ཨ་རིའི་སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་ངོ་བོ།

དགེ་གྲོགས་མང་པོ་ཞིག་གིས་རྒྱུན་པར་ང་ལ་དྲི་ཚིག་འདི་འདྲ་ཞིག་དྲིས་འོངས། ཨ་རིའི་སློབ་གསོ་གཏོང་སྟངས་དེ་ཕར་བལྟས་ཚོད་ཀྱིས་དེ་འདྲའི་ལེགས་པོ་ཞིག་སྟེ། དེ་འདྲའི་སློབ་གསོ་གཏོང་སྟངས་ཀྱིས་སྐྱེད་སྲིང་བྱས་འོངས་པའི་ཨ་རི་པས་འཛམ་གླིང་གི་འཕེལ་ཕྱོགས་སྣེ་ཁྲིད་བྱེད་ཀྱིན་ཡོད་མོད། འོན་ཀྱང་། ཀྲུང་གོ་དང་ཉི་ཧོང་གིས་འདི་འདྲའི་སློབ་གསོ་གཏོང་སྟངས་དེ་ནང་འདྲེན་བྱས་རྗེས་རྩོད་གླེང་ཆེན་པོ་འབྱུང་བར་མ་ཟད། ཐ་ན་གཞི་ནས་ཕམ་ཁ་བྱུང་བའང་ར་སྤྲོད་བྱས་ཡོད་པ་དེ་རྒྱུ་མཚན་ག་རེ་ཡིན་ནམ་ཟེར། གལ་ཏེ་ངས་སྐད་ཆ་ཚིག་གཅིག་གིས་ལན་འདེབས་དགོས་པའི་དབང་དུ་བཏང་ན། ངས“དེའི་རྒྱུ་མཚན་ནི། ཨ་མེ་རི་ཀའི་སློབ་གསོའི་མཚན་ཉིད་རིག་པ་དང་སློབ་གསོ་གཏོང་སྟངས་ནང་འདྲེན་བྱེད་མཁན་དེ་ཚོའི་ཁྲོད་ན། ཨ་རིའི་གཞུང་སྒྲུབ་སློབ་གྲྭ་ཆུང་འབྲིང་དུ་དགེ་རྒན་བྱས་མྱོང་མཁན་གཅིག་ཀྱང་མེད”ཅེས་བརྗོད་ངེས་ཡིན།

ཀྲུང་གོ་དང་ཉི་ཧོང་གིས་ཨ་རིའི་སློབ་གསོ་ནང་འདྲེན་བྱེད་པའི་ཀུན་སློང་ངམ་ཡང་ན་ཐག་གཅོད་བྱེད་འདོད་པའི་གནད་དོན་ཚང་མ་གཅིག་མཚུངས་ཡིན་ཏེ།

གཅིག སློབ་གྲྭ་ཆུང་འབྲིང་གི་སློབ་མའི་འགན་ཁུར་ལྕི་དྲགས་པའི་གནད་དོན་ཐག་གཅོད་བྱེད་པའི་རེ་བ་བཅངས་པ།

གཉིས། སློབ་གྲྭ་ཆུང་འབྲིང་སློབ་མས་དྲི་བར་ལན་བཏབ་ནས་རྒྱུག་སྤྲོད་པ་ལས་གསར་སྐྲུན་གྱི་ནུས་ཤུགས་དཀོན་པའི་གནད་དོན་དེ་ཐག་གཅོད་བྱེད་པའི་རེ་བ་བཅངས་པ།

ཕྱི་ཚུལ་ནས་བལྟས་ན། ཨ་རིའི་སློབ་གསོས་གནད་དོན་འདི་གཉི་གའང་ཐག་གཅོད་བྱས་པ་ཤིན་ཏུ་ལེགས།

ཨ་རིའི་གཞུང་སྒྲུབ་སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྣམས་དུས་ནམ་རྒྱུན་སྔ་དྲོ་ཆུ་ཚོད་དགུའི་སྟེང་མ་གཏོགས་སློབ་གྲྭར་འགྲོ་བཞིན་མེད་ཅིང་། ཕྱི་དྲོ་ཆུ་ཚོད་གསུམ་སྟེང་སློབ་གྲྭ་གྲོལ་འགྲོ། སློབ་མ་ཡོངས་རྫོགས་ས་ཁུལ་ནང་ལྟར་སློབ་གྲྭར་ཞུགས་པ་ཡིན་ཏེ། འབྲིང་རྒྱུགས་མེད་ལ་ཐ་ན་རྒྱལ་ཡོངས་གཅིག་གྱུར་གྱི་མཐོ་རྒྱུགས་ཀྱང་མེད། ལོ་གཅིག་ལས་ལོ་ཕྱེད་ཀྱི་དུས་ཚོད་དེ་གུང་གསེང་གི་དུས་སྐབས་ཡིན་པས། རྩེད་མོར་གཡེང་བའི་དུས་ཚོད་དེ་དཔེ་ཆར་བལྟ་རྒྱུའི་དུས་ཚོད་ལས་ཀྱང་མང་ཞིང་ཧ་ལམ་འགན་ཁུར་ཅི་ཡང་མེད།

ཨ་རི་པས་ཀུ་ཤུ་རྟགས་ཅན་གྱི་ལག་འཁྱེར་ཁ་པར་དང་། ཨན་ཊོར་རྡི་མ་ལག ད་དུང་སྙི་ཕྲན་གཟུགས་ལམ་སྐར་ཁུང(MicrosoftWindows)སོགས་གསར་གཏོད་བགྱིས་ཏེ། མིའི་རིགས་ཀྱི་འཚོ་བ་བསྒྱུར་པའི་ཐོན་རྫས་མང་པོ་ཞིག་གསར་སྐྲུན་བྱས། ཨ་རིའི་ལོ་རེ་བཞིན་ནོ་པེལ་བྱ་དགའ་ཐོབ་པའི་མི་གྲངས་ཀྱང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་སྔོན་གྲལ་དུ་གནས་ཡོད་པས། ཨ་རི་པའི་གསར་སྐྲུན་གྱི་ནུས་ཤུགས་དེ་འཛམ་གླིང་གོ་ལ་ཧྲིལ་པོའི་རྩེ་བུད་ཡིན། འདི་དག་ཚང་མ་ཨ་རིའི་སློབ་གསོ་གཏོང་སྟངས་ཀྱི་འབྲས་བུ་མ་ཡིན་ནམ།

དེར་བརྟེན་ཨ་རིའི་སློབ་གསོ་ལ་སློབ་སྦྱོང་བྱེད་འདོད་མཁན་གྱི་མི་ཚང་མས་འདི་ལྟར་དྲན་བྱུང་སྟེ། དེ་འདྲ་མང་པོ་ཞིག་ལ་དོ་སྣང་བྱ་དགོས་མི་འདུག ངས་ཐད་ཀར་ཨ་རིའི་སློབ་གསོ་དེ་ང་ཚོའི་ཡུལ་འདིར་བསྐྱར་བཟོ་བྱེད་པ་སྟེ། ཨ་རིས་སློབ་ཁུལ་ལྟར་སློབ་མ་བསྡུ་བ་ཡིན་ན། ང་ཚོས་ཀྱང་དེ་བཞིན་དུ་བསྡུ་ཞིང་། ཨ་རིས་ངེས་མེད་འཛིན་གྲྭའི་ལམ་ལུགས་བཀོལ་པ་དེ་བཞིན་དུ་ང་ཚོས་ཀྱང་བཀོལ་པ་དང་། ཨ་རིས“སྒྲིག་འཛུགས་རྣམ་པའི་སློབ་ཁྲིད”བཙུགས་ཏེ། སློབ་མར“རང་ཚུགས་ལྡན་པ་དང་། མཉམ་ལས་བྱེད་པ། འཚོལ་ཞིབ”བཅས་བྱེད་དུ་བཅུག་པ་ཡིན་ན། ང་ཚོས་ཀྱང“སློབ་མ་ལྟེ་བར་འཛིན་པ”དང་། ཨ་རིར་མཐོ་རྒྱུགས་མེད་ཚེ། ང་ཚོས་ཀྱང“མཉམ་རྒྱུགས”མེད་པར་བཟོས་ཆོག   ཨ་རིར་ཆུ་ཚོད་གསུམ་སྟེང་སློབ་གྲྭ་གྲོལ་ན། ང་ཚོས་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་སློབ་གྲྭ་གྲོལ་དུ་བཅུག་ཆོག  འོན་ཀྱང་། མཇུག་འབྲས་ནི་ཕམ་ཁ་ཉོས་ཡོད་པ་དེའི་རྒྱུ་མཚན་ཅི་ཡིན་ནམ།

གོམ་ལག་རླུང་ལ་འགྲན་ན། །རྟ་ཕོ་ཆས་ཀྱིས་གསོ་དགོས། །ཟེར་བའི་དཔེ་དེ་སུ་ཞིག་གིས་དྲན་མྱོང་ངམ། དཔེ་ཀློག་ཡག་པོ་མ་བྱས་པར་ནོ་པེལ་བྱ་དགའ་ལེན་ཐུབ་ཅིང་ཀུ་ཤུ་རྟགས་ཅན་གྱི་ལག་འཁྱེར་ཁ་པར་ཡང་གསར་གཏོད་བྱེད་ཐུབ་པ་དེ་ནི་རྩ་བ་ནས་རྒྱུན་ཤེས་དང་འགལ་བ་ཞིག་གོ། །

ཨ་རིའི་སློབ་གསོ་གཏོང་སྟངས་ལ་ཐད་ཀར་ལད་ཟློས་བྱས་པའི་འབྲས་བུ་ནི། ཉི་ཧོང་བཞིན་གཞི་ནས་ཕམ་ཁ་བྱུང་བ་དང་། ཡང་མིན་ན་རྒྱལ་ནང་བཞིན“སྤུས་ཚད་སློབ་གསོ་ཚ་ཚ་འུར་འུར་དུ་སྤེལ་བ་དང་། རྒྱུགས་སྤྲོད་སློབ་གསོ་ནན་ནན་ཏིག་ཏིག་གིས་བསྒྲུབ་པ”དེ་གཉིས་ལས་འདའ་ས་ཅི་ཡོད་དེ། གོང་ན་སྲིད་ཇུས་དང་འོག་ན་ཐབས་ཇུས་ཡོད་པས། གང་ལྟར་ཀྱང་། སློབ་རིམ་འཕར་ཚད་ལ་རྩ་བ་ནས་དོ་སྣང་མི་བྱེད་པར་སློབ་མ་རྣམས་གང་འདོད་དུ་རྩེ་མོར་གཡེང་དུ་འཇུག་རྒྱུ་ཞིག་སུས་ཀྱང་ག་ལ་ཕོད།

འོ་ན། ཨ་རིའི་སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་ངོ་བོ་དེ་དོན་དངོས་སུ་ཅི་འདྲ་ཞིག་ཡིན་ཞེ་ན།

གཅིག ཨ་རིའི་སློབ་གྲྭ་ཆུང་འབྲིང་གི་སློབ་གསོས་སྐྱེ་བོ་ཕུལ་བྱུང་ཅན་གྱི་སློབ་གསོའི་མཚན་ཉིད་རིག་པ་དེ་ལག་ཏུ་བསྟར་བས། གཞུང་གཉེར་སློབ་གྲྭ་ཕལ་མོ་ཆེའི་སློབ་མར་ཆ་མཚོན་ནས་བཤད་ན། “ཡོང་སྒོ་དང་འགྲོ་སྒོ་དོ་མཉམ་ཡོང་བ་བྱེད་ཐུབ་ཅིང་འདེམས་ཤོག་འཕེན་ཤེས་ཚེ།”  རྩ་བའི་ཆ་རྐྱེན་དུ་སླེབས་ཡོད་པས། མཐའ་གཅིག་ཏུ་དབྱིབས་རིག་ཞིབ་འགྲེལ་དང་ཕྲན་ཆ་བསགས་ཤེས་དགོས་པའི་ངེས་པ་མེད། འོན་ཀྱང་། སྤྱི་ཚོགས་ཧྲིལ་པོར་མ་ལག་ཅིག་ཡོད་དེ། ཕུལ་བྱུང་རིམ་གྲས་ཀྱི་བྱིས་པ་རྣམས་འཚར་ལོངས་འབྱུང་བའི་གོ་རིམ་ཁྲོད་དེའི་དགོས་མཁོ་ཐམས་ཅད་འགན་སྲུང་དང་རེ་འདོད་སྐོང་ཐུབ་པ་ཞིག་ཡིན།

ཨ་རིར་བླང་བྱ་ནན་མོ་ཡིན་པའི་སྒེར་བཙུགས་བཅའ་སྡོད་སློབ་གྲྭ་ཡིས་མི་ནུས་པ་ཅན་དང་ཕྱུག་པོ་རྒྱུ་སྟོབས་ཅན་གྱི་རྒྱུན་འཛིན་པ་དམིགས་ཀྱིས་གསོ་སྐྱོང་བྱེད་བཞིན་ཡོད་ཅིང་། རྒྱུགས་ནན་མོ་བླངས་རྗེས་ད་གཟོད་ཞུགས་ཐུབ་པའི་གཞུང་གཉེར་སློབ་གྲྭ་སྣ་ཚོགས་ཡོད། དབུལ་པོའི་ཁྲོད་ཀྱི་མི་ཕུལ་བྱུང་ཅན་དེར་ཞུགས་ཚེའང་དཀའ་ཁག་གི་གནས་ལས་ཐར་ཐུབ། དེར་གཟི་བརྗིད་མཚན་སྙན་འཛིན་གྲྭ(honors class)དང་སློབ་ཆེན་འདེམ་སྦྱོང་འཛིན་གྲྭ(advanced placement class)ལྟ་བུའི་འདི་འདྲའི་འཛིན་གྲྭ་གཙོ་ཆེ་བ་ཡོད་པས། སྦྱོང་ཚན་ལ་ཤས་ཀྱི་ཆ་ནས་དམིགས་བསལ་གྱི་ཡོན་ཏན་ཡོད་ཀྱང་སྦྱོང་ཚན་གཞན་པའི་སྦྱངས་འབྲས་དཀྱུས་མ་ཡིན་པའི་སློབ་མར་དམིགས་བསལ་གྱི་གཟིགས་སྐྱོང་ཐོབ་ཐུབ། དུས་མཚུངས་སུ་ད་དུང་སྡེ་ཁུལ་གྱི་སློབ་མ་རྣམས་ཀྱིས་ཉིན་རྒྱུན་གྱི་སློབ་གཉེར་གྲུབ་རྗེས་ཤེས་བྱ་གཞན་ཡང་སྦྱོང་ཐུབ།  འོན་ཀྱང་། སློབ་གཉེར་བྱེད་སའི་སློབ་གྲྭས་སློབ་མས་ཐད་ཀར་སློབ་ཆེན་ག་གེ་མོའི་སློབ་ཚན་དེ་འདེམ་སྦྱོང་བྱེད་པའི་སློབ་ཆེན་གྱི་ཁྲིད་ཚན་དེ་འཛུགས་ཐབས་མེད། རིམ་པ་སོ་སོའི་སྲིད་གཞུང་དུ་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཆེད་དུ་སྲིད་གཞུང་ལས་ཁུངས་ཀྱི་འཁོར་སྐྱོད་དུ་ཞུགས་པར་བཀོད་སྒྲིག་བྱེད་པའི་སྡེ་ཁག་ཡོད་ཅིང་། རིམ་པ་སོ་སོའི་ཞིབ་འཇུག་ལས་ཁུངས་དང་། སློབ་གྲྭ་ཆེན་མོ། ད་དུང་སྤྱི་གཉེར་ཁང་ཆེན་མོ་རེ་འགའ་བཅས་སུ་ཡང་ཞིབ་འཇུག་བྱེད་པའམ་དངོས་སྦྱོང་དུ་ཞུགས་མཁན་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་དམིགས་སུ་བཀར་ནས་བསྡུ་ལེན་བྱེད་པར་འགན་འཁུར་མཁན་གྱི་སྡེ་ཁག་ཡོད། དངོས་ནས་དྲང་གནས་ཡིད་ལ་དྲན་མི་འོང་བ་ཞིག་མ་གཏོགས་བསྒྲུབ་མི་ནུས་པ་ཞིག་མེད།

གཉིས། ཨ་རིའི་སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་མཐར་ཐུག་གི་དམིགས་ཡུལ་ནི་སློབ་སྦྱོང་ལ་ཞེ་དྲགས་དགའ་པོ་ཡོད་མཁན་སྐྱེད་སྲིང་བྱེད་པ་ལས། བསླབ་དེབ་ལས་བླང་བྱ་བཏོན་པ་ལྟར་སློབ་མས་ཤེས་ཡོན་དང་རྩལ་ནུས་ཁོང་དུ་ཆུད་ཡོད་མེད་དངོས་འབེབ་བྱ་རྒྱུ་དེ་ག་ལ་ཡིན།

ང་ཚོས་དུས་རྒྱུན་པར་མཐོང་ཐུབ་པ་ནི། ཨ་རིའི་སློབ་ཐུན་ཁྲོད་སློབ་མ་རྣམས་དགའ་ལྷང་ལྷང་རྩེ་མོར་གཡེང་བཞིན་ཡོད། དོན་དངོས་སུ་འཛིན་གྲྭ་ཞིག་ལ་སློབ་མ་སུམ་ཅུ་ཡོད་ཚེ། དེ་ལས“རྩེ་མོར་གཡེང་བའི”བརྒྱུད་རིམ་འདིའི་ཁྲོད་མྱོང་ཚོར་སྐྱེ་ཐུབ་པའི་སློབ་མ་ཕལ་ཆེར་གཅིག་ཙམ་ལས་མེད་ཅིང་། དེ་སྦྱོང་ཚན་འདི་ལ་ཞེ་དྲགས་དགའ་པོ་ཆགས་འོངས་པ་དེ་ཙམ་གྱིས་འདང་ངེས་ཡིན་ཏེ། རྒྱུ་མཚན་ནི། འགྲོ་ལམ་ཧ་ཅང་མང་པོ་ཞིག་ཏུ་སློབ་མ་འདིས་མུ་མཐུད་དུ་ཟབ་སྦྱོང་བྱས་ཏེ་རང་ཉིད་ལ་འགྲན་སློང་བྱེད་ཐུབ་པས། མཐར་ཨ་རིའི་སློབ་ཆེན་རྩེ་གྲས་སུ་ཞུགས་ཐུབ་མཁན་དེ་ཕལ་ཆེར་རང་ཉིད་ཀྱིས་བསླབས་པའི་ཆེད་ལས་ལ་ཞེ་དྲགས་དགའ་པོ་ཡོད་མཁན་རྣམས་ཡིན་ཏེ། ཁོ་ཚོས་སེམས་རྣལ་དུ་ཕབ་ནས་ནམ་སྨད་ཀྱི་ཆུ་ཚོད་གསུམ་བར་དུ་སློབ་སྦྱོང་བྱེད་འདོད་ཅིང་། ཁོ་ཚོས་རང་ཉིད་ཀྱིས་ཡིད་སྨོན་བྱེད་པའི་སློབ་ཆེན་དུ་ཞུགས་ཐུབ་པ་དང་རང་ཉིད་ཀྱིས་ཡིད་སྨོན་བྱེད་པའི་ཆེད་ལས་སྦྱོང་ཐུབ་ཆེད། “སྤྱི་ཚོགས་ཀྱི་འབྲེལ་བ་དང་། ངལ་གསོ་བ། ལས་བྱ་འབྲི་བ”གསུམ་ལས་གཉིས་མ་གཏོགས་འདེམས་མི་ཆོག་པའི་སྐབས་སུ། སྤྱི་ཚོགས་ཀྱི་འབྲེལ་གཏུག་དོར་ངེས་པ་དང་། ཁོ་ཚོས་མ་བསྐུལ་དང་ལེན་གྱི་སྒོ་ནས་འཁྲིད་ཚད་ཅུང་དཀའ་བ་དག་ལ་གསན་ཏེ་རང་ཉིད་ལ་འགྲན་སློང་བྱེད་ངེས་ཡིན།

ཕུལ་བྱུང་སྐྱེ་བོའི་སློབ་གསོ་དང་སློབ་སྦྱོང་ལ་ཞེ་དྲགས་དགའ་པོ་ཡོད་མཁན་གསོ་སྐྱོང་བྱེད་རྒྱུ་ནི་ད་གཟོད་ཨ་རིའི་སློབ་གསོའི་ངོ་བོ་དེ་ཡིན། ང་ཚོས་མཐོང་བའི་ཨ་རིའི་སློབ་གསོའི་ཕྱི་ངོས་ཀྱི་སྣང་ཚུལ་ཡོངས་སུ་རྫོགས་པ་སྟེ། དེར“སྤུས་ཚད་སློབ་གསོ”ཞེས་འབོད་པའི་ཕྱི་ངོས་ཀྱི་སྣང་ཚུལ་ཡང་འདུ་ཞིང་། དོན་དངོས་སུ་དེ་དག་ཚང་མས་མཐར་ཐུག་གི་དམིགས་ཡུལ་འདི་གཉིས་ལ་ཞབས་ཕྱི་བསྒྲུབས་པ་ཡིན།

གལ་སྲིད་ང་ཚོའི་སློབ་གསོའི་དམིགས་ཡུལ་དེ་ཨ་རི་དང་མི་འདྲ་བཞིན་དུ། ཨ་རིའི་སློབ་གསོའི་ཕྱི་ཚུལ་གྱི་རྣམ་པ་དེ་ནང་འདྲེན་བྱས་ན། དེའི་འབྲས་བུ་ནི་ཕལ་ཆེར་ཕམ་ཁ་ལས་མ་འདས་སོ། །

དེས་ན་ཀྲུང་གོའི་སློབ་གསོའི་སྲིད་འཛིན་ཕྱོགས་ཀྱི་འགོ་འདོམས་བྱེད་མཁན་རྣམས་ནི། མིག་གསལ་བློ་གསལ་ཞིག་ཡིན་པ་སྨོས་ཅི་དགོས་སོ། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།