རྗེས་ལུས་སློབ་མ་སྐྱེད་སྲིང་བྱེད་སྐབས་དོ་སྣང་བྱ་དགོས་པའི་གནད་དོན་འགའ།

ང་ཚོས་གོམས་གཤིས་སུ་སྦྱངས་འབྲས་ཞན་པའི་སློབ་མར་རྒྱུན་པར་རྗེས་ལུས་སློབ་མ་ཞེས་འབོད་ཅིང་། དུས་རྒྱུན་དུ་དགེ་རྒན་དང་སློབ་གྲོགས་ཚོས་མཐོང་ཆུང་དང་དམའ་འབེབས་བྱས་སྟབས། ཁོ་ཚོའི་རྒྱུད་ལའང་རང་ཉིད་ཉམ་ཆུང་ནུས་མེད་ཅིག་རེད་སྙམ་པའི་འདུ་ཤེས་བཟུང་ནས། གང་ཐད་ནས་ཅི་ཡང་བསྒྲུབ་མི་འདོད་པའི་རང་གཤིས་ཤིག་ཆགས་ཡོད། དགེ་རྒན་ཞིག་ཡིན་པའི་ཆ་ནས་ནམ་རྒྱུན་གྱི་སློབ་གསོའི་ཁྲོད་ནས་སྦྱངས་འབྲས་ཞན་པའི་སློབ་མའམ་རྗེས་ལུས་སློབ་མ་སྐྱེད་སྲིང་བྱེད་སྐབས་གཤམ་གྱི་རྒྱུན་མཐོང་གི་གནད་དོན་འགར་ཡིད་འཇོག་བྱེད་དགོས་སྙམ།

དང་པོ། ཉེ་རིང་གི་ལྟ་ཚུལ་རིང་དུ་སྤང་དགོས།

དུས་རྒྱུན་གྱི་བྱ་བའི་ཁྲོད། དགེ་རྒན་ཕལ་ཆེ་བས་བཟང་ངན་ཤན་འབྱེད་བྱེད་སྐབས་ཕྱོགས་རིས་ཀྱི་ལྟ་ཚུལ་ཞིག་ཆགས་འདུག་པས། སྦྱངས་འབྲས་བཟང་ན་གཞི་ནས་སློབ་མ་བཟང་པོ་ཞིག་ཡིན་པ་དང་། བྱ་འགུལ་གང་དང་གང་ལའང་སྦྱངས་འབྲས་བཟང་བའི་སློབ་མ་ཕུལ་བྱུང་ཅན་དེ་དག་ཞུགས་སུ་འཇུག་པ་ལས་རྗེས་ལུས་སློབ་མར་དེའི་གོ་སྐབས་ཡེ་ནས་མེད་སྟབས། སྦྱངས་འབྲས་ཞན་པའི་སློབ་མ་དག་ལ་རང་ཉིད་ཀྱི་རྐང་ཚུགས་ས་དང་རྒྱབ་རྟེན་ས་མེད་པའི་ཡན་གར་བ་ཞིག་ཡིན་པའི་འདུ་ཤེས་སྐྱེས་ནས། འཛིན་གྲྭ་ཐུན་མོང་གི་བྱ་བ་ཆེ་མ་ཆུང་གསུམ་གང་ཡིན་རུང་རང་ཉིད་དེར་འབྲེལ་བ་ཅི་ཡང་མེད་པའམ་བྱ་འགུལ་གང་དང་གང་ཡིན་རུང་རང་གིས་སྒྲུབ་ཐུབ་པ་ཞིག་མིན་སྙམ་གྱིན་འདུག གལ་ཏེ་སློབ་མ་ཞིག་གི་ཐུན་མོང་གི་བསམ་བློ་མེད་པར་བཏང་བའམ་འཛིན་གྲྭའི་ཁྲོད“སྐལ་མེད་གྲངས་མེད”དུ་བཞག་ན་དེར་སློབ་གཉེར་བྱེད་པའི་འདུན་པ་སྐྱེ་མི་སྲིད།  ཨ་མེ་རི་ཀའི་སེམས་ཁམས་རིག་པ་བ་ཐོར་ཧུའུ་ཏིས་ཀྱང“གལ་ཏེ་སློབ་མ་ཞིག་འཛིན་གྲྭའི་ནང་ཤེས་མེད་ཚོར་མེད་ངང་ཐུན་མོང་གིས་བཀག་འགོག་དང་ཁེར་རྐྱང་དུ་ཕུད་ན་ཁོས་སློབ་སྦྱོང་གི་འབད་པ་སྔར་ལས་ཀྱང་ཇེ་ལྷོད་དུ་གཏོང་ངེས་ཡིན”ཞེས་བསྟན།

གཉིས་པ།  སྣང་མེད་དུ་བསྐྱུར་བའི་བྱེད་སྟངས་རིང་དུ་སྤང་དགོས།

དུས་རྒྱུན་དུ་དགེ་རྒན་གྱིས་མཐོང་བ་དང་དྲི་བ་འདོན་ས།  ཡང་ན་ནམ་རྒྱུན་གྱི་ཁ་བརྡའི་ཁྲོད་གླེང་བ་ཕལ་ཆེར་ནི་སྦྱངས་འབྲས་ལེགས་པའི་སློབ་མ་ཡིན་ལ་རྒྱུན་པར་སེམས་ཁུར་དང་གཙིགས་ཆེན་བྱེད་སའང་དེ་ཚོ་ལས་མ་འདས། ཕྱོགས་ག་གེ་མོའི་སྟེང་ནས་རྗེས་ལུས་སློབ་མར་མི་དགའ་བས་དེ་དག་ལ་དོ་ཁུར་མི་བྱེད་པ་དང་ཐ་ན་སྣང་མེད་དུ་བསྐྱུར་ཏེ་སློབ་སྦྱོང་ཞན་ན་བྱ་བ་གང་དུ་ཞུགས་ཀྱང་མི་ཆོག་ལ་ཤེས་པ་གཅིག་ཀྱང་མེད་སྙམ་ནས་འགྲོ་རང་དབང་དང་། འདུག་རང་དབང་ལྟར་རྒྱ་ཡན་དུ་གཏོང་དང་གཏོང་མུས་སུ་མཆིས། འོན་ཀྱང་།དོན་དངོས་སུ་སྦྱངས་འབྲས་ཞན་པའི་སློབ་མ་ཕལ་ཆེ་བ་སློབ་སྦྱོང་ལ་དེ་འདྲའི་དགའ་བོ་མེད་ན་ཡང་བསམ་བློ་ཀུན་གཤིས་ལེགས་པོ་ཞིག་ཡོད་པ་དང་། ཕུགས་བསམ་དང་འདུན་པའང་ཡོད་ལ།  རང་ཉིད་ཡར་ཐོན་ཡོང་རྒྱུ་དང་བསྟོད་བསྔགས་ཐོབ་པར་ཡང་དགའ་ཐག་ཆོད་རེད།  གཞན་ལ་ལ་ལུས་རྩལ་དང་གླུ་དབྱངས། བྲོ་གར།  རི་མོ་འབྲི་བ་སོགས་ལ་སྤྲོ་སྣང་ཆེན་པོ་ལྡན་པར་མ་ཟད། དེའི་ཕྱོགས་ཀྱི་གྲུབ་འབྲས་ཀྱང་འབུར་དུ་ཐོན།  དགེ་རྒན་གྱིས་སློབ་མའི་དགའ་ཕྱོགས་ལ་དམིགས་ཏེ་དེ་དང་འབྲེལ་བའི་བྱ་བ་བསྒྲུབ་ཏུ་འཇུག་པའམ། ཡང་ན། ཡར་ཐོན་དང་འབད་པ་ཅུང་ཙམ་བྱེད་པར་གཙིགས་སུ་བཟུང་ནས་རྒྱུན་པར་བློ་འདྲི་བྱེད་པ་དང་འོས་འཚམ་གྱི་དཔྱད་གཏམ་འཇོག་པ་དང་། ཡང་ན་དགེ་རྒན་གྱི་མིག་གི་ལྟ་སྟངས་དང་སྐད་ཆ་བཤད་ཚུལ།  སྤྱོད་ཚུལ་འགྲོ་ལུགས་སོགས་ཕྱོགས་གང་ཅིའི་ཐད་ནས་རྗེས་ལུས་སློབ་མ་སྣང་མེད་དུ་བསྐྱུར་མི་རུང་།

གསུམ་པ།  ཟུར་ཟ་སོགས་ཀྱི་བཤད་སྟངས་རིང་དུ་སྤང་དགོས།

ཨ་མེ་རི་ཀའི་སེམས་ཁམས་རིག་པ་བ་ལེན་ཁྲུན་མུའུ་སིས“མིའི་རང་གཤིས་ནང་གི་རྩ་བའི་རེ་འདུན་ནི་རང་ལ་བསྟོད་བསྔགས་ཐོབ་འདོད་པ་དེའོ”ཞེས་པ་ལྟ་བུའོ། །དེ་བས་དགེ་རྒན་གྱིས་བྱ་ཐབས་སྣ་ཚོགས་ཀྱི་སྒོ་ནས་སློབ་མ་རྣམས་ཀྱི་སྤྲོ་སེམས་ཡར་སྐུལ་དང་། གནས་ལུགས་རྟོགས་པའི་ནུས་པ་གསོ་སྐྱོང་། སློབ་མ་རྣམས་ཡིད་ཆེས་པ། བྱ་སྤྱོད་ལ་སྣེ་ཁྲིད་བཅས་བྱས་ཏེ།  སློབ་མའི་བསམ་བློ་ཀུན་སྤྱོད་དངོས་ཀྱི་སྟེང་ནས་གནད་དོན་ངོས་འཛིན་དང་ཐག་གཅོད་བྱ་རྒྱུ་ལས། གནས་ལུགས་མི་བརྗོད་པར་རང་ཤུགས་ལ་བརྟེན་ནས་སློབ་མའི་མགོ་གནོན་པ་དང་། བཙན་ཤེད་བཀོལ་བ། ཟུར་ཟ་བྱེད་པ།  སྟངས་མཚོན་འདེབས་པ། འཇིགས་སྐུལ་བ།སྡིགས་མོ་དང་ཐ་ན་གཅར་རྡུང་བྱེད་པ་སོགས་ཀྱི་བྱ་ཐབས་དེ་རིགས་གཏན་ནས་བཀོལ་མི་རུང་།

དེ་བས་དགེ་རྒན་གྱིས་སློབ་མའི་སློབ་སྦྱོང་སོགས་ཕྱོགས་ཡོངས་ལ་རེ་བ་ནན་མོ་བཟུང་ན་ད་གཟོད་རྗེས་ལུས་སློབ་མ་བྱ་འགུལ་སྣ་ཚོགས་ལ་ཞུགས་པའི་མོས་པ་ཇེ་ཆེར་འགྲོ་ཐུབ་པ་དང་སློབ་གསོའི་འབྲས་བུ་ཆེས་བཟང་ཤོས་སུ་སླེབས་ཐུབ་ལ། སློབ་མ་བདེ་ཐང་ངང་འཚར་ལོངས་འབྱུང་བ་ལའང་ཁག་ཐེག་བྱེད་ཐུབ།

བཞི་པ། ངང་ཐུང་གི་བསམ་ཚུལ་རིང་དུ་སྤང་དགོས།

བྱ་བ་ཆེན་པོ་ཡུན་གྱིས་བསྒྲུབ། །ངང་ཐུང་འབད་པས་མཐར་མི་ཕྱིན། །ཀླུང་ཆེན་དལ་ཡང་རིང་འགྲོ་ལ། །རྦ་རླབས་དྲག་ཀྱང་ཆེར་མི་འགྲོ། །ཞེས་པ་ལྟར་རྗེས་ལུས་སློབ་མར་སློབ་གསོ་གཏོང་ནའང་ངང་ཐུང་གི་བསམ་ཚུལ་གྱིས་མྱུར་དུ་སྔོན་ཐོན་སློབ་མ་ཞིག་ཏུ་བསྒྱུར་དགོས་ཞེས་པའང་ངལ་བ་འབྲས་མེད་ལས་ཕན་ཅི་ཡང་མི་ཐོགས། སློབ་མའི་ཕྱོགས་གང་ཐད་ཀྱི་ཡར་རྒྱས་གོང་འཕེལ་ནི་རྦ་རླབས་ཇི་བཞིན་གློ་བུར་དུ་འཕྱོ་བ་ཞིག་མ་ཡིན་པར་གསར་འབུས་ཀྱི་མྱུ་གུ་བཞིན་སྐྱེ་ཚད་དལ་བས། དགེ་རྒན་གྱིས་ནན་ཏན་སྒོས་ལྟ་ཞིབ་དང་མཉམ་འཇོག་བྱེད་དགོས་པ་དང་།གོང་འཕེལ་ཅུང་ཙམ་བྱུང་ན་དེར་དམིགས་ནས་བསྟོད་བསྔགས་དང་སྐུལ་འདེད་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ། དགེ་རྒན་གྱིས་རིམ་གྱིས་རྗེས་ལུས་སློབ་མའི་རང་བཀུར་གྱི་བསམ་བློ་དང་རང་གཤིས། རེ་བ་སོགས་ལ་བརྩི་འཇོག་བྱེད་པའམ་དང་ལེན་གྱིས་བྱ་བ་སྣ་ཚོགས་དམངས་གཙོའི་གྲོས་བསྡུར་སྒོས་ཐག་གཅོད་བྱེད་པ་དང་། ཕྱོགས་ཡོངས་ནས་རྗེས་ལུས་སློབ་མའི་འགྲོ་འདུག་གནས་མལ་ལ་ལྟ་སྐྱོང་གང་ལེགས་དང་། སློབ་སྦྱོང་དང་འཚོ་བའི་ཁྲོད་ཀྱི་དཀའ་ངལ་སྣ་ཚོགས་སེལ་ཅི་ཐུབ་བྱེད་དགོས་ལ། ད་དུང་རྗེས་ལུས་སློབ་མའི་བཟང་ཆའི་ཕྱོགས་མཐོང་དགོས་པར་མ་ཟད། དེའི་ལུས་སྟེང་གི་མཐུན་རྐྱེན་ལ་སྐུལ་འདེད་ཀྱིས་འགལ་རྐྱེན་སེལ་ཤེས་དགོས།

མདོར་ན།སློབ་མ་ཀུན་སྤྱོད་ལེགས་པའི་དེང་རབས་ཀྱི་སྤྱི་དམངས་ཚད་ལྡན་ཞིག་ཏུ་སྐྱེད་སྲིང་བྱ་བར་སྤྱོད་པའི་སློབ་གསོའི་བྱེད་ཐབས་ཡོད་ཚད་དང་། ལྷག་པར་རྗེས་ལུས་སློབ་མ་སྐྱེད་སྲིང་བྱེད་ནའང་དགེ་རྒན་་གྱིས་སློབ་མའི་གནས་ཚུལ་ལ་གཞིགས་ནས་སློབ་མའི་ཕྱོགས་ཡོངས་ཇི་ལྟར་འཕེལ་རྒྱས་གཏོང་བའི་བྱེད་ཐབས་འཚོལ་ཞིབ་དང་བསམ་གཞིག་བྱེད་དགོས་ལ། སློབ་མར་གཅིག་མཐུན་གྱི་འདུ་ཤེས་བཟུང་སྟེ་རེ་བའི་ཚད་ལ་མ་ཐོན་ཚེ་སློབ་སྦྱོང་གི་བཟང་ངན་ལྟར་སློབ་མར་ཉེ་རིང་བྱེད་པ་དང་། སྣང་མེད་དུ་བསྐྱུར་བ། ཟུར་ཟ་བྱེད་པ་དང་ཐ་ན་ལུས་ཆད་གཅོད་པ་སོགས་སྤངས་ཏེ། སློབ་མའི་སེམས་ཁམས་སྲུང་སྐྱོང་གིས་སློབ་མ་ཕུལ་བྱུང་ཅན་ལ་མུ་མཐུད་དུ་སྐུལ་འདེད་དང་།  བར་གནས་སློབ་མ་དག་ཐབས་ཀྱིས་ཕུལ་བྱུང་ཅན་དུ་སྐྱེད་སྲིང་བྱེད་པ། རྗེས་ལུས་སློབ་མས་སློབ་སྦྱོང་གི་རྗེས་ཆོད་པ་བཅས་བྱས་ཏེ། སློབ་མ་ཡོངས་ཀྱི་སློབ་གསོའི་ཐད་ཀྱི་དཀའ་ཁག་དང་ཆག་སྒོ། བར་ཆད་སོགས་བསལ་ནས་གནོད་འཚེ་ལས་ཐར་བར་བྱེད་དགོས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།