གཡང་དང་འབྲེལ་ཏེ་བོད་ཀྱི་ཆོ་ག་དང་ཡུལ་སྲོལ་འགའ་གླེང་བ།

海螺 2.jpg

  ནང་དོན་གནད་བསྡུས། གཡང་ནི་བོད་ཀྱི་རིག་གནས་སུ་གནས་པའི་ཐུན་མིན་གྱི་སྣང་ཚུལ་ཞིག་ཡིན་ཞིང་། གཡང་འགུགས་པའི་ཚིག་གམ་གཏམ་ཡང་ཕུན་སུམ་ཚོགས་པོར་ལྡན། འདིར་གཡང་དང་འབྲེལ་ཏེ་བོད་ཀྱི་ཆོས་ལུགས་ཆོ་ག་དང་ཡུལ་སྲོལ་ཁག་ཅིག་རང་བློས་གང་དཔོག་གིས་ངོ་སྤྲོད་ཀྱི་ཚུལ་དུ་གླེང་ཡོད།
  གཡང་ཞེས་པའི་ཐ་སྙད་འདི་ང་ཚོས་དུས་རྒྱུན་གྱི་འཚོ་བའི་ཁྲོད་མང་དུ་ཐོས་ཀྱིན་ཡོད་ལ། བོད་མི་ཞིག་ཡིན་ཕྱིན་དེ་དང་ནམ་ཡང་ཁ་འབྲལ་དུ་མེད་པ་ཞིག་ཡིན། དེ་ལའང་ཆོས་ལུགས་ཆོ་གའི་ཕྱོགས་སུ་གཏོགས་པའི་གཡང་འབོད་གཡང་འགུགས་སོགས་དང་། སྟོན་མོའམ་ཡུལ་སྲོལ་གོམས་གཤིས་ཀྱི་ཕྱོགས་སུ་གཏོགས་པའི་ལོ་གཡང་སྟེར་སྲོལ་སྟེ་རིགས་ཆེན་པོ་གཉིས་སུ་དགར་ཆོག་པར་འདོད་ལ། ཁ་གསལ་བའི་སྒོ་ནས་བཤད་ན་གཅིག་ནི་གཡང་དེ་ཚུར་རང་ངོས་སུ་འགུགས་ཐབས་བྱེད་པ་དང་། ཅིག་ཤོས་ནི་ཕར་སྐལ་བགོ་བ་ལྟར་དུ་སྤྱིན་པའི་རིགས་གཉིས་སོ། །གཡང་འབོད་དང་གཡང་འགུགས་སམ། བོན་གྱི་ཡིག་ཆ་ལས་བྱུང་བའི་གཡང་བླན་ནམ་གཡང་ལྡོན་ཞེས་པ་རྣམས་དོན་གཅིག་མཚུངས་སུ་སྣང་མོད། གཡང་ཞེས་པ་འགྲོ་བ་མིའི་ཐད་ནས་བཤད་ན་དངོས་པོའི་ནང་གི་མི་ངོམ་པའི་ནུས་པའི་ཆའམ་དེ་འགྲུབ་པར་བྱེད་པའི་རྐྱེན་ཞིག་གམ་ཡང་ན་ཕན་འདོགས་པའི་དགེ་བ་ཡོན་ཏན་གྱི་རྒྱུ་ཐམས་ཅད་ལ་འཇུག་པར་སེམས①ཞེས་པ་ལྟར། དོན་གྱིས་ཀྱང་མིང་འདི་དོན་མང་པོ་ཞིག་ལ་འཇུག་སྟེ། དག་ཡིག་གསར་བསྒྲིགས་ལས་ "གཡང་ཞེས་པ་རྒྱུ་ནོར་ལོངས་སྤྱོད་སོགས་ཀྱི་མིང་དུ་འདོད་པ་དང་གཅིག ཕྱུག་པོ་ཡོང་ཆེད་འདོན་པའི་ཆོ་ག་སྟེ་ཕྱྭ་གཡང་ཞེས་པ་དང་གཉིས། གསུམ་ནི་བཀྲ་ཤིས་བདེ་ལེགས་ཞུ་བའི་ཚིག་གི་མིང་སྟེ། དཔེ་ལ་ཁ་གཡང་འབོད་པ་སོགས་བཀོད་ ཡོད"② མཆན་གཞན་དག་སྐབས་བབ་ཀྱི་བརྗོད་བྱ་དང་ཐད་ཀར་འབྲེལ་བ་མེད་པས་འདིར་མི་སྤྲོ། བོད་རང་ལ་ཐ་སྙད་འདི་དང་འབྲེལ་བའི་ཆོ་ག་དང་གོམས་སྲོལ་ཡང་མི་ཉུང་བ་ཞིག་ཡོད། ལར་གཡང་འབོད་དང་གཡང་འགུགས་ཀྱི་ཆོ་ག་བྱེད་དགོས་པའི་རྒྱུ་མཚན་ནི་རྒྱུ་དངོས་དང་ཟས་ནོར། བསོད་ནམས་དང་ལོངས་སྤྱོད། དཔལ་འབྱོར་སོགས་ལེགས་ཆ་མཐའ་དག་རང་ངོས་སུ་ལེན་པའི་ཆེད་དུའོ། །③ཞེས་པ་ལྟར། དང་པོ་འབྲོག་ཁུལ་གྱི་གཉེན་སྒྲིག་ཆོ་ག་ལས་གཡང་འབོད་ཀྱི་སྐོར་ཕྲན་ཙམ་བཤད་ན། གཉེན་ཚང་གིས་གྲྭ་སྔགས་གང་རུང་ཞིག་ཞུས་ནས་ཕྱྭ་གཡང་འགུགས་པར་བྱེད་ལ། ས་གཞི་གཙང་མ་ལ་འབྲུས་གཡུང་དྲུང་རིས་བཀོད་པའི་སྟེང་ཕྱྭ་སྒམ་ཕྱྭ་རྫས་ཀྱིས་བཀངས་བར་ཕྱྭ་མདའ་དར་སྣས་བརྒྱན་པ། ཕྱྭ་ཁུག་འབྲུ་སྣ་ཚོགས་ཀྱིས་བཀང་བ། ཕྱྭ་ཕོར་མར་ཁུས་གཏམས་པ། ཕྱྭ་རྟེན་རིན་པོ་ཆེའི་རིགས་གང་འཛོམས་སོགས་མདོས་ཆ་རྣམས་ལེགས་པར་བཀྲམ། གསེར་སྐྱེམས་དང་བརྔན་ཆས་གཡུ་ཕུད་ཀྱིས་ཕྱྭ་གཡང་འགུགས། ④ཞེས་བསྟན་ཡོད་པ་ལྟར། སྔ་མར་བོད་ཀྱི་ཡུལ་ཁམས་ཀུན་ཏུ་གཡང་འགུགས་ཀྱི་ཆོ་ག་སྤེལ་དུས་ལྟ་གོན་བྱེད་ཚུལ་དེ་འདྲ་ཞིག་ཡིན་པར་མཐོང་།
  འདིར་དཔེ་འགའ་བཀོད་ན། 《ནོར་ལྷ་གཡང་འབོད》དང་། 《གཡང་འབོད་བཀྲ་ཤིས་ཕུན་ཚོགས་འཁྱིལ་བ》《གེ་སར་གཡང་འབོད》《རྣམ་སྲས་གཡང་འགུགས》 《འབྲུའི་དཀོར་མཛོད་དང་འབྲུ་དང་ལོངས་སྤྱོད་སྤེལ་བའི་གཟུངས》ལྟ་བུ་སོགས་མང་སྟེ། ད་ལྟའི་ཆར་ཨ་མདོའི་ཕྱོགས་སུ་སྒྲོལ་མའི་གཡང་འབོད་ཅེས་པའི་ཆོ་ག་གཙོ་བོར་སྤེལ་གྱིན་ཡོད་དེ། འདིར་མདོ་ཙམ་བཀོད་ན། "དེ་ཡང་ཇི་སྐད་དུ། ཀྱེ་རྒྱལ་བ་ཀུན་གྱི་འཕྲིན་ལས་རྣམས། །གཅིག་བསྡུས་བླ་མ་རྗེ་བཙུན་མར། །གུས་པ་ཆེན་པོས་གསོལ་བ་འདེབས། །བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ། །དབུ་རྒྱན་འོད་ཀྱི་ཕྲེང་བ་ཡིས། །སྟེང་ཕྱོགས་ལྷ་ཡི་གཡང་ཁུག་ཅིག། གློག་དང་འདྲ་བའི་སྤྱན་གཉིས་ཀྱིས། །བར་གྱི་མི་ཡི་གཡང་ཁུག་ཅིག། གཡས་བསྐུམས་གཡོན་བརྐྱངས་ཞབས་གཉིས་ཀྱིས། །འོག་ཕྱོགས་ཀླུ་ཡི་གཡང་ཁུག་ཅིག། མཆོད་སྦྱིན་སྐྱབས་སྦྱིན་ཕྱག་རྒྱ་ཡིས། །མཆོག་ཐུན་དངོས་གྲུབ་གཡང་ཁུག་ཅིག། རིན་པོ་ཆེ་ཡི་རྒྱན་མང་གིས། །འདོད་རྒུའི་ལོངས་སྤྱོད་གཡང་ཁུག་ཅིག། ལྷ་རྫས་དར་གྱི་ན་བཟའ་ཡིས། །ཚུལ་ཁྲིམས་དག་པའི་གཡང་ཁུག་ཅིག། རིགས་བདག་ཚེ་དཔག་མེད་མགོན་གྱིས། །འཆི་མེད་ཚེ་ཡིས་གཡང་ཁུག་ཅིག། ཉེར་གཅིག་ལྷ་མོའི་ཚོགས་རྣམས་ཀྱིས། །འཕྲིན་ལས་སྣ་ཚོགས་གཡང་ཁུག་ཅིག །"ཅེས་མདའ་དར་གཡུགས་ཀྱིན་གྲོ་ནས་འབྲས་གསུམ་ཁྱིམ་དུ་གཏོར་ཏེ་གཡང་འབོད་བྱེད་པ་དང་། །དེ་རྗེས་བག་མ་དེ་སྦྲའི་མོ་ཁྱིམ་གྱི་མར་སྒྱེད་འགྲམ་དང་ཁང་བ་ཡིན་ན་ཨ་ཞང་དག་ལས་ས་བབ་དམའ་བའི་གནས་ཤིག་ཏུ་འདུག གཞན་ཡང་བག་སྟོན་གྱི་སྐབས་སུ་བུ་མོའི་གཡང་ལེན་པ་ནི་བོད་ཡུལ་ཀུན་ཕལ་ཆེར་ཆ་མཐུན་ལ། ཨ་མདོའི་ཕྱོགས་སུ་བག་སྟོན་གྱི་སྐབས་སུ་འབྲོག་ཕྱོགས་ལྟར་ན་ཨ་ཞང་ཚང་གིས་བག་མ་སྐྱེལ་ཁར་བསང་མཆོད་སོགས་ཀྱི་ཆོ་ག་རྫོགས་རྗེས། མི་ཁ་ལས་དགེ་ཞིང་ཁ་དམེ་ཕོག་མ་མྱོང་བ་ཞིག་གིས་བག་མའི་རྟ་ཁ་ཁྲིད་དེ་དྲིན་ཆེན་ཕ་མ་གཉིས་གཙོ་བྱས་པའི་ཕ་ཁྱིམ་སྟེ་སྦྲ་ཁྱིམ་ལ་གཡས་སྐོར་གསུམ་བྱེད་པ་དང་། རོང་ཕྱོགས་ལ་མཚོན་ན་ཕ་ཁྱིམ་གྱི་ཁང་བའི་དཀྱིལ་ཀ་དང་། ཡང་ན་མཆོད་ཁང་གི་དཀྱིལ་ཀར་གཡས་སྐོར་ལན་གསུམ་བྱེད་པ་དང་། ཐེངས་རེ་རེ་བཞིན་དུ་དྲིན་ཆེན་མ་ལོས་བུ་མོའི་མིང་ནས་བོས་ཏེ། དཔེར་ན། "ཨེ། བདེ་ཆེན། གཡང་ཞིག་ཡོད་ན་ཨ་མར་བྱིན། སྐྱིད་ཅིག་ཡོད་ན་རང་གི་ཁྱེར"ཞེས་འབོད་པ་དང་། དེའི་ལན་དུ་བག་མས་མིག་མཆི་མ་དང་མགྲིན་པ་བརྣངས་བཞིན། "འོ་ཡ་ཡ"ཞེས་ལན་བསྐྱོན། ཁམས་ཕྱོགས་ནས་བུ་མོའི་གཡང་ལེན་དུས་བག་མའི་ཨ་མ་ནས"མི་གཡང་མི་ལ་མ་ཁྱེར་ཨ་མ་རང་ལ་ཞོག སྐྱིད་ཉི་མ་གཉིས་ཀ་ཁྱོད་ཀྱིས་ཁྱེར་ཞེས་ཟེར་རོ"⑤གཞན་ཡང་བོད་ཀྱི་སྐར་རྩིས་ལས་ཀྱང"རང་རང་ནོར་གྱིས་གཡང་དུས་ལ། །ཕར་གཏོང་ངན་ལ་ཚུར་ལེན་བཟང་། །ཕྱྭ་གཡང་ལ་སོགས་འགུགས་པ་བཟང"ཞེས་བསྟན་ཡོད་ལ། དཔེ་ཙམ་བཀོད་ན་བོད་ཟླ༡པའི་ཚེས༢༠ཉིན་ཟས་བྱིན་ན་གཡང་ཉམས་ཞེས་པ་དང་། བོད་ཟླ12པའི་ཚེས11ཉིན་བག་མ་བླངས་ན་གཡང་ཉམས། བོད་ཟླ7པའི་ཚེས25ཉིན་འབྲུ་བཙོང་ན་གཡང་ཉམས་ལ་སོགས་པ་མང་ལ། ཉིན་དེ་དག་ལ་གཡང་ཉམས་པར་དོགས་པས་ཟས་གཞན་ལ་སྟེར་བ་དང་། བག་མ་ལེན་པ། འབྲུ་བཙོང་བ་སོགས་ཀྱི་ལས་ཧ་ཅང་འཛེམ། དེ་ལས་ང་ཚོས་ཡང་བསྐྱར་ངེས་ཤེས་ཤིག་འདྲོངས་ཐུབ་པ་ནི་གཡང་ཞེས་པ་དེ་ནམ་ཡང་ཚུར་རང་གི་ཁྱིམ་དང་རང་གི་ཕྱོགས་སུ་འགུགས་ཐབས་བྱེད་པ་དང་། དེ་ཤོར་བར་ཧ་ཅང་འཛེམ་པ་དེའོ། །
  གཞན་རྟག་དང་སྟོན་མོ་དང་དུས་སྟོན་གྱི་ཕྱོགས་ནས། བོད་གངས་ཅན་ལྗོངས་འདིར་ཡང་རང་གི་ལོ་རྒྱུས་དང་རིག་གནས། འཚོ་བ་དང་ས་བབ། གནམ་གཤིས་སོགས་ལས་གྲུབ་པའི་ཐུན་མིན་གྱི་དུས་སྟོན་མང་པོ་བྱུང་ཡོད། དེ་ལས་ལོ་གསར་ནི་ལོ་འཁོར་གཅིག་ནང་གི་དུས་སྟོན་ཆེས་རྒྱས་ཤོས་དང་གཏོང་ཡུན་ཡང་ཆེས་རིང་བའི་དུས་སྟོན་དེ་རེད། བོད་ཆོལ་ཁ་གསུམ་གྱི་ཡ་གྱལ་ཨ་མདོ་ཕྱོགས་ཀྱི་བོད་རིགས་ཚོས་རྒྱ་ལོ་སྟེ་ཧོར་ཟླ་དང་པོར་ལོ་གསར་གཏོང་། དེ་ནི་ཨ་མདོའི་རོང་འབྲོག་ཀུན་ཆ་འདྲ་བ་རེད།
  ལར་བོད་མདོ་དབུས་ཁམས་གསུམ་ལས་ཨ་མདོའི་ཡུལ་འདི་གནའ་ནས་བོད་ཤར་ཕྱོགས་ཀྱི་མཐའ་མཚམས་ཡིན་པས་མི་རིགས་མང་པོ་ཞིག་དང་འདབས་འདྲེས་ནས་ཆགས་ཡོད། དེའི་ཁོངས་ལས་མཚོ་སྔོན་ས་ཆར་མཚོན་ནའང་ས་རྒྱ་ཆེ་ལ་གནའ་ནས་མི་རིགས་མང་པོ་འདུས་སྡོད་ཀྱི་ས་ཁུལ་ཞིག་ཡིན་པས། ས་དེ་གར་ཡང་མི་རིགས་ཕན་ཚུན་འབྲེལ་འདྲིས་བྱུང་བ་དང་བསྟུན། ཕན་ཚུན་བར་རིག་གནས་སོགས་ཀྱི་ཤན་ཞུགས་པས། མཚོ་སྔོན་ཕྱོགས་ཀྱི་བོད་རིགས་ལ་བོད་ཁུལ་གཞན་དག་དང་འདྲ་བར་རང་རྐྱ་འཕེར་བའི་ས་ཁུལ་རིག་གནས་ཁྱད་པར་བ་ཞིག་གྲུབ་ཡོད། དེ་ན་མཚོ་སྔོན་ས་ཆའི་བོད་རིགས་རང་ངོས་ནས་ཀྱང་རོང་འབྲོག་སོགས་འཚོ་བ་རོལ་སྟངས་ཀྱི་དབང་གིས་ཀྱང་ཞིང་ཕྱུགས་ཀྱི་རིག་གནས་གཉིས་གྲུབ་ཡོད་ལ། དེ་དང་གཞི་འབྲེལ་ཏེ་གོམས་སྲོལ་ཡང་མི་འདྲ་བ་མང་པོ་ཞིག་མངོན་ཡོང་། དེ་ན་འདིར་མཚོ་སྔོན་རོང་ཁུལ་གྱི་ལོ་གསར་རོལ་སྟངས་ལས་ལོ་གཡང་སྐོར་མདོ་ཙམ་བཤད་ན། ཨ་མདོ་སྤྱིའི་ལོ་གསར་གཏོང་བའི་དུས་ཚོད་ནི་ས་ཆ་ཀུན་དུས་གཅིག་ཏུ་ཁེལ་ཡོད་ལ། ལོ་གསར་གཏོང་ལུགས་ཀྱང་མི་འདྲ་ས་ཆེར་མེད་མོད། ཡིན་ནའང་ཞིབ་ཕྲ་འབྱེད་ན་དེ་ལའང་ཁྱད་པར་ཐོན་ཡོང་སྟེ། སྤྱིའི་ཆ་ནས་རོང་འབྲོག་གི་ཁྱད་པར་དང་། བྱེ་བྲག་ལྟར་ན་ས་ཁུལ་སོ་སོ། དེ་ལས་ཀྱང་ཞིབ་ཏུ་འབྱེད་ན་ལུང་བ་རེ་རེར་ཁྱད་པར་ཡོད་པས། འདིར་རོང་འབྲོག་གཉིས་སུ་ཕྱེས་པའི་རོང་ཕྱོགས་དང་། ས་ཁུལ་བྱེ་བྲག་ཏུ་ཕྱེས་པའི་མཚོ་སྔོན་གྱི་ཕྱོགས། དེ་ལས་ད་དུང་བྱེ་བྲག་ཏུ་དགར་ན་ཡུལ་དཔའ་ལུང་ས་ཆ་གཙོ་བྱས་པའི་མང་འབའ་བྱ་གསུམ (རོང་ཁུལ)དང་། གཅན་ཚ། ཞོན་ཧྭ། ཁྲི་ཀའི་ས་ཆ་ཁ་ཤས། གྲོ་ཚང་སོགས་ཡིན་ལ། ས་ཆ་འདི་དག་ལས་མངོན་པའི་ཐུན་མོང་གི་ཆ་ནི་ཡོད་ཚད་ཨ་མདོའི་རོང་ཁུལ་དུ་གཏོགས་པ་དང་། ལས་ཀ་གཙོ་བོ་ཞིང་ལས་གཉེར་བ། ས་ཆ་སོ་སོ་འདབས་འབྲེལ་དུ་ཆགས་ཡོད་པ། དེ་མིན་ཡང་རྐྱེན་མང་པོ་ཞིག་གིས་ས་ཆ་གཅིག་ནས་ཡུལ་སོ་སོར་མཆེད་པ་དང་གནས་སྤོ་བྱས་པ་ཡིན་པས་སྔར་གྱི་གོམས་སྲོལ་མང་པོ་ཞིག་ད་དུང་ཉམས་མེད་པས་གཅིག་མཐུན་དུ་གྲུབ། དེ་ན་འདིར་ས་ཁུལ་འདི་དག་གི་ལོ་གསར་གཏོང་སྲོལ་ལས་གཞི་མཐུན་དུ་མངོན་པའི་ལོ་གཡང་འབོད་སྲོལ་དེ་རགས་ཙམ་བཤད་ན།
  ལར་བོད་མི་རིགས་ལ་མཚོན་ན་བྱ་བ་ཅི་བགྱིས་ཀྱང་རྟག་དང་རྟེན་འབྲེལ་རྟགས་པར་དགའ་བ་དང་། ཡ་རབས་གུས་ལུགས་དང་ལྡན་པ་སོགས་ཀྱི་སྲོལ་བཟང་མང་པོ་ཞིག་རིག་གནས་ཀྱི་གཞི་རྐང་དུ་གྲུབ་ཡོད་པས། མི་གཤིས་དྲང་བ་དང་བག་ཡོད་ཡ་རབས་ཡིན་པ། གུས་སྲོལ་ཆེ་བ། ཚིག་རྩུབ་སོགས་སྨྲ་བར་འཛེམ་ལ། ལྷག་པར་དུ་ལོ་གསར་སོགས་བཀྲ་ཤིས་དུས་བཟང་གི་ཉིན་མོར་དེ་བས་ཀྱང་འཛེམ། ལོ་གསར་ཚེས་གཅིག་གི་ཉིན་མོར་རྒན་དར་གཞོན་གསུམ་ཀུན་གྱིས་སོ་སོ་ཕན་ཚུན་བར་ལ་ལོ་གསར་གྱི་འཚམ་འདྲི་དང་། ཁྱོད་བཀྲ་ཤིས་ཁ་བྲོ། དོན་འགྲུབ། ཚེ་རིང་སོགས་ཀྱི་ཁ་གཡང་འབོད། དེ་དང་ཆ་འདྲ་བར་མཚོ་སྔོན་རོང་ཁུལ་དུ་ལོ་གསར་གཏོང་དུས་སྡེ་བའི་ནང་ཁུལ་དང་། སྡེ་བ་གཞན་དག་ན་ཡོད་པའི་རང་གི་ཕ་ཨ་ཁུ་དང་ཤ་ཉེ་རིང་སོགས་ལ་ལོ་གསར་དུ་འགྲོ་བ་དང་། ལོ་གསར་ལ་འགྲོ་དུས་ཀྱང་རང་སྡེ་བའི་ནང་གི་ལོ་ལོན་རྒན་པ་དག་ལ་སྔ་མར་འགྲོ། རྒན་པ་དག་གིས་ཚ་ཐབ་སྟེང་དུ་སྡེར་ཁ་གྱ་ནོམ་པ་བསྒྲིགས་ཏེ། ལོ་སྐལ་སོགས་འཁྲིས་སུ་བཞག་ནས་ལོ་གསར་ལ་ཡོང་མཁན་དག་ལ་སྤྱོད་རྒྱུར་གྲ་སྒྲིག་བྱེད། གཞོན་པ་དག་ནས་རང་ལས་རྒན་པའི་ལོ་ལོན་ཚེ་ལོ་ཐར་བ་དག་ལ་ཕྱག་འབུལ་སོགས་བྱས་ཏེ། བསོད་ནམས་ཀྱི་དགེ་བ་གསོག་ལ། རྒན་པ་དག་ནས་ཀྱང་གཞོན་པ་རྣམས་འདབ་ལག་རྒྱས་པར་བཀྲ་ཤིས་པའི་ཁ་གཡང་འབོད། དཔེ་ཙམ་བཀོད་ན། "ཡ། ད་གནམ་ལོ་གསར་པ་འདིའི་ནང་ལ་ཁྱོད་ཀྱི་ཁ་བསོད་རླུང་རྟ་དར། ཁྱོད་ཚེ་རིང་། ལོ་རྒྱ་ཐུབ། ཁྱོད་ཕ་མའི་ཁ་གསོ་ཉན་ན། འགྲོ་རྟ་ཐོག་དང་། འདུག་གདན་ཐོག"ལ་སོགས་པའི་བཀྲ་ཤིས་པའི་ཁ་གཡང་དང་མཉམ་དུ་ལོ་གཡང་སྟེར། གཞོན་པ་དག་ནས་ལོ་གཡང་བླངས་ཏེ་རང་གི་རུམ་ལ་འཇུག ལོ་གཡང་འབོད་པའི་རྒན་པ་དག་ཕལ་ཆེར་དགུང་ལོ་དྲུག་བཅུ་བརྒལ་བ་དག་ཡིན་ལ། ལོ་ལྔ་བཅུ་དང་ལྔ་བཅུ་ནང་གི་རྒད་པོར་ཕྱག་འབུལ་ཞུ་བ་ཉུང་། རང་གི་ནང་ནས་བུ་ཕྲུག་དག་གིས་ཕ་མ་ལོ་ལྔ་བཅུ་ལོན་པ་དག་ལ་ཕྱག་འབུལ་ཞུ། ལོ་གཡང་སྟེར་སྐབས་ཁ་གཡང་དེའང་ལོ་ལོན་སྐྱེས་པ་དག་གིས་མ་གཏོགས་འབོད་སྲོལ་མེད། གཞོན་པ་ཚོས་ཕྱག་འཚལ་དུས་རྒན་པ་དག་ནས་ཕྱག་འབུལ་བྱེད་པར་འགོག་སྟེ། གོས་གཟབ་མཆོར་སྤྲས་ཏེ་ཕྱག་འཚལ་ན་གོས་ཡག་པ་རྫོབ་པོར་ཆགས་འགྲོ་ཞེས་ཕྱག་འབུལ་བྱས་ན་མི་ལེགས་ཚུལ་སོགས་ཁེངས་སྐྱུང་གི་ཚུལ་གྱིས་སྨྲ་ལ། དངོས་ནས་འགོག་ཐབས་མ་བྱུང་ཚེ་གཞོན་པ་ཚོས་ཕྱག་འབུལ་བྱེད་དུས་རྒན་པ་དག་ནས་བཀྲ་ཤིས་སྨོན་འདུན་བཟང་པོའི་ཁ་གཡང་འབོད།
  ལོ་གསར་གཏོང་དུས་ལོ་ལོན་ལ་ཕྱག་འབུལ་བྱེད་པ་ནི་མཚོ་སྔོན་རོང་ཁུལ་གྱི་བོད་རིགས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་གོམས་སྲོལ་ལེགས་པོ་ཞིག་ཏུ་མཐོང་སྟེ། སྤྱིར་གུས་ཞབས་ཞེས་པ་ནི་སྐྱེ་བོ་དྲག་ཞན་མཐོ་དམན་སུ་ཡིན་རུང་ཕན་ཚུན་འབྲེལ་བ་བྱེད་སྐབས་ཀྱི་རྣམ་འགྱུར་དང་། སྐད་ཆ་བཤད་སྟངས། ཚུར་བསུ་ཕར་སྐྱེལ་སོགས་ཀྱི་སྤྱོད་བཟང་ལ་ཟེར་ཞིང་། འགྲོ་བ་མིའི་རིགས་ཀྱི་མི་གཤིས་འཇལ་བའི་དྲང་བདེན་གྱི་ཐིག་ཤིང་ཞིག་ཡིན། ལོ་རྒྱུས་ཀྱི་འཁོར་ལོ་ཇི་ལྟར་སྔོན་དུ་བགྲོད་ནའང་མིའི་རིགས་ལ་ལྡན་དགོས་པའི་ཡ་རབས་གུས་ཞབས་ཀྱི་སྙིང་བོ་ལ་གཏན་དུ་འགྱུར་བ་ཡོད་མི་རུང་། གལ་ཏེ་སྐྱེ་བོ་གང་ཞིག་ལ་རྒྱུ་དབང་ཐང་དང་། བློ་རིག་པ། གདོང་བྱད་བཞིན་སོགས་ཀྱི་དགེ་མཚན་ཅི་འདྲ་བལྟས་ནའང་། དེ་ལ་ཡ་རབས་གུས་ཞབས་ཀྱི་རྩ་བའི་ཁྱད་ཆོས་དང་བྲལ་ཏེ་ལུས་ངག་ཡིད་གསུམ་དག་ནག་ནོག་གི་དྲི་མས་བསླད་ན། ཁོ་ལ་མངའ་བའི་བྱེ་བྲག་གི་ཁྱད་ཆོས་དག་ནི་སྙིང་བོ་བྲལ་བས། འཇིག་རྟེན་པས་དགའ་བསུ་དང་གོང་བཀུར་གཏན་ནས་འཐོབ་མི་སྲིད་པ་རེད།
  དེ་བས་བོད་མི་རིགས་ལ་མཚོན་ན་ཕྱི་ནང་གི་རྣམ་པ་གང་གི་སྟེང་ནས་ཀྱང་ཡ་རབས་གུས་ཞབས་ཀྱི་ཆ་ཅུང་ཟད་འཐུས་ཚང་ཞིག་ཡོད་པ་རེད། ལར་ལོ་གཡང་སྟེར་བའི་སྲོལ་འདི་ཡུལ་གྱི་ཆ་ནས་མཚོ་སྔོན་རོང་ཁུལ་གཅིག་པུ་དང་། དགའ་སྟོན་གྱི་ཆ་ནས་ལོ་གསར་གཅིག་པུར་ཡང་མཐའ་གཅིག་ཏུ་མ་ངེས་ཏེ། ཅིའི་ཕྱིར་ཞེ་ན། བོད་པ་ཞིག་ཡིན་ཕྱིན་མི་ཚེ་གཅིག་ནང་སྟོན་མོ་བཞི་ཡོད་དེ། དང་པོ་བཙས་སྟོན། བར་དུ་མནོལ་སྟོན། དེ་ནས་གཉེན་སྟོན། ཐ་མར་གྱ་སྟོན་སོགས་དེ་རེད། དེ་ལས་གྱ་སྟོན་ནི་མི་ཚེ་གཅིག་ནང་གི་ཆེས་མཇུག་མཐའི་སྟོན་མོ་ཡིན་པས། བོད་མི་དག་གིས་དེ་ཧ་ཅང་གཙིགས་ཆེར་འཛིན་ལ། རང་རང་ཁྱིམ་ཚང་སོ་སོའི་ཆ་རྐྱེན་ལྟར་སྟོན་མོ་གཟབ་རྒྱས་བྱེད། གྱ་སྟོན་བྱེད་དུས་རོང་འབྲོག་ཀུན་ཆ་འདྲ་བར་སྟོན་མོར་ཡོང་བ་དག་གིས་ལོ་ལོན་དེར་ཕྱག་འཚལ། ལོ་ལོན་དག་གིས་ཀྱང་བཀྲ་ཤིས་རྟེན་འབྲེལ་བཟང་པོའི་ཁ་གཡང་འབོད་ཀྱིན་དཀར་ཡོལ་ནང་དུ་གྲོ་ནས་འབྲས་གསུམ་དང་། གྲོ་མ་ཀར་སིལ་སོགས་ལོ་གཡང་བླུགས་ནས་སྟེར་བར་བྱེད། མི་འདྲ་ས་ནི་འབྲོག་ཕྱོགས་ལྟར་ན་ལོ་གསར་སྐབས་སུ་གྱ་སྟོན་བྱེད་པའི་རྒན་པོ་མ་གཏོགས་རོང་ཕྱོགས་ལྟར་རང་གི་ཕ་མ་སོགས་གཙོ་བྱས་པའི་རྒན་གྲས་གཞན་དག་ལ་ཕྱག་འཚལ་བའི་སྲོལ་མེད་པ་དེའོ། །
  སྤྱིར་གཡང་ཞེས་པ་ནི་ཀུན་གྱིས་ཚུར་འགུགས་ཐབས་ལ་བརྩོན་པ་ཞིག་ཡིན་མོད། མཚོ་སྔོན་རོང་ཁུལ་གྱི་ལོ་གསར་དང་། བརྒྱད་ཅུ་གྱ་སྟོན་སོགས་ཀྱི་སྐབས་སུ། རྒན་པོ་དག་ནས་ལོ་གཡང་སྟེར་བ་དེར་ཇི་ལྟར་འགྲེལ་ཟེར་ན། རང་ཉིད་ཀྱི་བསམ་ཚུལ་ཞིག་ལ་དེ་ནི་བོད་མིའི་རིན་ཐང་ལྟ་བའི་ཤན་ཤུགས་རེད་འདོད། གང་ཡིན་ཞེ་ན། བོད་ཀྱི་དམངས་ཁྲོད་དུ་འཇིག་རྟེན་ཆོས་ཉིད་སྐོར་གྱི་གཏམ་དཔེ་ཡང་མི་ཉུང་བ་ཞིག་ཡོད་དེ། དཔེར་ན། འཇིག་རྟེན་འཁོར་བར་མཐའ་མེད། འགྲོ་དྲུག་སེམས་ཅན་ལ་སྐྱིད་མེད་ཅེས་པ་དང་། ནམ་འཆི་མི་ཤེས་སྐྱིད་ཅིག འཆི་བའི་ཉིན་མ་སྡུག་ཅིག སྐྱིད་ན་ནམ་མཁའི་བྱ་ཡང་འཁོར། སྡུག་ན་རང་གི་བུ་ཡང་བྲོས། སྐྱིད་ཀྱི་རེ་བྱས་ཀྱང་། སྡུག་གི་འཕྲང་ལས་མི་ཐར། ཚེ་འདི་ལས་ཕྱི་མའི་ཕུགས་ཐག་རིང་སོགས་འཇིག་རྟེན་གྱི་ཆོས་ཐམས་ཅད་མི་རྟག་འགྱུར་བའི་ངོ་བོ་ཡིན་པས་སྙིང་བོ་ཆེར་མེད་པའི་གནས་ལུགས་ཟབ་མོ་བསྟན་ཡོད། ཚེ་ལོ་མཐར་ཕྱིན་པའི་བོད་ཀྱི་བརྒྱད་ཅུ་རྒད་པོ་དག་ལ་མཚོན་ན་འཇིག་རྟེན་འཁོར་བའི་སྐྱིད་སྡུག་ཀུན་མྱངས་ཡོད་པས། དགུང་ལོ་བརྒྱད་ཅུར་སོན་ཏེ་ད་དུང་འཇིག་རྟེན་གྱི་རྒྱུ་ནོམ་པའི་ལོངས་སྤྱོད་དང་། ཁ་རྗེ་དབང་ཐང་ལ་སོགས་པར་ཞེན་ཆགས་དང་བློས་མི་ཐོངས་མཁན་སོགས་ཤིན་ཏུ་ཉུང་ལ། དེ་ལས་ལྡོག་སྟེ་ཀུན་གྱིས་ཚེ་ཕྱི་མའི་ཕུགས་ཐག་རིང་བའི་ཕྱིར་ཁ་བཏོན་དགེ་སྦྱོར་ལ་སོགས་པའི་རྣམ་དཀར་གྱི་ལས་ལ་བརྩོན་གྱིན་ཡོད། གྱ་སྟོན་གྱི་སྐབས་སུ་ལོ་གཡང་སོགས་སྟེར་བ་དང་བཀྲ་ཤིས་པའི་ཁ་གཡང་འབོད་པ་དེ་ཡང་འདི་ལས་མ་འདས་པས། འདི་ནི་རང་ཅག་གངས་ཅན་པ་དག་གི་ཐུན་མིན་གྱི་ཡུལ་སྲོལ་གོམས་གཤིས་ཞིག་ཏུ་བརྩི་ཆོག
  གཞན་དུས་སྟོན་གྱི་ཕྱོགས་ནས་ད་དུང་བོད་མདོ་ཁམས་འབའ་ཐང་ཕྱོགས་སུ་ལོ་རེའི་ཟླ་བ་དགུ་བའི་ཟླ་སྟོད་ལ་གཡང་ལོ་ཞེས་པའི་དུས་སྟོན་ཆེན་པོ་ཞིག་གཏོང་སྲོལ་ཡོད། ཟླ་དགུ་པའི་ཟླ་སྟོད་ལ་ཁྱིམ་ཚང་ཀུན་གྱིས་གཡུལ་བཅག་ཚར་ཡོད་ལ། ལོ་ཏོག་གསར་བ་བསྡུས་ཡོད་པས། ཡུལ་མི་ཀུན་གྱིས་སེམས་པ་ལོ་ལེགས་ལོན་པའི་དགའ་སྤྲོས་བརྟས་ཏེ། ལུས་ལ་དུས་སྟོན་གྱི་གཟབ་མཆོར་སྤྲས་ཏེ། བཟའ་བཅའ་རོ་བཅུད་ལྡན་པ་དག་ཁྱེར་ནས་བོང་བུ་ལ་སྦྲ་གུར་དང་བུད་ཤིང་སོགས་བཀལ་ནས། མཁར་ནུབ་ཀྱི་འབའ་ཆུ་གཙང་པོའི་འགྲམ་དུ་ཐབ་རྡོ་བརྩིགས་ཏེ། འབའ་གཞས་དང་སྒོར་བྲོ། བོད་ཀྱི་ཟློས་གར་སོགས་འཁྲབ་སྟེ་ཞོགས་པ་ནས་ས་རུབ་རག་བར་དུ་གླུ་གར་དང་ཇ་ཆང་སོགས་ཀྱི་དགའ་སྟོན་ལ་རོལ།དེ་ལས་ཀྱང་ཐུན་མོང་མ་ཡིན་པ་ཞིག་ནི་དྲོས་ཇའི་དུས་སུ་རླངས་ཚགས་ལ་མོག་མོག་སྒོར་སྒོར་ཆེན་པོ་ཞིག་བཙོས་ཏེ་ཁྱིམ་མི་གང་པོས་མཉམ་དུ་ཟ་བ་དེ་ཡིན། ཁོ་ཚོས་བཤད་སྲོལ་ལྟར་ན་དེ་ནི་མཐུན་སྒྲིལ་དང་ལོ་ལེགས་འབྱུང་བ། ཁྱིམ་ལ་གཡང་འཁྱིལ་བ་སོགས་མཚོན་པ་ཡིན་ཟེར། དུས་སྟོན་དེ་ཟླ་བ་དགུ་བའི་ཟླ་སྟོད་གནས་ཟླ་དཀྱིལ་དུ་གཏོང་བ་དང་། གཏོང་ཡུན་ཅུང་རིང་པས་དེ་ཡང་བོད་ཀྱི་དུས་ཆེན་ཞིག་ཏུ་བགྲངས་ཆོག⑥
  མདོར་ན་བོད་ཀྱི་གཡང་འགུགས་གཡང་འབོད་དང་། ལོ་གཡང་སོགས་ལ་འབྲེལ་བའི་ཆོ་ག་སྒྲུབ་ཚུལ་དང་དུས་སྟོན་རོལ་སྟངས་དེ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་དམངས་སྲོལ་ཤུལ་བཞག་རིག་གནས་ཤིག་ཡིན་ལ། དེ་ལ་གཏིང་ཟབ་པའི་རིག་གནས་ནང་སྙིང་ཡོད་པས། དེ་གཙིགས་སུ་བཟུང་སྟེ་དེ་དང་འབྲེལ་ཡོད་ཀྱི་ཆོ་ག་ཕྱག་ལེན་དང་དུས་སྟོན་སོགས་ད་དུང་བསྡུ་བསྒྲིགས་དང་དཔྱད་པ་མཛད་ན་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་སོགས་ལ་ཕན་པས་འདིར་རང་བློས་གང་དཔོག་གིས་གླེང་བ་ཙམ་མོ། །

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།