ཚད་མཐའ་བསྲུངས་ནས་མཐོ་ཚད་བསྙེག་དགོས།

འདིར་བཤད་པའི་ཚད་མཐའ་ཞེས་པ་ནི། སློབ་གསོའི་སློབ་ཁྲིད་དུ་ལས་འཛོལ་མི་འབྱུང་བའམ་ཉུང་ངུ་ལས་མི་འབྱུང་བ།ཡང་ན་ལས་འཛོལ་ཆེན་པོ་མི་འབྱུང་བར་བྱེད་པ་ལ་ཟེར།

འདིར་བཤད་པའི་མཐོ་ཚད་ནི། མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ལེགས་པར་བསྒྲུབ་དགོས་པ་ལ་ཟེར།

ཚད་མཐའ་དང་མཐོ་ཚད་ནི་བྱ་དངོས་གཅིག་གི་ཕྱོགས་གཉིས་ཏེ། འབྲེལ་བ་དམ་ཟབ་ལྡན་པ་དང་། རྩོད་སྒྲུབ་གཅིག་གྱུར་ཡིན་པ།གཅིག་རམ་གཅིག་གིས་འདེགས་པ།ཆར་པ་ཆུ་གྲོགས་ལྟར་ཡིན་ནོ།། ཚད་མཐའ་ནི་རྨང་གཞི་སྟེ་མཐོ་ཚད་འདེགས་སྐྱོར་བྱེད་ཅིང་མཐོ་ཚད་ནི་དམིགས་ཡུལ་ཏེ་ཚད་མཐའ་ལ་སྣེ་ཁྲིད་བྱེད་པ་ཡིན། ཚད་མཐའ་བསྲུང་མ་ནུས་ཚེ་གསལ་ཆའི་ཁྱད་ཆོས་ཅི་འདྲ་མང་ཡང་སྐྱོན་ཆས་གོས་ཡོད་པ་དང་། མཐོ་ཚད་ཡར་འགྲོ་མ་ཐུབ་ཚེ།ཅི་འདྲའི་ལེགས་པའི་སློབ་གསོ་ཞིག་ཡིན་ཡང་བློ་མི་ཁེངས་པ་ཞིག་ཡིན་པས། ཚད་མཐའ་བསྲུང་ཞིང་མཐོ་ཚད་ལའང་བསྐྱོད་ཐུབ་ཚེ། ད་གཟོད་སྤྱི་ཚོགས་ཀྱིས་ཁས་ལེན་ཞིང་མི་དམངས་ཀྱང་བློ་ཡིད་ཚིམ་ངེས་རེད།

ཚད་མཐའ་བསྲུང་རྒྱུ་ནི་སློབ་གསོ་འདྲ་མཉམ་ཡོང་བར་སྐུལ་འདེད་བྱེད་པ་དང་། དགེ་སློབ་ཀྱི་བདེ་འཇགས་ཁག་ཐེག་བྱེད་པ། མི་དམངས་མང་ཚོགས་ཀྱི་སློབ་གསོའི་བློ་ཡིད་ཚིམ་ཚད་དེ་མཐོར་འདེགས་སུ་གཏོང་བའི་ཆེད་ཡིན་ཞིང་། མཐོ་ཚད་དུ་བསྐྱོད་རྒྱུ་ནི་སློབ་གསོ་དེང་རབས་ཅན་དུ་སྐུལ་སྤེལ་གཏོང་བ་དང་། སློབ་གསོ་སྔར་ལས་ལེགས་པ་དང་སྔར་ལས་ལྷག་པའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱས་ཏེ། མི་དམངས་མང་ཚོགས་ལ་ཐོབ་སེམས་དང་བདེ་སྐྱིད་ཀྱི་སྣང་བ་སྐྱེ་རུ་འཇུག་དགོས་པའི་ཆེད་ཡིན།

ཚད་མཐའ་བསྲུང་མ་ནུས་ཚེ་དོན་རྐྱེན་འབྱུང་སྲིད་དེ། དཔེར་ན།Dརིམ་པའི་ཉེན་ཁང་མེད་པར་མ་བཟོས་ཚེ་ཟས་རིགས་ཀྱི་བདེ་འཇགས་ལ་འགན་སྲུང་མེད་པས།གལ་སྲིད་དོན་རྐྱེན་འདྲ་བྱུང་ཚེ། དེ་ཚང་མ་མིའི་ཚེ་སྲོག་ལ་འབྲེལ་བའི་དོན་ཆེན་ཡིན་པས། སུས་ཀྱང་འགན་འཁྲི་འདི་འཁུར་མི་ཐུབ་པ་ལྟ་བུ་དང་། ཡང་དཔེར་ན། “འཛིན་གྲྭའི་བཅད་གྲངས་འབོར་ཆེན”གྱི་གནད་དོན་དེ་ཐག་གཅོད་མ་བྱས་ཚེ་སློབ་མ་ལ་སློབ་སྦྱོང་གི་ཁོར་ཡུག་དང་ངང་ཚུལ་བཟང་པོ་ཞིག་ཡོད་རྒྱུ་ཁག་ཐེག་བྱེད་དཀའ་བས། སློབ་གསོའི་སློབ་ཁྲིད་ཀྱི་སྤུས་ཀ་ལ་ཤུགས་རྐྱེན་ཐེབས་འོང་ཞིང་སློབ་རའི་བདེ་འཇགས་ལའང་མངོན་མེད་ཀྱི་རྐྱེན་ངན་འབྱུང་སྲིད་པ་ལྟ་བུའོ།། ད་དུང་དཔེར་ན། སློབ་བཤོལ་བཀག་སྟེ་སློབ་ཞུགས་ཁག་ཐེག་བྱ་རྒྱུ་དམ་འཛིན་ཡག་པོ་མ་བྱས་ཚེ།བྱིས་པའི་མི་ཚེ་གང་བོ་འཐུས་ཤོར་དུ་འགྲོ་སྲིད་པས་མི་རབས་གཉིས་བར་གྱི་དབུལ་ཕོངས་སེལ་དགོས་ཞེས་པའང་ཁ་སྟོང་ནང་གི་ཚིག་སྟོང་ཞིག་ཏུ་འགྱུར་རོ།། ཡང་དཔེར་ན། བྱིས་པ་ཁང་གི་འཛུགས་སྐྲུན་ཚད་དུ་མ་སླེབས་པ་དང་། བྱིས་པ་ཁང་དུ་བྱིས་པ་མ་ཤོང་པས་བྱིས་པ་འགྲོ་ས་མེད་པ་ལྟ་བུ་སྟེ། “ཡོད་མེད”ཀྱི་གནད་དོན་ཐག་གཅོད་མ་བྱས་ཚེ། “ལེགས་མིན”གྱི་གནད་དོན་དེ་བས་ཀྱང་གླེང་ཐབས་མེད།

ས་ཁུལ་དང་ལས་ཁུངས་ཁ་ཤས་སུ་ཚད་མཐའ་བསྲུངས་ནས་མཐོ་ཚད་དུ་བསྐྱོད་པའི་འཕེལ་རིམ་ཁྲོད་དོ་ཁུར་བྱེད་བཞིན་པ་ནི་ནམ་རྒྱུན་ཟ་འོག་གོས་ལ་རི་མོ་སྣོན་པ་ལྟ་བུའི“དོན་དག་གལ་ཆེན”དང“ལས་དོན་གལ་ཆེན”དེ་དག་ཡིན་ཞིང་། འཁྱག་དུས་གོས་དང་ལྟོགས་དུས་ཟས་དགོས་པ་ལྟ་བུའི“ཛ་དྲག་གི་དོན་དག”དང“དཀའ་ཁག་ཆེ་བའི་དོན་དག”དག་སྣང་མེད་དུ་བསྐྱུར་ཡོད། འདི་ལྟ་བུའི་བྱ་བ་དམ་འཛིན་བྱེད་པ་ལ་ཤུགས་རྒྱག་པ་དང་བསམ་བློ་གཏོང་བ་དོ་མཉམ་མིན་པ་དང་འཐུས་ཚང་མིན་པ་དེ་ནི་རྩོད་སྒྲུབ་རིག་པའི་དངོས་གཙོ་སྨྲ་བ་དང་མི་མཐུན་པ་མ་ཟད། སློབ་གསོའི་ལས་རིགས་ལ་ཡང་ཡོད་མི་རུང་བའི་གྱོང་གུན་བཟོ་སྲིད་པས། ངེས་པར་དུ་ཚད་མཐོར་དོགས་ཟོན་དང་མཐའ་གཅིག་ཏུ་སྔོན་འགོག་བྱ་དགོས།

ཚད་མཐའ་བསྲུངས་ནས་མཐོ་ཚད་དུ་བསྐྱོད་དགོས་ན། ང་ཚོས་ཆབ་སྲིད་གླེང་བ་དང་སྤྱི་ཡོངས་གླེང་བའི་ཚད་མཐོ་ས་ནས་དེའི་གལ་ཆེན་རང་བཞིན་ངོས་ཟིན་པར་བྱས་ཏེ། རྨང་གཞི་ཤུགས་ཆེར་གཏོང་བ་དང་། དམངས་ཀྱི་འཚོ་བ་ལ་ཕན་པ།བརྟན་བརླིང་སྲུང་སྐྱོང་བྱེད་པ། འཕེལ་རྒྱས་ཡར་སྐུལ་གཏོང་བ་བཅས་ཀྱི་གཏིང་ཚད་ནས་དེའི་དགོས་གཏུག་ཆེ་བའི་རང་བཞིན་ལ་གོ་བ་ལེན་པ་དང་། མས་སྐྱོར་འགན་འཁྲི་ཏན་ཏིག་གིས་ལེགས་པར་བསྒྲུབ་པ།འཕེལ་རྒྱས་ཀྱི་ལས་འགན་ལྗིད་པོ་ཕྲག་ཏུ་འཁུར་ཐུབ་པ་བཅས་བྱ་དགོས། ཚད་མཐའ་ལེགས་པར་བསྲུང་ཐུབ་ཚེ་ད་གཟོད་ང་ཚོར་མཐོ་ཚད་དུ་བསྐྱོད་པའི་སེམས་ཤུགས་ཡོད་ཅིང་། མཐོ་ཚད་དུ་སླེབས་པ་ན་ང་ཚོར་དེ་བས་ཀྱང་ཚད་མཐའ་དམ་དུ་བསྲུང་བའི་ཆ་རྐྱེན་ལྡན་པས། སྔ་ཕྱི་དེ་གཉིས་ནི་ཕྱོགས་གཅིག་ལས་མི་འཛིན་པ་བྱེད་མི་རུང་ལ་སྔ་འཛིན་ཕྱི་འདོར་དེ་བས་ཀྱང་བྱེད་མི་རུང་། དེ་ལྟར་བྱས་ན། ད་གཟོད་ང་ཚོས་དུས་རབས་གསར་པའི་སློབ་གསོ་དེ“ཧུར་བརྩོན་གྱིས་མདུན་དུ་སྐྱོད་པའི་ལེའུ་ཞིག”རྩོམ་ཐུབ་ཅིང་། དུས་སྐབས་གསར་པའི་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་བསྒྲུབ་ཐུབ་པ་ཡིན་ནོ།།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།