་དང་རྩིས་ཚན་གྱི་ཐད་ལ་སློབ་སྦྱོང་ཡག་པོ་བྱེད་དགོས།

གསུམ་པ། དམའ་འབྲིང་གི་རྩིས་རིག་ཇི་ལྟར་སློབ་ཚུལ་བཤད་པ།

སློབ་ཆུང་གི་རྩིས་རིག་ལ་བལྟས་ནས་བཤད་ན། དམའ་འབྲིང་རྩིས་རིག་གི་ནང་དོན་ཅུང་མང་ཞིང། དཀའ་ཚད་ཀྱང་མཐོ་བས་སློབ་སྦྱོང་གི་བྱེད་ཐབས་དང་ནུས་ཤུགས་ཀྱི་བླང་བྱའང་ཤིན་ཏུ་མཐོ་བ་རེད། དེ་དང་མཉམ་དུ་རྩིས་རིག་ཆུ་ཚད་ཀྱི་མཐོ་དམའ་དེས་ཐད་ཀར་དངོས་ལུགས་དང་། རྫས་འགྱུར་སོགས་རིག་ཚན་གཞན་དག་སློབ་སྦྱོང་བྱེད་པར་ཤན་ཤུགས་ངེས་ཅན་ཐེབས་པར་མ་ཟད། མཐོ་འབྲིང་གི་རྩིས་ཚན་བསླབ་བྱ་ལེགས་པོ་ཞིག་སྦྱོང་ཐུབ་མིན་ལའང་ཤུགས་རྐྱེན་ངེས་ཅན་ཐེབས་ངེས། དེ་བས་དམའ་འབྲིང་གི་གྲངས་རིག་ལེགས་པོ་ཞིག་སྦྱོང་རྒྱུ་ནི་ཧ་ཅང་གལ་ཆེ་ཞིང། དམའ་འབྲིང་རྩིས་རིག་གི་སློབ་སྦྱོང་བྱེད་ཐབས་ལ་གཞན་དང་མི་འདྲ་བའི་བྱེད་ཐབས་ཤིག་ཡོད།

༡. གཟབ་ནན་གྱིས་རྩིས་རིག་གི་གོ་དོན་དང་སྤྱི་འགྲོས་ལ་རྒྱུས་ལོན་ཟབ་མོ་ལེན་དགོས།

སློབ་གྲོགས་མང་ཆེ་བ་ཞིག་གིས་རྩིས་རིག་གི་གོ་དོན་དང་སྤྱི་འགྲོས་གཙིགས་ཆེན་དུ་མི་འཛིན། གནད་དོན་འདི་ཕྱོགས་གསུམ་ནས་མཐོང་སླ་སྟེ། གཅིག་ནི་རྩིས་རིག་གི་གོ་དོན་ཐད་དུ་རྒྱུས་ལོན་བྱེད་པ་དེ་ཡིག་ངོས་སམ་མིང་ངོས་ཁོ་ན་ལས་མ་འདས། གོ་དོན་གྱི་དམིགས་བསལ་གནས་ཚུལ་ལ་མཐོང་ཆེན་བྱེད་པ་མི་འདང་། དཔེར་ན་ཚབ་གྲངས་ཚུལ་གྱི་གོ་དོན་ལྟ་བུ། ཡི་གེའམ་གྲངས་ཀས་མཚོན་པའི་ཚུལ་ལ་ཚབ་གྲངས་ཚུལ་ཟེར། སློབ་གྲོགས་མང་ཆེ་ཤོས་ཀྱིས་ཡི་གེ་རྐྱང་པའམ་གྲངས་ཀ་རྐྱང་པའང་ཚབ་གྲངས་ཚུལ་ཡིན་པ་གོ་བ་ལོན་མེད་པ་ལྟ་བུ། གཉིས་ནི་གོ་དོན་དང་སྤྱི་འགྲོས་ཀྱི་ནང་དོན་ལ་རྒྱུས་ལོན་མི་བྱེད་པར་བློར་འཛིན་པ་དང་། དོན་དངོས་འདྲི་གཞི་དང་ཟུང་འབྲེལ་མི་བྱེད། དེ་ལྟར་བྱས་ན། བསླབས་ཟིན་པའི་ཤེས་བྱ་དེ་དོན་དངོས་འདྲི་གཞི་རྩིས་འགྲེལ་དང་ཟུང་འབྲེལ་ལེགས་པོ་བྱེད་མི་ཐུབ། གསུམ་ནི་སློབ་གྲོགས་ཁ་ཤས་ཤིག་གིས་རྩིས་རིག་གི་གོ་དོན་དང་སྤྱི་འགྲོས་ཀྱི་གོ་དོན་རྟོགས་ཀྱང་བློར་མི་འཛིན་པ་ཡིན། བློར་འཛིན་ནི་རྒྱུས་ལོན་གྱི་རྨང་གཞི་ཡིན། གལ་ཏེ་རྩིས་རིག་གི་དོན་སྤྱི་དང་སྤྱི་འགྲོས་བློར་མ་བཟུང་ན། འདྲི་གཞི་རྩིས་འགྲེལ་གྱི་ཁྲོད་དུ་བཀོལ་སྤྱོད་བྱ་ཐབས་མེད་པའོ། །
དོན་སྤྱི་དང་གོ་དོན་ནི་རྩིས་རིག་གི་རྨང་གཞི་ཡིན་པས་མཚན་ཉིད་རེ་རེ་དང་། གཏན་སྲོལ་རེ་རེ་དང་། ངེས་སྲོལ་རེ་རེ་དང་། སྤྱི་འགྲོས་རེ་རེ་དང་། ངེས་ལུགས་རེ་རེ་དང་། རྒྱུས་ལོན་བྱུང་ཟིན་པ་སེམས་སུ་འཛིན་དགོས་པར་མ་ཟད། གནས་སྐབས་སུ་རྒྱུས་ལོན་མ་ཐུབ་པའང་སེམས་ལ་འཛིན་དགོས། སེམས་ལ་བཟུང་བའི་རྨང་གཞིའི་སྟེང་དེ་དག་བེད་སྤྱད་ནས་འདྲི་གཞི་རྩིས་འགྲེལ་བྱེད་དུས། རྒྱུས་ལོན་པའི་ཚད་གཏིང་ཇེ་ཟབ་ཏུ་གཏོང་དགོས། རྩིས་རིག་གི་ནང་དོན་ཐད་ཀྱི་གོ་བ་གཏིང་ཟབ་མོ་ཡིད་ལ་བརྟན་པོར་འཛིན་དགོས་པར་མ་ཟད། དེའི་རྨང་གཞིའི་སྟེང་དེ་ཇི་ལྟར་བྱུང་བ་དང་། བྱུང་ཚུལ་གྱི་བརྒྱུད་རིམ་ཤེས་དགོས་པ་དང་། ཕྱི་རྐྱེན་གང་ལ་བརྟེན་ནས་བཀོལ་སྤྱོད་བྱེད་དགོས་པ་དང་། གང་དུ་སྤྱོད་པའམ་སྤྱོད་ཡུལ་གསལ་པོར་རྟོགས་དགོས། དོན་སྤྱི་དང་སྤྱི་འགྲོས། རྩིས་འགྲེལ་བཅས་ཟུང་འབྲེལ་བྱས་ཏེ། འདྲི་གཞི་ནང་དུ་ཇི་ལྟར་སྤྱོད་ཚུལ་རྟོགས་པ་ལ་བརྟེན་ནས་བསླབས་ཟིན་པའི་ཤེས་བྱ་བྱེ་བྲག་ཅན་དུ་བསྒྱུར་ཚུལ་ཤེས་དགོས། ངའི་རེ་བ་ཡིན་ན། ཞིབ་མོ་སེམས་ཀྱིས་དཔེ་ལ་ལྟ་ཞིབ་བགྱིས། ། ཟབ་མོ་བློ་ཡིས་རྒྱུན་མཐོང་རྒྱུགས་གཞིར་འཇུག ། བྱང་ཆ་སོང་ན་ཇི་ལྟར་བྱུང་ཡང་རྟོགས། ། མ་ཤེས་གཞན་ནས་ཐོས་པ་མྱུར་དུ་འཚོལ། །

༢. དཔེར་བརྗོད་ལ་བལྟ་བ་དང་། ལས་བྱ་འབྲི་བ་དང་། འདྲི་གཞིའི་རྣམ་པ་དང་བྱེད་ཐབས་སྤྱི་སྡོམ་བྱེད་པར་གོམས་དགོས།

  1. དཔེར་བརྗོད་ལ་ཇི་ལྟར་བལྟ་བ་དང་ལས་བྱ་ཇི་ལྟར་བྲི་བ།རྩིས་རིག་ཡག་པོ་ཞིག་སློབ་འདོད་ན། ངེས་པར་དཔེར་བརྗོད་གང་མང་ལ་བལྟ་དགོས་པ་དང་། ལས་བྱ་མང་པོ་བྲི་དགོས།

    དེའི་དམིགས་ཡུལ་ནི་མཚན་ཉིད་དང་། གཏན་སྲོལ་དང་། ངེས་སྲོལ་དང་། སྤྱི་འགྲོས་དང་། ངེས་ལུགས་དང་། རང་བཞིན་བཅས་ཀྱི་གོ་དོན་ཉམས་ལེན་རྟོགས་ཞིབ་བྱེད་པ་དང་། རྩིས་རིག་གི་རིག་ལམ་དང་བྱེད་ཐབས་སློབ་པ་རེད། ཤེས་བྱའི་གནད་རེ་རེའམ་ཡང་ན་འགའ་རེ་ལ་བརྟེན་ནས་འདྲི་གཞི་བཏོན་ཡོད་པས་རྩིས་འགྲེལ་གྱི་རིག་ལམ་ཐབས་ཤེས་རེ་ཡོད། དེའི་ཕྱིར་རྩིས་འགྲེལ་གྱི་རིག་ལམ་ཐབས་ཤེས་རྟོགས་རྒྱུ་ནི་ཧ་ཅང་གལ་ཆེ་བ་དང་དེ་ལ་གོམས་ན་འདྲི་གཞི་རྣམ་པ་རེ་རེའི་སྤྱི་སྤྱོད་ཀྱི་རྩིས་འགྲེལ་རྟོགས་ཐུབ། སློབ་གྲོགས་ཁ་ཤས་ཀྱིས་ཁྲིད་ཟིན་པའི་དཔེར་བརྗོད་ཤེས་ནའང་ལས་བྱ་འབྲི་མི་ཤེས་པར་ཅི་བྱ་གཏོལ་མེད་དུ་གྱུར་འདུག དེའི་རྒྱུ་རྐྱེན་ཡང་རྩིས་རིག་ཤེས་བྱ་ཇི་ལྟར་བཀོལ་དགོས་པ་གསལ་པོ་ཞིག་མ་རྟོགས་པས་རྩིས་འགྲེལ་གྱི་དུས་སུ་བསམ་བློ་ཇི་ལྟར་གཏོང་དགོས་པ་མ་ཤེས་པའི་ལན་ཡིན།

  2.  ཕྱོགས་བསྡུས་དང་སྤྱི་སྡོམ་བྱེད་ཤེས་དགོས།

    འདྲི་གཞི་ནི་གྲངས་མེད་པ་དང་སྣ་མང་ཅན་ཡིན་པས་རེ་རེ་བརྩིས་ནས་རྫོགས་ཐབས་མེད། ཡིན་ནའང་རྩིས་རིག་གི་རིག་ལམ་དང་བྱེད་ཐབས་ལ་ཚད་ཡོད་པས་ཕྱོགས་བསྡུས་དང་སྤྱི་སྡོམ་བྱེད་ཤེས་ན། འདྲི་གཞི་ཇེ་ཉུང་དུ་གཏོང་ཐུབ། བརྩིས་ཟིན་པའི་འདྲི་གཞི་གང་དག་ཡིན་པ་དང་། གང་དག་བྲིས་པ་ཡང་དག་ཅིང་རྩིས་རིག་གི་དོན་སྤྱི་ངེས་སྲོལ་སྤྱི་འགྲོས་གང་དག་བེད་སྤྱད་པ་དང་སྤྱད་ཚུལ། འདྲི་གཞི་གང་དག་ནོར་སོང་བ་དང་ནོར་རྐྱེན་ལ་དབྱེ་ཞིབ་དང་རྩིས་འགྲེལ་བྱེད་ཐབས་ལ་ནོར་སྐྱོན་གང་དུ་བྱུང་བ་དང་། གང་དག་ད་དུང་རྩིས་འགྲེལ་བྱེད་པར་དཀའ་ཁག་ཡོད་པ་བཅས་ཐད་ཀྱི་རིག་ལམ་དང་བྱེད་ཐབས་ཕྱོགས་བསྡུས་དང་སྤྱི་སྡོམ་བྱས་ཏེ། བརྩི་སླ་བ་བསྐྱུར་ཏེ་དཀའ་བ་གནད་དུ་བཟུང་ནས་གང་མང་བརྩི་དགོས།

  3.  བརྩིས་ནོར་མི་ཤེས་པའི་དཔེ་མཚོན་འདྲི་གཞི་བསྡུ་གསོག་བྱ་དགོས།

    སློབ་གྲོགས་ཚང་མར་དཀའ་ཁག་ཏུ་འཕྲད་པ་ནི་ནོར་འཆུག་དང་བརྩི་མི་ཤེས་པའི་འདྲི་གཞི་དག་ཡིན་ཞིང་། དེ་ནི་ངེས་པར་ཤེས་དགོས་པའི་གནད་འགག་ཀྱང་ཡིན་ལ་ཐག་གཅོད་བྱེད་དགོས་པའི་འདྲི་གཞིའང་རེད། སློབ་གྲོགས་ཚོས་འདྲི་གཞི་རྩིས་འགྲེལ་བྱེད་དུས་དམིགས་ཡུལ་གལ་ཆེན་གཉིས་ཡོད་པ་ནི། 1. བསླབས་ཟིན་པའི་ཤེས་བྱ་དང་རྩིས་རྩལ་དེ་དོན་དངོས་ཀྱི་འདྲི་གཞིའི་ནང་དུ་རྩིས་སྟོན་སྦྱོང་བརྡར་བྱེད་པ་ཡིན། 2. རང་ཉིད་ཀྱི་ཞན་ཆ་དང་མི་འདང་ས་བཙལ་ནས་ཁ་གསབ་བྱེད་པ་ཡིན། དེ་ལའང་ནང་དོན་གཉིས་འདུས་ཡོད། ནོར་སླ་བ་དང་རྩ་བ་ནས་མི་ཤེས་པ་གཉིས་ཡིན། ནོར་བ་བྱུང་ཟིན་པའི་འདྲི་གཞི་རེ་རེ་བརྩིས་ནོར་ཡིན་ནམ་མ་ཤེས་པ་ཡིན་པའི་དབྱེ་བ་འབྱེད་དགོས། ནོར་བ་ཡིན་ན་ནོར་རྐྱེན་ལ་དབྱེ་ཞིབ་བྱེད་དགོས་པ་དང་རང་གི་བརྩིས་ནོར་ཐབས་ཤེས་ཀྱི་བསམ་གཞིག་སྤྱི་སྡོམ་བྱས་ནས་དག་ཐེར་བྱ་དགོས། བརྩི་མི་ཤེས་པའི་འདྲི་གཞི་དགེ་རྒན་དང་སློབ་གྲོགས་ལ་མྱུར་དུ་བྲིས་ནས་ཟིན་དེབ་ཏུ་འགོད་དགོས་པར་མ་ཟད། འཕྲལ་དུ་འབྲེལ་ཡོད་ནང་དོན་ལ་བསྐྱར་སྦྱོང་བྱ་དགོས། མདོར་ན། ནོར་རྐྱེན་དབྱེ་ཞིབ་མ་ཤེས་ཟིན་ཐོར་བཀོད། ། ཡུན་རིང་མི་འགོར་དགེ་རྒན་མྱུར་དུ་བསྟེན། ། ཞན་ཆ་མ་རིག་མི་འདང་ཁ་གསབ་བྱེད། ། ཡང་དང་བསྐྱར་དུ་དེ་ལ་རེ་རེ་བལྟ། །

  4.  མ་རྟོགས་མ་རིག་གནད་དོན་འདྲི་གཅོད་བརྒལ་ལན་བྱ།

    རང་གིས་མི་ཤེས་པའམ་མ་རྟོགས་པ་ཡོད་ཚེ། བསམ་གཞིག་ཅི་ཡང་མ་བཏང་བར་མྱུར་དུ་དགེ་རྒན་ལ་འདྲི་བའི་གོམས་འདྲིས་གསོ་སྐྱོང་མི་བྱེད་པར་བསམ་བློ་ཡང་ཡང་བཏང་ནས་ཐག་གཅོད་མི་ཐུབ་ན་དགེ་རྒན་དང་སློབ་གྲོགས་གཞན་ལ་འདྲི་དགོས། གལ་ཏེ་སློབ་གྲོགས་ཚང་མས་འགྲེལ་མི་ཤེས་ན་རྒྱུ་རྐྱེན་གཉིས་ཡོད། གཅིག་ནི་གནད་དོན་དེ་གཙིགས་སུ་མ་བཟུང་བ་ཡིན་པ་དང་། ཅིག་ཤོས་ནི་གཞན་ལ་ངོ་ཚ་བ་དང་དགེ་རྒན་གྱི་སྡིགས་དམོད་ལ་སྐྲག་པ་ཡིན། དེ་འདྲའི་བསམ་བློ་གཉིས་བཅངས་ནས་སློབ་སྦྱོང་བྱས་ན་འབྲས་བུ་ལེགས་པོ་འཐོབ་མི་ཐུབ། གནད་དོན་ཇེ་མང་ནས་ཇེ་མང་དུ་འགྲོ་བ་དང་མ་རིག་པ་ཇེ་མང་ནས་ཇེ་མང་ཡིན། སྔོན་མ་ཐག་གཅོད་མ་བྱས་ན་རྗེས་མ་ཇེ་དཀའ་རུ་འགྲོ་ཞིང་། ཚད་ངེས་ཅན་ལ་ཐོན་ཚེ་རྩིས་ཚན་ལ་སློབ་སྦྱོང་བྱེད་པའི་སྤྲོ་བའང་ཤོར་སྲིད། བགྲོ་གླེང་ཟེར་ན་འདྲ། བརྒལ་ལན་ཟེར་ན་འདྲ། གང་ལྟར་དེ་ནི་སློབ་སྦྱོང་གི་བྱེད་ཐབས་ལེགས་པོ་ཞིག་ཡིན། འདྲི་གཞི་ཅུང་དཀའ་བའི་གནད་དོན་དེ་སློབ་གྲོགས་ཕན་ཚུན་བར་བགྲོ་གླེང་བྱས་ན། ཁྱོད་ལ་རྩིས་འགྲེལ་གྱི་ཚོར་ཤེས་རྣོན་པོ་གློ་བུར་འབྱུང་སྲིད་པའང་ཡོད། རབ་ཡིན་ན་བརྒལ་ལན་བྱེད་སའི་གྲོགས་པོའི་ཆུ་ཚད་རང་དང་མཉམ་པ་ཡིན་དགོས། དེ་འདྲ་ཡིན་ཚེ། སློབ་གྲོགས་ཕན་ཚུན་ལ་ཁེ་ཕན་ཆེན་པོ་ཡོད།

  5.  རྒྱུགས་སྤྲོད་ཉམས་མྱོང་གི་གསོ་སྐྱོང་ལ་དོ་སྣང་ཆེན་པོ་བྱ་དགོས།

    རྒྱུགས་ནི་ནུས་ཤུགས་ཚད་འཇལ་གྱི་ཐབས་ཤེས་ཤིག་ཡིན་པས་ནམ་རྒྱུན་སྦྱོང་བརྡར་ལ་བརྟེན་ནས་ཐོབ་པ་རེད། དེ་བས་ལས་བྱ་ནི་རྒྱུགས་ཡིན་པའི་འདུ་ཤེས་འཛིན་པ་དང་། རྒྱུགས་ནི་ལས་བྱ་ཡིན་པའི་འདུ་ཤེས་བཟུང་ནས་སྦྱོང་བརྡར་བྱ་དགོས། རྒྱུན་དུ་ལས་བྱ་འབྲི་ཚེ། དཔེ་ཆར་མི་ལྟ་ཞིང་། དགེ་རྒན་ལའང་མི་འདྲིི་བར་དུས་ཚོད་ངེས་ཅན་གྱི་ནང་དུ་འོས་འགན་རྫོགས་ཐུབ་པའི་སློབ་སྦྱོང་གི་འཆར་གཞི་ཡོད་དགོས། འདྲི་གཞི་རྩིས་འགྲེལ་ཚད་ལྡན་ཡིན་པ་དང་། གོ་རིམ་ཡོད་དགོས་པ་དང་། རྩིས་བཤེར་གསལ་པོ་ཡིན་དགོས་པ་དང་། གྲལ་དག་པོ་ཡིན་དགོས་པ་དང་། རྩིས་འགྲེལ་ནོར་འཆུག་མི་འབྱུང་བ་བཅས་བྱ་དགོས། །

    ① མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་ན་ཕྱག་ལས་གནང་བཞིན་ཡོད།

    ② མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་ན་ཕྱག་ལས་གནང་བཞིན་ཡོད།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།