གསོ་བ་རིག་པ་འཛམ་གླིང་དངོས་མིན་རིག་གནས་ཤུལ་བཞག་མིང་ཐོའི་ནང་ཚུད་པ།

1.jpg

    སྤྱི་ལོ་༢༠༡༨ལོའི་ཟླ་༡༡ཚེས་༢༨ཉིན།  མུ་རི་ཐུ་སི་གླིང་ཕྲན་རྒྱལ་ཁབ་ཏུ་གཉེར་བའི་མཉམ་སྦྲེལ་རྒྱལ་ཚོགས་སློབ་ཚན་རིག་གསུམ་རྩ་འཛུགས་ཀྱི་མིའི་རིགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་སྐབས་བཅུ་གསུམ་པའི་ཚོགས་འདུའི་ཐོག ། བོད་ཀྱི་གསོ་བ་རིག་པ་༼ལུམས་བཅོས་༽ཉིད་དངོས་སུ་འགྲོ་བ་མིའི་རིགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་མིང་ཐོའི་ནང་བཙུད་པའི་ཁྱབ་བསྒྲགས་གནང་འདུག །

2.jpg

    བོད་ཀྱི་གསོ་བ་རིག་པ་ནི་མེས་རྒྱལ་གསོ་རིག་ལྡུམ་རའི་ནང་གི་མེ་ཏོག་ཨུ་དུམ་ཝ་ར་ཞིག་དང་འདྲ་བར་འགྲོ་བ་མིའི་རིགས་སྤྱི་དང་ཁྱད་པར་མཚོ་བོད་ས་མཐོའི་སྟེང་དུ་འཚོ་སྡོད་གནང་མཁན་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་ཐད་བླ་ན་མེད་པའི་ཕན་པ་བསྐྲུན་དང་སྐྲུན་བཞིན་མཆིས་ལ།  དེ་ལ་བརྟེན་ནས་རིག་གཞུང་འདི་ཉིད་ཀྱི་རྩ་བ་ཡང་བོད་ཀྱི་རིག་གནས་སྤྱི་དང་རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱི་འཚོ་བ་དངོས་ཀྱི་ནང་སྲ་འཐས་སུ་ཚུགས་ཡོད།

3.jpg

    བོད་ཀྱི་གསོ་བ་རིག་པ་འདི་ཉིད་དངོས་མིན་རིག་གནས་ཤུལ་བཞག་ལ་སྙན་ཞུའི་བྱ་བ་ནི་དོན་སྙིང་ཆེ་ཞིང་ཤུགས་རྐྱེན་ཟབ་པ་མ་ཟད་ནང་དོན་ཡང་ཧ་ཅང་རྒྱ་ཆེ་བ་ཞིག་ཡིན།  རང་ལྗོངས་ཀྱིས་སྤྱི་ལོ་༢༠༡༥ལོ་ནས་བཟུང་དངོས་སུ་ལས་དོན་འདི་ཉིད་གཉེར་འགོ་བརྩམས་ནས་ད་བར་དུས་ཡུན་ལོ་ངོ་གསུམ་ལྷག་འདས་ཟིན་ཅིང་། དེའི་རིང་ཏང་ཀྲུང་དབྱངས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།  དེ་བཞིན་བོད་རང་སྐྱོངས་ལྗོངས་ཏང་ཨུད་དང་མི་དམངས་སྲིད་གཞུང་སོགས་ཀྱི་ཚད་མཐོའི་མཐོང་ཆེན་དང་བླ་མེད་རྒྱབ་སྐྱོར་འོག་ཆེད་མངགས་བོད་ཀྱི་གསོ་བ་རིག་པ་མིའི་རིགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་ལ་སྙན་ཞུའི་དོན་གཉེར་ཚོགས་པ་ཆེད་དུ་བཙུགས་ཏེ་ལས་དོན་སྒྲུབ་འགོ་ཚུགས་པ་རེད།

4.jpg

    དོན་གཉེར་མི་སྣ་ཡོངས་ཀྱི་རྣམ་དཀར་ལྷག་བསམ་དང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་སྤྱི་ལོ་༢༠༡༧ལོའི་ཟླ་༣པའི་ཚེས་༣༡ཉིན་བོད་ཀྱི་གསོ་བ་རིག་པ་འདི་ཉིད་འཛམ་གླིང་འགྲོ་བ་མིའི་རིགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་མིང་ཐོར་འཇུག་པའི་སྙན་ཞུ་དངོས་སུ་མཉམ་སྦྲེལ་རྒྱལ་ཚོགས་སློབ་ཚན་རིག་གསུམ་རྩ་འཛུགས་ལ་རྩིས་འབུལ་ཞུ་ཐུབ་པ་བྱུང་ཡོད་ཅིང་། བརྒྱུད་དགོས་ངེས་ཀྱི་ལས་རིམ་ཆེ་འབྲིང་ཆུང་གསུམ་བརྒྱུད་དེ་རིང་དངོས་སུ་བྱ་བ་འདི་ཉིད་དོན་ཐོག་ལེགས་གྲུབ་བྱུང་ཡོད་པ་ནི་ངོ་མ་བཀྲ་ཤིས་པའི་གཏམ་བཟང་ཞིག་ཏུ་འཁུམས།

5.jpg

   གསོ་བ་རིག་པ་འགྲོ་བ་མིའི་རིགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་མིང་ཐོའི་ནང་ཚུད་པ་དེས་གཅིག་ནས་འབྱུང་འགྱུར་ང་ཚོས་སྔར་བས་ལྷག་པའི་སྒོ་ནས་རིག་གཞུང་འདི་ཉིད་འཛིན་སྤྱོད་སྤེལ་གསུམ་གྱིས་འཛམ་གླིང་ཡོངས་སུ་དར་སྤེལ་བྱ་བར་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད་ལ།  གཉིས་ནས་ང་ཚོས་གསོ་བ་རིག་པའི་རྒྱལ་སྤྱིའི་གནས་བབས་དང་བདག་དབང་སྲུང་སྐྱོབ་སོགས་ཀྱི་ཐད་བཅངས་པའི་འདུན་པ་དང་ཡིད་ཆེས་སྔར་ལས་སྲ་བརྟན་དུ་གྱུར་ཡོད་ཅིང་།  དེར་བརྟེན་མ་འོངས་པར་ང་ཚོ་གསོ་རིག་རྒྱུན་འཛིན་པ་ཡོངས་ཀྱིས་《དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་སྤྱི་ཆིངས་》ཀྱི་རྩ་དོན་སྲུང་སྐྱོང་དང་རང་འཁྲིའི་འོས་འགན་ལེགས་གྲུབ་ཀྱིས། སྔར་ལས་ལྷག་པའི་སྒོ་ནས་བོད་ཀྱི་གསོ་བ་རིག་པ་འདི་ཉིད་མུ་མཐུད་རྒྱུན་འཛིན་འཕེལ་རྒྱས་ཀྱིས་འགྲོ་བ་མིའི་རིགས་ཡོངས་ཀྱི་ལུས་སེམས་བདེ་ཐང་ཐད་བླ་ན་མེད་པའི་ཕན་པ་བསྐྲུན་རྒྱུར་ཡིད་ཆེས་དང་རེ་བས་ཁེངས་སོ། །
 
    བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས།སྤྱི་ལོ་༢༠༡༨ལོའི་ཟླ་༡༡ཚེས་༢༨ཉིན


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།