མཐོ་རྒྱུགས་དང་འབྲེལ་བའི་གཏམ།

རྩོམ་སྒྲིག་པའི་གཏམ།

ལོ་རེའི་མཐོ་རྒྱུགས་ནི་རྒྱུགས་ཞུགས་སློབ་བུ་དག་གི་འབྱུང་འགྱུར་མདུན་ལམ་ཐག་གཅོད་བྱེད་ཉག་ཅིག་ཏུ་ངོས་འཛིན་མི་རིགས་མོད། ཡིན་ཡང་མི་ཚེའི་བཞུད་ལམ་ཁྲོད་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་ཏུ་ཅིས་ཀྱང་བསམ་དགོས། དེས་ན་མི་འགྱངས་པར་མཐོ་རྒྱུགས་ཀྱི་འཐབ་རར་ཞུགས་དགོས་པའི་སློབ་བུ་དག་དངོས་སུ་གཡུལ་ངོར་ཆས་དུས། ལེགས་ཉེས་བླང་དོར་དང་རྨོངས་པ་ཀུན་སེལ་གྱིས་གཡུར་ཟའི་འབྲས་བུ་ཞིག་བླངས་ཏེ། སློབ་གསོའི་བགྲོད་ལམ་ནས་མུ་མཐུད་དུ་བརྩོན་འགྲུས་ཀྱི་རྟ་ཕོར་ལྕག་གིས་བསྐུལ་ཞོར། མི་ཚེའི་མདུན་ལྗོངས་ལ་རིན་ཐང་གི་ཁ་དོག་གསར་བ་ཞིག་སྩོལ་བར་དམིགས་ཏེ། ན་ནིང་རང་རེའི་ཚགས་པར་སྟེང་བཀོད་ཟིན་པའི་རྒྱུགས་བཤེར་དགེ་རྒན་གསུམ་ལ་བཅར་འདྲི་བྱས་པའི་མཐོ་རྒྱུགས་དང་འབྲེལ་བའི་ནང་དོན་གལ་ཆེན། ཐེངས་འདིར་རྒྱ་ཆེའི་སློབ་བུ་རྣམས་ལ་ཆེད་དུ་ཕུལ་བ་ཡིན་པས་ཀུན་ལ་ཕན་པའི་རྒྱུ་རུ་གྱུར་ཅིག་གུ།

406.jpg

2016ལོའི་མཐོ་རྒྱུགས་བོད་ཡིག་རྒྱུགས་གཞིའི་ཁྱད་ཆོས་འགའ་གླེང་བ།  

མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་།  མགོན་པོ་ཚེ་རིང་།


དང་པོ། ཤེས་བྱའི་ཁེབས་རྒྱ་ཆེ་བ།

མཐོ་འབྲིང་གི་ངེས་ཀློག་སློབ་དེབ་ལྔ་དང་འདེམ་ཀློག་སློབ་དེབ་གསུམ་སྟེ་དེབ་བརྒྱད་པོའི་ཤེས་བྱ་ཁྱོན་ཡོངས་ནས་བརྟག་ཐུབ་པའི་ཁྱད་ཆོས་ལྡན་པ་ཡིན་ལ། དེ་ཡང་ཤེས་བྱའི་གནད་ཟིན་ཚད་ཀྱི་ཐད་ནས་ཀྱང་ཅུང་འོས་མཐུན་ཡིན་པ་སྟེ། སུམ་རྟགས་དག་གསུམ་གྱིས་སྐར་མ་20ཟིན་པ་དང་། སྲོལ་རྒྱུན་བོད་རྩོམ་གྱིས་སྐར་མ20། དེང་རབས་བོད་རྩོམ་གྱིས་སྐར་མ20། འགྱུར་རྩོམ་གྱིས་སྐར་མ10། རྩོམ་འབྲིའི་ཤེས་བྱས་སྐར་མ12། བསྡུས་གྲྭས་སྐར་མ8། རིག་གནས་སྣ་འཛོམས་ཀྱིས་སྐར་མ10། རྩོམ་ཡིག་གིས་སྐར་མ50བཅས་བསྡོམས་པས་སྐར་མ150ཡིན།

གཉིས་པ། བེད་སྤྱོད་ནུས་ཚད་ལ་བརྟག་ཐུབ་པ།

ད་ལོའི་རྒྱུགས་ཤོག་གི་ཁྱད་ཆོས་གཙོ་བོ་ཞིག་ནི་རྒྱུ་ཆ་དབྱེ་ཞིབ་བྱས་ནས་ལན་འདེབ་རྒྱུ་མང་བ་ལས་ཐད་ཀར་གོ་དོན་དང་མཚན་ཉིད་འབྲི་བ་སོགས་ཅུང་ཉུང་ལ། དེས་སློབ་མའི་སྐད་ཡིག་གི་བེད་སྤྱོད་ནུས་པ་བརྟག་ཐུབ་པ་ཡིན་པས། བསམ་གཞིགས་མང་ཞིང་བློར་འཛིན་ཁོ་ནར་བརྟེན་ནས་ཚད་འཇལ་བའི་སྲོལ་རྒྱུན་དེ་སྒྱུར་འདུག དཔེར་ན་དག་ཡིག་ལྟ་བུར་མཚོན་ན་ཡང་སྔར་གྱི་ཐ་སྙད་མང་པོ་སྤུངས་ནས་འགྲིག་མིན་ལ་བརྟག་པ་དེ་རྒྱུ་ཆའི་ཁྲོད་དུ་གོ་བ་ལེན་ཚུལ་ལ་སྒྱུར་པ་དང་། ལྷག་པར་དུ་བརྡ་རྙིང་གི་གོ་བ་ལོན་མིན་ལ་ཡང་དེ་ལྟར་བརྟག་ཐུབ་པར་བྱས་འདུག་པ་ལྟ་བུ་རེད།

གསུམ་པ། རྩོམ་འབྲིའི་ཐད་ཀྱི་བཅོས་སྒྱུར།

རྩོམ་ཡིག་ལ་མཚོན་ན་སྐར་གྲངས་ཀྱི་སྡུར་ཚད་ཆེས་མང་བས། སློབ་མའི་རྩོམ་འབྲིའི་ནུས་པ་ཁྱོན་ཡོངས་ནས་འཇལ་དགོས་ན་རྩོམ་ཡིག་གཅིག་གིས་ཡོངས་སུ་མཚོན་དཀའ་བའི་གནས་ཚུལ་ལ་དམིགས་ནས། དུམ་ཚན་གསུམ་གྱིས་མཚོན་པར་བྱས་པ་སྟེ། ཚིགས་བཅད་འབྲི་བའི་ནུས་པ་དང་། མི་སྣ་ཞིབ་འབྲིའི་ཐད་ཀྱི་རྩོམ་ཐུང་ཞིག སྤྱི་ཚོགས་ཀུན་སྤྱོད་ཐད་ཀྱི་རྩོམ་ཡིག་བཅས་གསུམ་པོ་བསྡོམས་ན་ད་གཟོད་སྐར་མ50ལེན་ཐུབ་པའི་ཚད་བཟུང་ཡོད། དེར་མ་ཟད་རེ་རེ་ལའང་རྩོམ་བྱང་ཙམ་བྱིན་པ་མ་ཡིན་པར་རྩོམ་འབྲིའི་རྒྱབ་ལྗོངས་ཀྱི་རྒྱུ་ཆ་ལྟར་འབྲི་དགོས་པ་ཡིན་པས། གཅིག་ནས་རྩོམ་འབྲིའི་ནུས་པ་དང་གཉིས་ནས་རྒྱུ་ཆའི་དབྱེ་ཞིབ་ནུས་པ་སོགས་ཀྱང་འཇལ་ཐུབ་པ་ཡིན། རྒྱུ་ཆ་བདམས་པའི་ཚེ་ན་ཡང་སློབ་མར་རྒྱུས་ཡོད་པ་དང་སྤྱི་ཁྱབ་ཀྱི་དོན་སྙིང་ཡོད་པ། དུས་རབས་དང་མི་རིགས་ཀྱི་ཁྱད་ཆོས་གསལ་བ་ལ་སོགས་པ་གཞིར་བཟུང་ཡོད་པ་དང་། རྩོམ་བྱང་དང་རྩོམ་ལུས་ཀྱང་མི་འདྲ་བ་བྱིན་ནས་སློབ་མའི་རང་གཤིས་དང་འཇོན་ཐང་སོགས་ཀྱི་བོགས་འདོན་ཐུབ་པའི་དགེ་མཚན་འདུག་ལ། རྒྱུ་ཆའི་ཐད་ནས་ཀྱང་བྱེ་བྲག་གཟུགས་ཅན་ཡིན་པ་དང་ཟུར་མང་ཞིང་གྱ་ནོམ་པའི་ཁྱད་ཆོས་སོགས་ལྡན་པ་རེད།

407.jpg

མཐོ་རྒྱུགས་ལ་སྐར་གྲངས་བཟང་བོ་ལེན་ཐབས།

མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་།  སྟག་རིག་རྟ་མགྲིན་རྒྱལ།


མཐོ་རྒྱུགས་ནི་སློབ་མ་མང་ཆེ་བ་ལ་མཚོན་ན་རང་གི་ལས་དབང་བསྒྱུར་བའི་མི་ཚེ་དོན་ཆེན་ཞིག་ཏུ་གྱུར་པས། བྱ་བ་དེ་ཡང་འགྲན་རྩོད་རྩུབ་པོ་ཞིག་ཏུ་རང་ཤུགས་ཀྱིས་སོང་ཡོད། མཐོ་རྒྱུགས་ཁྲོད་ཀྱི་རྒྱལ་ཕམ་ནི་སྐར་གྲངས་མང་པོ་ནི་སྨོས་ཅི། སྐབས་རེར་སྐར་གྲངས་རེ་གཉིས་ཙམ་གྱིས་ཀྱང་ཐག་གིས་གཅོད་སྲིད་པའི་སྐབས་མང་དུ་མཐོང་། དེའི་ཕྱིར་མཐོ་རྒྱུགས་ལ་སྐར་གྲངས་མི་དམན་པ་ཞིག་ལེན་རྒྱུ་དེ་ནི། ཁྱིམ་བདག་དང་མཐོ་རྒྱུགས་སློབ་མ་ཐམས་ཅད་ཀྱི་རེ་ལྟོས་ཆེན་པོ་གནང་ས་ཡིན་པ་ཡང་ཀུན་གྱིས་མཁྱེན་གསལ་ལྟར་རོ། ། འོ་ན་ཇི་ལྟར་བྱས་ན་ད་གཟོད་རྒྱུགས་འབྲས་ཡིད་ཚིམ་པ་ཞིག་ལེན་ཐུབ་བམ་ཞེ་ན། སློབ་མ་མང་པོ་ཞིག་གིས་དེའི་ལན་དུ་ཐེ་ཚོམ་མེད་པར་ནི། གང་ཞིག་སློབ་སྦྱོང་ལ་བཟང་ངན་དང་དུས་རྒྱུན་བསྐྱར་སྦྱོང་ཡག་པོ་བྱས་མིན་ལ་རག་ལས་སོ་སྙམ་པ་ནར་མར་ཤར་ཡོང་ངེས། སྤྱིར་དེ་གཉིས་གལ་ཆེན་མ་རེད་ཅེས་བཤད་ཕོད་མཁན་ནི་སུ་ཡང་ཡོད་མི་སྲིད་མོད། དེ་ཙམ་གྱིས་དེ་གཉིས་མཐའ་གཅིག་ཏུ་སྟོབས་དགུ་ཚང་བའི་བདག་ཉིད་དུ་བཀུར་བ་དང་ཡིད་བཞིན་དུ་འགྲུབ་པའི་ནོར་བུ་རིན་པོ་ཆེར་སྨྲས་བར་བྱས་ན། སྡོམ་ཚིག་དེ་ཡང་ཅུང་ཟད་ཁྱབ་པ་མ་ངེས་པར་འགྲོ་བ་ཡིན། རྒྱུ་མཚན་ཡང་མཐོ་རྒྱུགས་ཀྱི་ཁྲོད་བུ་རེ་བ་ཅན་མང་པོས་རེ་བ་ཞི་སེ་བཏང་བའི་ལོ་རྒྱུས་མང་པོ་བྱུང་ཡོད་པ་གང་འདོད་དུ་རྙེད་ཐུབ་པས་སོ། །

དེས་ན་རང་ཉིད་སློབ་སྦྱོང་བཟང་བ་དང་དུས་རྒྱུན་བསྐྱར་སྦྱོང་ལེགས་པོ་བྱས་པ་དེ་དག་ངལ་བ་འབྲས་མེད་དུ་མི་གཏོང་ཞིང་། དགོས་འདོད་ཀྱི་ནོར་བུ་བཞིན་རྒྱུགས་འབྲས་ཡིད་ཚིམ་པ་ཞིག་འབྱུང་བའི་ཐབས་དམ་པ་ནི། དྲི་བ་ལ་ཞིབ་ལྟ་བྱས་ནས་དྲིས་ལན་དོན་མཐུན་གདབ་རྒྱུ་དེ་རེད་འདོད། ན་ནིང་ད་ལོའི་མཐོ་རྒྱུགས་ཀྱི་ལྟ་བཤེར་ཁྲོད་ཁོ་བོ་ལ་གང་དཀའ་ཅི་དཀར་ཐུག་ཅིང་ལན་གཅིག་མ་ཡིན་པར་འཕངས་སེམས་སྐྱེས་དགོས་པའི་གནས་ཤིག་བྱུང་བ་ནི། སློབ་མ་མང་པོ་ཞིག་ལ་བོད་ཡིག་གི་ཆུ་ཚད་ཡག་པོ་ཡོད་པ་མཐོང་བཞིན་དུ། དྲིས་ལན་གྱི་ཆ་ནས་ཁོ་ཚོར་དེ་ཚོད་ཀྱི་སྐར་འབྲས་འབྱུང་ཐུབ་མེད་པ་དེའོ། ། རྒྱུ་རྐྱེན་ཤིན་ཏུ་མཐོང་སླ་སྟེ་སློབ་མ་མང་པོ་ཞིག་གིས་དྲི་བའི་ནང་དོན་དང་རེ་བ་རྣམས་ཅི་མི་སྙམ་དུ་བཞག་ནས་ཞིབ་ལྟ་མི་བྱེད་ལ། དེའི་དགོངས་དོན་ལྟར་དྲིས་ལན་དོན་མཐུན་འདེབས་ཐབས་ལ་ཡང་མི་བརྩོན་པར་རང་སྣང་གང་ཤར་དང་འབྲེལ་མེད་དོན་གཞན་གྱིས་དྲིས་ལན་འདོད་འདོད་དུ་འདེབས་པའི་གནས་ཚུལ་མཐོང་། དཔེར་ན་ད་ལོའི་བོད་ཡིག་གི་རྒྱུགས་གཞིའི་དོན་ཚན34ནི། དེར་བཀོད་ཀྱི་རྒྱུ་ཆ་བྱིན་པའི་སྟེང་ནས་ཚིག་རྐང་བཞི་ཚང་བའི་ཚིགས་བཅད་ཅིག་རྩོམ་དགོས་ཤིང་། དོན་ཚན་ལས་དངོས་བསྟན་གྱི་རེ་བ་ནི་རྩོམ་ལུས་ཚིགས་བཅད་ཡིན་དགོས་པའི་སྟེང་རྗོད་བྱེད་ཀྱི་མང་ཉུང་ཚེག་བར་བདུན་དུ་བཀས་བཅད་ཅིང་། རྒྱུ་ཆའི་དངོས་བསྟན་གྱི་རེ་བ་ནི་བརྗོད་བྱ་ལ་དཔྱིད་ཀ་བྲི་དགོས་པ་གསལ་བོར་བསྟན་ཡོད། ཡིན་ན་ཡང་སློབ་མ་མང་པོ་ཞིག་གིས་ཚིག་ཟིན་གྱི་རེ་བ་འདི་དག་སྣང་མེད་ཞེ་དྲག་ཏུ་བཞག་ནས། བསམ་བཞིན་དུ་ཡིན་པ་ལྟ་བུའི་སྒོ་ནས་ཚེག་བར་དྲུག་ཅན་དང་ཚེག་བར་དགུ་ཅན། བཅུ་གཅིག་ཅན་སོགས་དང་། བརྗོད་བྱ་ལ་ཡང་དབྱར་ཁ་དང་སྟོན་ཀ  དགུན་ཁ། ལེགས་བཤད་སོགས་ཡུལ་ངེས་མེད་དུ་སྣ་ཚོགས་བྲིས་ཤིང་། ལ་ལས་སྐོར་ལོག་གི་ཟོལ་གྱིས་ད་དུང་རྩོམ་ལུས་ལ་ཡང་རང་མོས་སྙན་ངག་དང་ལྷུག་པའི་ལམ་དུ་འཕྱན་ཅི་ཐུབ་བྱས་ཡོད། དེ་བཞིན་དུ་རྩོམ་ཡིག་ལ་ཡང་། ཁ་བྱང་འདོགས་པ། དགག་སྒྲུབ་ཡིན་པ། ཡིག་འབྲུ་དྲུག་བརྒྱ་ལོངས་དགོས་པ་སོགས་རེ་བ་དམིགས་གསལ་དུ་བཏོན་ཡོད་བཞིན། ལ་ལར་ཁ་བྱང་མེད་པ། ལ་ལར་ཡིག་འབྲུ་མི་ལོང་བ། ཡང་ལ་ལ་དགག་སྒྲུབ་རྩོམ་ཡིག་མ་ཡིན་པ་སྟེ། གང་ལྟར་རེ་བ་ལྟར་ཡེ་ནས་བྲིས་མེད་པ་ཉུང་ཉུང་མ་ཡིན། དེ་དག་ནི་བོད་ཡིག་གི་ཆུ་ཚད་ཞན་དྲགས་པས་རེ་བའི་ཚིག་དོན་ཧ་མ་གོའོ་སྙམ་ན། དེ་ལྟར་ཡིན་པའི་རྒྱུ་མཚན་ཡང་མི་རྙེད་དེ། དྲིས་ལན་དེ་དག་ལས་སློབ་མ་སྐོར་ཞིག་ནི་བོད་ཡིག་གི་ཤེས་བྱ་བཟང་བོ་ཡོད་པ་ཅན་ཤ་སྟག་ཏུ་མཐོང་ངོ་། །

གང་ལྟར་དྲི་བའི་ནང་དོན་དང་རེ་བ་ལ་མི་བསྟུན་པའི་དྲིས་ལན་ནི་ཇི་ལྟར་རྩལ་དུ་སྤྲུགས་ནས་བཏབ་པ་དང་། ཐ་ན་ཚིག་དོན་བཟང་བས་ཕུན་སུམ་ཚོགས་པའི་དཔལ་དུ་འགྱུར་ཀྱང་རུང་། སྐར་གྲངས་བཟང་བོ་མི་འཐོབ་པ་དང་ཡང་ན་རྩ་བ་ནས་མི་འཐོབ་པའི་སྐྱོ་འབྲས་འོས་མེད་ཀྱིས་འབྱུང་། ཕར་བལྟས་ན་དེ་འདྲ་འབྱུང་བའི་དོན་གྱི་ཕུག་རྩ་གཞན་གང་ལ་ཡང་ཐུག་མེད་དེ། རང་རེ་སློབ་མ་ཚོས་གྲིམ་པོ་བྱེད་མི་ཤེས་པ་དེ་ཁོ་ན་ལ་ཐུག་གོ།

དུས་རྒྱུན་གྲིམ་པོ་ཚད་དགོས་དང་གྲིམ་པོ་བྱ་དགོས་ཟེར་བའི་སྐད་ཆ་ཞིག་བརྗོད་དུ་ཡོད་པ་འདི་ནི། རང་སྣང་གང་ཤར་དང་བཀའ་གསུང་ཅི་སྒྲུབ་མི་བྱེད་པའི་སློབ་མ་དེའི་རིགས་ལ་ཤིན་ཏུ་ཕན་པའི་ལེགས་བཤད་དུ་མཐོང་། དེ་ཡང་སློབ་མ་ཞིག་གྲིམ་པོ་རེད་དང་མ་རེད་ཀྱི་ཁྱད་པར་སྨྲ་སྐབས། སྤྱིར་བཏང་དུ་དེ་ནི་བསྡུར་བྱ་གང་ཞིག་ལྷན་སྐྱེས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་སྟོབས་མཚུངས་པའི་འོག སུ་ཞིག་གོ་སྐབས་དང་བསྲུང་བྱ་ཕྲ་མོ་མ་ལུས་བེད་སྤྱོད་གང་ལེགས་བྱེད་མཁས་པར་བརྟེན། དེ་གཉིས་ཀྱི་རྒྱུགས་འབྲས་ལ་གནམ་སའི་ཁྱད་པར་བྱུང་བ་དེ་སྟོན་ལ། ཁྱད་པར་དེ་ནི་རྒྱུགས་གཞིའི་ནང་དོན་དང་རེ་བ་སོགས་རྒྱུགས་ཀྱི་གནད་ཕྲ་མོ་ཡན་ཆད་ལ་རྩེ་གཅིག་ཏུ་རྣམ་ཤེས་མ་བསྒྲིམས་པ་སྟེ། གྲིམ་པོ་བྱེད་མ་ཤེས་པས་ལན་འདུག་ན། གྲིམ་པོ་བྱེད་རྒྱུ་དེ་ནི་སློབ་མ་ཞིག་ལ་འཛོམས་དགོས་པའི་རྩ་བའི་ཆ་རྐྱེན་ཡིན་པ་དེ་བཞིན། གྲིམ་པོ་བྱེད་མི་ཤེས་པ་དེ་ཡང་གོམས་གཤིས་ལེགས་པོ་ཞིག་གཏན་ནས་མིན་པར་མ་ཟད། རང་ཉིད་ཀྱི་ཕུན་ཚོགས་ལ་དོན་མེད་ཀྱི་འགོང་བོ་ཞུགས་རོགས་ཀྱི་རྒྱུ་འབའ་ཞིག་སྒྲུབ་པ་རེད་ཅེས་ཀྱང་སྨྲ་ཆོག་གོ དེས་ན་བཀའ་སྲུང་ཅི་སྒྲུབ་མི་བྱེད་པའི་ངན་འབྲས་ལ་གནོད་པ་གང་ཡོད་ཟེར་ན། རྒྱུགས་གཞིའི་རེ་བ་ལྟར་བྲིས་མེད་པས་གང་བྲིས་ཕྱིན་ཅི་ལོག་ཏུ་སོང་བ་དང་། ཕྱིན་ཅི་ལོག་གི་དྲིས་ལན་རྣམས་ད་དུང་དགོས་མེད་དུ་རིང་ཞིང་ཕྲ་ལ་ཞིབ་ཕྲ་ལྡན་པའི་ངལ་བ་ཡོངས་སུ་བསྟེན་པ་དང་། དེ་ལྟར་བྱས་པས་རྒྱུགས་འབྲས་མི་འདོད་བཞིན་དུ་དམའ་བ་དང་། དུས་ཚོད་འཕྲོ་བརླག་ཏུ་གྱུར་པ་དང་། རྒྱུགས་གཞིའི་སྤྱི་ཁོག་ལེགས་འགྲུབ་ཀྱི་སྤྱི་ཇུས་ཆེན་པོ་ལ་ཆེས་གནོད་པའི་བྱ་བྱེད་དུ་གྱུར་པའོ། ། དེ་ལས་ལྡོག་སྟེ་བློ་གསལ་གང་ཞིག་དྲི་བའི་དོན་ལ་ཞིབ་ལྟ་ཡོད་པ་དང་། རེ་བ་བཏོན་པར་བརྩི་མཐོང་ཆེ་བ་། དྲི་བ་མཐའ་དག་ལ་དྲིས་ལན་དོན་མཐུན་བསྐྱོན་པར་འབད་པ་དེ་དག་ལ་ནི། དུས་ཀྱི་གཞན་དབང་དུ་གྱུར་པའི་མཐོ་རྒྱུགས་དེ་ཉིད་ཀྱང་། རང་གི་སློབ་སྦྱོང་གི་ཤེས་བྱ་རྣམས་གེགས་མེད་དུ་ངོམས་པའི་དཔུང་རོགས་དང་། མཐོ་རྒྱུགས་ཀྱི་སྐར་འབྲས་ཡིད་བཞིན་དུ་ལེན་པའི་མྱུར་ལམ། བཅད་ཐུང་གི་དུས་ཚོད་དོན་ལྡན་དུ་བཀོལ་པའི་མན་ངག་ཟབ་མོ་བཅས་སུ་གྱུར་ཡོད་པ་མཐོང་། མི་ཚེ་ནི་རྒྱུགས་ཀྱི་འཐབ་ར་ཆེན་པོ་ཞིག་ཡིན་ཞིང་། མཐོ་རྒྱུགས་ནི་དེའི་ནང་གི་རྒྱུགས་གཞི་མཐའ་མ་དེ་མ་ཡིན་ན། མ་འོངས་པའི་ལམ་བུའི་སྟེང་དུ་ད་དུང་མཐོ་རྒྱུགས་ལྟ་བུའི་ཡིག་རྒྱུགས་མང་པོས་ཕྲེང་བསྒྲིགས་ཏེ་ང་ཚོར་སྒུག་ཡོད། དེའི་ཕྱིར། བོད་རིགས་སློབ་མ་སྤྱི་དང་། ཁྱད་པར་དུ་མཐོ་རྒྱུགས་སློབ་མ་རྣམས་ཀྱིས་རྒྱུགས་འབྲས་གཡུར་དུ་ཟ་བ་ལེན་འདོད་ཚེ། མཐོ་རྒྱུགས་ཀྱི་རེ་བཀོད་རྣམས་ལ་ཞིབ་ལྟ་གནང་བར་གྲིམ་པོ་བྱེད་དགོས་པ་དང་། བྱས་ནས་ཀྱང་རེ་བ་ལྟར་བྲི་བར་བྱ་རྒྱུ་ནི། ནམ་ཡང་རང་གི་ཐུགས་དམ་གྱི་མཐིལ་དུ་འཛིན་རྒྱུ་མ་བརྗེད། །

408.jpg

མཐོ་རྒྱུགས་རྩོམ་ཡིག་རྒྱུགས་བཤེར་སྐབས་ཀྱི་ཚོར་སྣང་།

མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་། གུར་མགོན་སྐྱབས།

འདིར་ད་ལོའི་མཐོ་རྒྱུགས་ལས་རྩོམ་ཡིག་གི་སྐོར་རགས་ཙམ་བཤད་ན། རྩོམ་ཡིག་ལ་རྩོམ་ཆུང་དང་རྩོམ་ཆེན་གཉིས་ཡོད་ཅིང་(རྩོམ་ཆུང་དང་རྩོམ་ཆེན་ཞེས་པ་ནི་ངའི་སྟབས་བདེའི་བཤད་ལུགས་ཙམ་ཡིན་གྱི་དོན་ལ་རྩོམ་ཐུང་ངུ་དང་རིང་པོ་ཞེས་པ་དེ་ཡིན།)རྩོམ་ཆུང་ལ་བཅད་ལྷུག་གཉིས་ཡོད་དེ་དོན་ཚན་གསུམ་པ་ཚིག་སྦྱོར་སྤེལ་བ་ཞེས་པ་དེ་ཡིན་ལ། སྐར་ཚད15%ཡིན། ཚིགས་བཅད་ཤོ་ལོ་ཀ་དེ་སྙན་ངག་གི་རྒྱན་གྱིས་བཅིངས་ཏེ་བྲིས་ཆོག་ཅིང་། ལྷུག་མ་དེ་རྒྱན་གྱིས་བཅིངས་ཐབས་མེད་པའི་ཉེར་སྤྱོད་རྩོམ་གི་འབྲི་ཐབས་ཀྱི་རིགས་ལ་གཏོགས་པ་ཡིན། དོན་ཚན་འདིའི་ནང་དུ་རྒྱུགས་སྤྲོད་སློབ་མའི་སྙན་རྩོམ་འབྲི་བའི་ནུས་རྩལ་དང་རྒྱུན་སྤྱོད་ཡིག་རིགས་བཀོལ་སྤྱོད་ཐད་ཀྱི་ནུས་པར་བལྟ་བ་ཡིན་པས། རྒྱུགས་བཤེར་དགེ་རྒན་གྱིས་གཙོ་བོར་ཚིག་སྦྱོར་སྤེལ་སྟངས་བཟང་ངན་དང་བྱང་ཆ་ཡོད་མེད་ལ་བརྟགས་ཏེ་སྐར་མ་སྟེར་བ་རེད། འོན་ཀྱང་ཡིད་འཇོག་བྱ་དགོས་པ་ཞིག་ནི་དྲི་བའི་སྟེང་ན་སོ་སོར་བླང་བྱ་བཏོན་ཡོད་པ་དེ་དང་འགལ་བ་འམ་ཅུང་ཟད་འགལ་བ། ཚབས་ཆེར་འགལ་བ་སོགས་བྱུང་ན་དེ་མཐུན་གྱིས་སྐར་གྲངས་འཕྲི་བཞིན་ཡོད། སྤྱིར་བཏང་དོན་ཚན་འདི་ལ་རྒྱུགས་སྤྲོད་སློབ་མ་ཚད་ལྡན་ཞིག་ཡིན་ན་མནོ་བསམ་ཆེན་པོ་གཏོང་མི་དགོས་པར་བླང་བྱ་དང་མ་འགལ་བར་བྲིས་པ་ཙམ་གྱིས་ནུས་ཤིང་། རྒྱུགས་འདོན་མཁན་དགེ་རྒན་གྱིས་དཔེ་བལྟ་སའི་ཚིགས་བཅད་དང་རྒྱུ་ཆ་བཀོད་དེ་སློབ་མར་སྟབས་བདེའི་མཐུན་རྐྱེན་བསྐྲུན་ཡོད་ཅིང་། དེ་ཡང་གཙོ་བོར་དུས་ཚོད་མང་པོ་འཕྲོ་བརླག་ཏུ་མི་འགྲོ་བར་བྱས་ཡོད། དོན་ཚན་བཞི་བ་ནི་རྩོམ་ཆེན་ཏེ། རྩོམ་ཆེན་ཟེར་དོན་ནི་ཁོ་བོས་ལྟོས་ས་ལྟོས་འཇོག་གིས་བཤད་པ་ཡིན་གྱི་རྒྱུགས་ཤོག་སྟེང་ན་རྩོམ་ཆེ་ཆུང་ཞེས་བཀོད་མེད་པར་རྩོམ་ཡིག་ཅེས་བཀོད་ཡོད། འདི་ལ་སྐར་ཚད35%ཡོད། དོན་ཚན་འདི་ལ་རྒྱུ་ཆ་གཅིག་དང་། རེ་འདུན་གསུམ་ཡོད་དེ། དེ་དག་ཐོག་པར་ཞིབ་ཀློག་བྱེད་དགོས་པ་ཡོད་དེ། རྩོམ་ནི་དེ་ལ་གཞི་བྱས་ཏེ་འབྲི་དགོས་པས་སོ། ། ཐོག་མར་རྒྱུ་ཆའི་ནང་དོན་ཞིབ་ཀློག་གིས་གསལ་བར་ངེས་དགོས་ཏེ། རྒྱུ་ཆའི་ནང་དོན་ནི་“ཡ་རབས་ཚུལ་ལྡན”ཞེས་པའི་ཐ་སྙད་འདི་སྙིང་པོར་བྱས་ཏེ་ལྷུག་བརྗོད་བྱས་ཡོད་ཅིང་། དེ་ལ་གནའ་དེང་གི་འགྱུར་བ་གཞུང་རྟར་བྱས་ཡོད། འོན་ཀྱང་ཟིན་དགོས་པའི་གནད་ཆེན་པོ་ནི“དེང་གི་དུས་འདིར་སྤྱི་ཚོགས་ཀུན་སྤྱོད་གསོ་བའི་ཐད་ཀྱི་རང་གི་ལྟ་ཚུལ་མཚོན་པ”ཞེས་པ་འདི་ཡིན་ལ། འདི་ཉིད་དྲི་བ་ལྟ་བུར་བྱས་ཏེ་ལན་ལྡོན་དགོས། གནད་འདི་མ་ཟིན་པའི་སློབ་གྲོགས་ཀྱང་ཉུང་ཤས་འདུག་སྟེ། རྒྱུགས་ལན་ལ་རྒན་མོ་གསེར་འཁུར་གྱི་དུས་མང་དུ་བརྗོད་དེ་རྩོམ་ཡིག་རྫོགས་པར་བྱས་པ་ལ་སོགས་ཀྱིས་མཚོན་ནོ། ། དེ་ནས་བློས་བསླངས་ཀྱི་གོ་རིམ་ཁྲོད་དུ་ད་ལྟའི་ཀུན་སྤྱོད་ཉམས་དམས་སུ་ཕྱིན་པའི་གནས་བབས་དང་། དེ་ལྟ་བུར་གྱུར་པའི་རྒྱུ་རྐྱེན། མ་འོངས་པའི་མཇུག་འབྲས་སོགས་ལ་བསམ་དགོས་ཤིང་། ཐོག་མར་ཐག་གཅོད་དགོས་པ་ཞིག་ནི་ཁ་བྱང་ཡིན། ཐེངས་འདིའི་རྩོམ་རྒྱུགས་ལས་ཁ་བྱང་ལེགས་པོ་ཡང་མང་དུ་མཐོང་སྟེ། དཔེར་ན། “ཀུན་སྤྱོད་བཟང་པོ་ལམ་གྱི་ཉི་འོད་ཡིན། ”ཞེས་པ་དང་“ཀུན་སྤྱོད་ལེགས་པོས་ནང་གི་མཛེས་སྡུག་མཚོན། ”ལྟ་བུ་ཡིན་ལ། གལ་སྲིད་ཁ་བྱང་མི་མཛེས་པའམ་ཅུང་ཟད་གཟུར་བ་སོགས་བྱུང་ན་དེ་ལ་དེ་འཚམ་གྱི་སྐར་གྲངས་གཅོག་བཞིན་ཡོད། དེ་ནས་རྩོམ་དངོས་ཀྱི་ཚིག་སྦྱོར་དང་། དག་ཆ། ནང་དོན། སྤྱི་ཁོག་འབུབ་སྟངས། སྒྲིག་གཞི་བཅས་ལ་དམིགས་ཏེ་སྐར་མ་སྟེར་བ་ཡིན་ལ། སྐར་ཚད་ནི་རབ་དང་འབྲིང་། ཐ་མ། ཐ་མའི་ཐ་མ་བཅས་རིགས་བཞི་རུ་བགོས་པ་ཡིན། རབ་སྐར30%ཡན་ཡིན་ལ། འབྲིང25%ཡས་མས། ཐ་མ་སྐར15%ཡས་མས། ཐ་མའི་ཐ་མ་ནི་སྐར5%ཡས་མས་ཡིན། རྩོམ་ཡིག་གཅིག་ལ་དགེ་རྒན་གཉིས་ཀྱིས་རང་རང་སར་བཤེར་ཐེངས་རེ་བགྱིས་ཏེ་སྐར་མ་སྟེར་བ་ཡིན་ལ། བཤེར་ཐེངས་གཉིས་ཀྱི་སྐར་མར་བར་ཁྱད་བྱུང་ན་བཤེར་ཐེངས་གསུམ་པ་བརྒྱུད་དགོས། དགེ་རྒན་དེ་གསུམ་གྱི་སྐར་མར་ད་དུང་བར་ཁྱད་བྱུང་ན་བཤེར་ཐེངས་བཞི་བ་བརྒྱུད་དགོས། དེ་འདྲའི་ནན་ཏན་གྱི་སྐར་མ་འགོད་སྟངས་ཤིག་བརྒྱུད་དེ་བྱུང་བའི་རྩོམ་ཡིག་གི་སྐར་མ་ལ་སྟེར་ཚད་ལ་ནོར་བའི་གནས་གར་ཡང་མེད་དོ། ། ད་ལོའི་མཐོ་རྒྱུགས་ཀྱི་རྩོམ་ཡིག་ལས་བདག་ལ་ཚོར་བ་ཅི་ཞིག་བྱུང་བ་ནི། 

དང་པོ། རྩོམ་ཡིག་འབྲི་དུས་འགན་མི་འཁུར་བའི་རྣམ་པ་སྟེ། དཔེར་ན་རྒྱུགས་ཤོག་ངོས་ཀྱི་རྒྱུ་ཆ་གང་རུང་ཞིག་ལེབ་བཤུས་བྱེད་པ་ལྟ་བུ། ཡང་ན་འབྲེལ་མེད་དོན་གཞན་གྱི་སྐད་ཆ་མང་པོ་སྨྲས་ནས་རྩོམ་ཡིག་རྫོགས་པར་བྱེད་པ་ལྟ་བུ་ཡིན། 

གཉིས་པ། གྲ་སྒྲིག་བྱས་པའི་རྩོམ་ཡིག་མི་འབྱོར་བཞིན་དུ་བཙན་སྦྱོར་བྱེད་པ། འདི་ནི་མཐོ་རྒྱུགས་ལ་གྲ་སྒྲིག་བྱེད་པའི་ཚེ་ན་རྩོམ་ཡིག་གང་རུང་ཞིག་བློར་བཟུང་སྟེ་རྒྱུགས་སྤྲོད་པའི་ཚེ་ན་རྩོམ་རྒྱུགས་ཀྱི་ཁ་བྱང་དང་མི་མཛའ་ཡང་བཙན་གྱིས་སྦྱོར་བ་དང་། ཡང་ནང་དོན་གང་སྦྱར་བ་དེ་ཡང་རྟ་སུག་ལུག་ལ་མི་འབྱོར་བའི་དཔེར་སོང་བ་ལྟ་བུ་དག་ཡིན། 

གསུམ་པ། གྲ་སྒྲིག་མེད་ཅིང་རྩོམ་ལ་དོ་སྣང་མི་བྱེད་པའི་སྐོར། སྐར་ཚད་ཀྱི་དབང་དུ་བཏང་ན་སྐར་མ་ཅུང་མང་པོ་ཟིན་པའི་རྩོམ་ཡིག་ནི་ཅི་ནུས་གང་ལྕོགས་ཀྱིས་འབྲི་དགོས་པ་ཞིག་ལས་དེ་ལ་སྣང་མེད་བྱ་མི་རུང་མོད། སློབ་གྲོགས་ལ་ལས་ཐིག་ཕྲེང་རེ་གཉིས་ལས་མ་བྲིས་པ་དང་ཕྱེད་ཀ་ཙམ་ལས་མ་བྲིས་པ། དེ་བཞིན་སྟོང་བར་བཞག་པ་སོགས་སྣང་སྟེ། དེ་རྣམས་གྲ་སྒྲིག་མེད་པ་དང་མཐོ་རྒྱུགས་ལ་ཅི་ཡིན་འདི་ཡིན་མེད་པའི་རྣམ་འགྱུར་འཛིན་མཁན་ཡིན། 

བཞི་བ། ཆ་རྐྱེན་མ་ལོངས་པའི་རིགས་ཏེ། དཔེར་ན་ཡིག་གྲངས་སུམ་བརྒྱ་ལས་མེད་པ། རྩོམ་སྟངས་དུངས་བརྗོད་ལྷུག་རྩོམ་གྱིས་བྲིས་པ། ཁ་བྱང་མེད་པ་ལ་སོགས་ཡིན་ཏེ། དོན་ལ་འདི་ནི་རྩོམ་ཡིག་འབྲི་དུས་ནན་ཏན་མི་བྱེད་པའི་རིགས་ཀྱང་ཡིན་ཏེ། ཁ་ཅིག་གིས་རྩོམ་བྲིས་ཚར་རྗེས་ཁ་བྱང་འདོགས་སྙམ་གྱིས་རེ་ཞིག་བཞག་ཅིང་། རྩོམ་ཡིག་གི་དངོས་གཞི་རྫོགས་པ་ན་ཁ་བྱང་བརྗེད་པ་ཡིན་ནམ་སྙམ་པ་ཡང་འདུག  

ལྔ་བ། ཚིག་རྒྱན་མང་དྲགས་པའི་རིགས་ཏེ། རང་ཅག་གིས་རྩོམ་ཡིག་ཐོག་མར་སྦྱོང་བ་འམ་འབྲི་བའི་ཚེ་སྤྱིར་བཏང་དུ་ཚིག་རྒྱན་གྱི་སྦྱངས་པ་སྔོན་དུ་སོང་བའི་དབང་གིས་དགག་སྒྲུབ་ཀྱི་རྩོམ་ཡིག་འབྲི་བའི་ཚེ་ན་ཡང་ཚིག་རྒྱན་མང་དྲགས་པའི་སྐྱོན་ཡོད་དེ། དེ་ཡང་ནམ་རྒྱུན་རྩོམ་འབྲི་བའི་ཚེ་ན་ཚིག་རྒྱན་མང་པོ་འཇོག་སྲོལ་ཡོད་པ་དེ་ལས་བྱུང་བ་ཡིན་ནམ་སྙམ།

རྗེས་སོར་མཐོ་རྒྱུགས་ལ་ཞུགས་མཁན་དང་དེར་འབྲེལ་ཡོད་དགེ་སློབ་དག་གིས་ཡིད་འཇོག་བྱ་དགོས་པ་ཡང་གོང་གི་དོན་ཚན་དེ་དག་ཡིན་ལ། དེ་ལས་གཞན་རྩོམ་ཡིག་སྦྱོང་བརྡར་གྱི་སྐབས་སུ་རྒྱུ་ཆ་ལ་བརྟེན་ནས་ཁ་བྱང་རང་གིས་སྦྱར་ཏེ་རྩོམ་ཡིག་འབྲི་རྒྱུའང་སྦྱོང་དགོས། དོན་དུ་ཁ་བྱང་རང་གིས་བདམས་ཏེ་རྩོམ་ཡིག་འབྲི་བ་ནི་ཅུང་རང་དབང་གི་རྩོམ་ཐབས་ཤིག་ཡིན་མོད། ཁ་བྱང་དང་རྒྱུ་ཆ་གཉིས་གོ་མི་འགྲིག་པ་བྱུང་ན་དེ་ཡང་སྐར་ཚད་མི་ལོན་པའི་གནད་དོན་གྱི་འབྱུང་རྐྱེན་ཞིག་ཏུ་འགྱུར་བ་ཡིན། གཞན་ཡང་ཡིག་གཟུགས་མཛེས་དང་མི་མཛེས། ནག་གསུབ་ཡོད་མེད་སོགས་ཀྱང་དེའི་ཡན་ལག་ཏུ་འགྲོ་བ་ཡིན། སྤྱིར་ན། རྩོམ་ཡིག་བློར་བཟུང་ནས་མཐོ་རྒྱུགས་ལ་གྲ་སྒྲིག་བྱེད་པ་དེ་ཐབས་ལེགས་པོ་ཞིག་མ་ཡིན་ཏེ། ཁྱོད་ཀྱིས་བློར་བཟུང་བ་གང་དེ་རྩོམ་རྒྱུགས་ཀྱི་དྲི་བ་དང་འགལ་བར་སོང་ན་དུས་ཚོད་ཆུད་ཟོས་པ་ཡིན་ལ། ཁྱོད་རང་གི་ཆུ་ཚད་ངོ་མ་དེ་རྒྱུགས་ཤོག་ངོས་ནས་མངོན་པར་བྱེད་པ་ལ་གེགས་རྒྱ་བཟོས་པའང་ཡིན་ནོ། ། དེ་བས། རྩོམ་ཡིག་རང་གི་ལག་པས་འབྲི་བ་དང་། རང་གི་ཀླད་པས་འབྲི་བ། རང་གི་སེམས་འདུན་མཚོན་པ་ཞེས་པའི་རྩ་དོན་གྱི་སྟེང་ནས་རྒྱུན་དུ་སྦྱོང་བརྡར་བྱས་ན་གབ་ཚིག་ལྟ་བུའི་མཐོ་རྒྱུགས་ཀྱི་རྩོམ་བྱང་ཨེ་ཁེད་ལ་བལྟ་བའི་ངལ་བ་ལྷུར་ལེན་མི་དགོས་ཤིང་། རྒྱུགས་ཤོག་ངོས་ལ་རྩོམ་ཡིག་འབྲི་དུས་ཀྱང་རང་ལ་སྤོབས་པ་དང་རང་ལ་ཡིད་ཆེས་རྙེད་སྲིད་ཅིང་། འབད་པ་ཆེན་པོས་རང་སྟོབས་ཀྱིས་བྲིས་པའི་རྩོམ་ཡིག་ལ་སྐར་མ་ལོན་དང་མ་ལོན་ཅི་འདྲ་ནའང་རྗེས་སོར་ནམ་ཡང་འགྱོད་པར་མི་འགྱུར་སྙམ་མོ། །

(གསར་འགོད་པ། སྐལ་བཟང་རྒྱལ།)

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།