ས་མཐོའི་ཞིང་འབྲོག་ལས་ཀྱི་རྣམ་པ་གསར་པ།


 

“ལོ་ལྔ་ཚན་བཅུ་གཉིས་པའི”ཚུན། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ལྷག་དོན་དུ་ཞིང་ལས་པུའི་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་ཀྱིས“ཐོན་ལས་དང་པོ་ཆུ་ཚད་ཐོག་སླེབས་པ་བྱེད་པའི”འཕེལ་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ“663”གྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་དམིགས་ནས། ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”ཞིང་འབྲོག་ལས་ཀྱི་དམིགས་ཚད་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཟིན་ཏེ། ནས་ཀྱི་བཟའ་འབྲུ་བདེ་འཇགས་དང་། འབྲོག་ལས་ཐོན་སྐྱེད་བདེ་འཇགས། ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅས་འགན་ལེན་བྱས་པ་དང་འབྲེལ་ཞིང་འབྲོག་ལས་ལ་ཕན་འཕར་དང་། ཞིང་འབྲོག་པར་འབབ་འཕར། ཞིང་འབྲོག་ཁུལ་བརྟན་ལྷིང་བཅས་ཀྱི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་བྱུང་ཡོད།

ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། བོད་ཀྱིས་འདས་ཟིན་པའི་ལོ་ལྔའི་རིང་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་70.17བཏང་བའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་དང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སོགས་ཞིང་འབྲོག་ལས་ཀྱི་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་16ལས་བྱུང་བ་ཞིག་ཡིན།

རིམ་རྩིས་བྱས་ན། “བོད་ནས་ཨང་2000པ་དང་། ཧི་མ་ལ་ཡ་ཨང་22པ། ལྷོ་ཁའི་དགུན་འབྲུ་ཨང་7པ”སོགས་སྤུས་ལེགས་ཞིང་ལས་སྐྱེ་དངོས་སྣ་ཁ་གསར་པ་མུའུ་ཁྲི་191.7ཁྱབ་གདལ་བཏང་བ་དང་ཞིང་ལས་སྐྱེ་དངོས་སོན་བཟང་ཁྱབ་ཚད་85%ཟིན་ཡོད། ལག་ཡོད་རྒྱུད་བཟང་ཕྱུགས་རིགས་མགོ་གྲངས་ཁྲི་390ཟིན་པ་དང་རྒྱུད་བཟང་ཕྱུགས་རིགས་ཁྱབ་ཚད་22%ཟིན་ཡོད། རིམ་རྩིས་བྱས་ན། མུའུ་ཁྲི་296ལ་ས་དཔྱད་ལུད་སྦྱོར་བྱས་པ་དང་ཐོན་མཐོ་མུའུ་ཁྲི་470བཏོད་པ། རིམ་རྩིས་བྱས་ན། སྤྱི་གནོད་མེད་པའི་ཞིང་ཞོར་ཐོན་རྫས་རིགས་105དང་། ལྷད་མེད་བཟའ་བཅའི་རིགས་10 སྐྱེ་ལྡན་ཐོན་རྫས་རིགས་15 ས་གཤིས་མཚོན་རྟགས་ཐོན་རྫས་རིགས་10བཅས་ལ་བདེན་དཔང་ར་སྤྲོད་དང་ངོས་འཛིན་བྱས་ཡོད།

ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ནུས་པ་ཆེ་རུ་ཕྱིན་པ་དང་སྦྲགས་བོད་ཀྱི་ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་མུ་མཐུད་རྒྱ་ཆེར་ཕྱིན་ཁར། གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་བརྟན་པོའི་ངང་འཕར་བ་དང་། གླ་ཕོགས་རང་བཞིན་གྱི་ཡོང་འབབ་མཐོ་རུ་ནུས་ལྡན་ཕྱིན་པ། གཞན་སྒྱུར་རང་བཞིན་གྱི་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ། རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་བ་བཅས་ཀྱི་རྣམ་པ་ཐོན་ཡོད། བོད་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྔ་རྗེས་སུ་སྒོར་5000དང་། 6000 7000 8000བཅས་ཀྱི་འགག་སྒོ་ཆེན་པོ་ལས་བསྒྲལ་བ་དང་། 2015ལོར་སྒོར་8244ཟིན་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་ལས་ལྡབ་འཕར་བྱུང་ནས་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།

བོད་ཀྱིས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལེགས་ཆའི་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་ཇུས་འགོད་བྱས་པ་དང་། ཞིང་ལས་དང་འབྲེལ་བ་ཡོད་པའི་མ་དངུལ་སྒོར་དུང་ཕྱུར་5.6བསྡུ་སྒྲིལ་བྱས་ནས། བོད་དུ་ཁྱད་ལྡན་འདེབས་འཛུགས་གསོ་ཚགས་དང་སྒྲིག་བཀོད་ཞིང་ལས་སོགས་ཀྱིས་གཙོ་བོ་བྱས་པའི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་རྣམ་གྲངས་224ལག་བསྟར་བྱས་ཏེ། བོད་བྱང་ཤར་གྱི་འབྲི་གཡག་དང་། བོད་ནུབ་བྱང་གི་ཁུལ་ལྡན་ར། བོད་དབུས་ཀྱི་བཞོན་མ། བོད་དབུས་བྱང་གི་ལུག བོད་དབུས་ཀྱི་སྤུས་ལེགས་འབྲུ་སྣུམ། གྲོང་འདབས་ཀྱི་སྤྱི་གནོད་མེད་པའི་སྔོ་ཚལ། བོད་དབུས་དང་བོད་ཤར་གྱི་བོད་ཕག་དང་བོད་བྱ་བཅས་ཐོན་ལས་དར་ཁུལ་7རགས་ཙམ་ཆགས་ནས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་བསྲེས་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

“ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱི་གྲོང་གསེབ་ཀྱི་སྒྱུར་བཅོས་དེ་གཏིང་ཟབ་ཀྱི་ཕྱོགས་སུ་གོམ་པ་སྤོ་འགོ་ཚུགས་ཡོད། བོད་ཀྱི་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆའི་ཐོ་འགོད་ལག་ཁྱེར་སྤྲོད་པའི་ཚོད་ལྟའི་ལས་དོན་ཆུ་ཤུར་དང་། པ་སྣམ། སྣེ་གདོང་། སྨན་གླིང་བཅས་རྫོང་བཞིར་སྤེལ་འགོ་ཚུགས་པ་དང་རྩྭ་ར་འགན་གཙང་དབང་ཆའི་ཐོ་འགོད་ལག་ཁྱེར་སྤྲོད་པའི་ཚོད་ལྟའི་ལས་དོན་མཚོ་སྣ་རྫོང་དུ་སྤེལ་བ་དང་འབྲེལ། བོད་ཀྱི་རྫོང་རིམ་པའི་གྲོང་གསེབ་ས་ཆ་ནང་བཤུག་བརྗེ་རེས་ཞབས་ཞུ་ལྟེ་གནས་དང་པོ་དེ་ཆུ་ཤུར་རྫོང་དུ་སྒོ་བྱང་བཀལ་ནས་བཙུགས་པ་དང་། རྫོང་ཡོངས་སུ་སྔོན་ལ་ཞིང་དུད་28ལ་གྲོང་གསེབ་ཀྱི་ས་ཆ་འགན་གཙང་གཉེར་སྐྱོང་དབང་ཆའི་གཏའ་མའི་དངུལ་བུན་སྒོར་ཁྲི་148.5གཏོང་རྒྱུར་ཆོག་མཆན་སྤྲད་པ་རེད།

མ་དངུལ་ཐོག་ནས་རོགས་སྐྱོར་ཤུགས་ཆེན་བྱས་པ་དང་འབྲེལ་ཞིང་ལས་པུས་དེ་བས་ཐད་ཀ་དང་། དེ་བས་ནུས་ལྡན། དེ་བས་ཕན་ཆེ་བཅས་ཀྱི་རོགས་སྐྱོར་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས། བོད་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ཤིང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཞིང་དར་ཞིང་ཕན་ཞིང་ཕྱུག་བཅས་ཀྱི་མ་དངུལ་སྒོར་དུང་ཕྱུར་136.01བཀོད་སྒྲིག་བྱས་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”ལྡབ་6.8ཡིན། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་མ་དངུལ་སྒོར་དུང་ཕྱུར་6.72བཏང་ནས་ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་སྟེ་དམངས་འཚོ་ནུས་ལྡན་ངང་ལེགས་སུ་བཏང་ཡོད། 2016ལོར་ཞིང་ལས་པུས་བོད་ཀྱི་ནོར་སྲིད་ཀྱི་ཞིང་སྐྱོར་ཆེད་དོན་རྣམ་གྲངས་དང་ཞིང་འབྲོག་ལས་ཀྱི་གཞི་རྩའི་འཛུཊ་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་43.59བཏང་བ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་12.2འཕར་བ་དང་38.9%འཕར་ཡོད།

ལག་རྩལ་རོགས་སྐྱོར་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས“དུས་ཐུང་གསོ་སྦྱོང་དང་། ཡུན་རིང་གནས་སྦྱར་སྦྱོང་བརྡར། ནང་དུ་གདན་དྲངས་པ་དང། ཕྱིར་སྐྱོད་པ”བཅས་ཟུང་འབྲེལ་གྱི་བྱེད་ཐབས་ལ་བརྟེན་ནས་བོད་ལ་ཞིང་འབྲོག་ཆེད་ལས་ལག་རྩལ་མི་སྣ་མི་ཐེངས་2000དང་ཞིང་འབྲོག་པ་མི་ཐེངས་ཁྲི་4ལྷག་ཙམ་གསོ་སྦྱོང་བྱས་ཡོད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།